རྫོགས་ཆེན་དགོན།
རྫོགས་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་ལོ་རྒྱུས་མདོར་བསྡུས།
ཆོས་སྡེ་འདི་ཉིད་ཇི་ལྟར་ཕྱག་བཏབ་པ།
སྔ་འགྱུར་རྙིང་མ་པའི་མ་དགོན་ཆེན་པོ་དྲུག་གི་ཡ་གྱལ་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་ནི། བོད་རབ་བྱུང་བཅུ་གཅིག་པའི་ཁྲོ་བོ་ཞེས་པ་ཤིང་གླང་ཕྱི་ལོ་༡༦༨༤ ལོར། གྲུབ་དབང་པདྨ་རིག་འཛིན་དགུང་གྲངས་རེ་གཅིག་པར་དངོས་སུ་ཕྱག་བཏབ། གདན་ས་གང་དུ་ཆགས་པའི་གནས་ནི་མདོ་ཁམས་སྡེ་དགེའི་མངའ་ཁུལ་རུ་དམ་སྦས་ཡུལ་ལུང་པ་སྟེ། ཕྱི་ལོའི་དུས་རབས་བརྒྱད་པར་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ལས་གངས་ཅན་བོད་ཀྱི་ཡུལ་དུ་ཐུབ་བསྟན་སྣང་བའི་སྒོ་ཆེན་ཐོག་མར་འབྱེད་པའི་དུས་སུ་ཨོ་རྒྱན་སངས་རྒྱས་གཉིས་པས་གནས་འདིར་ཞབས་ཀྱིས་བཅགས་ཤིང་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་དེ་ས་གཞི་བྱིན་གྱིས་བརླབས་པས་མདོ་ཁམས་གངས་ར་ཉེར་ལྔའི་ནང་ཚན་ཡོན་ཏན་གནས་ཀྱི་གཙོ་བོ་ཡིན་པ་དང་། གངས་ཁྲོད་སྒྲུབ་མཚོ་བར་མར་ཨོ་རྒྱན་ཆེན་པོའི་སྒྲུབ་ཕུག་དང་ཉེ་འཁོར་རྣམས་སུ་ཕྱག་ཞབས་ཀྱི་རྗེས་རྡོ་ལ་བཞག་པ་དེང་དུས་ཀྱང་མཇལ་དུ་ཡོད་པ་མ་ཟད། སློབ་དཔོན་ཆེན་པོས་རུ་ཏྲ་དམ་སྲི་སྤུན་དགུ་རྫུ་འཕྲུལ་བཀའ་རྟགས་གྱིས་དམ་ལ་བཞག་པས་སྔར་གྱི་ཡིག་རྙིང་རྣམས་སུ་མདོ་ཁམས་རུ་དམ་ལུང་པ་ཞེས་མིང་དུ་གྲགས་པའི་ཚུལ་སོགས་མཆོག་གྱུར་བདེ་ཆེན་གླིང་པའི་རུ་དམ་གནས་ཀྱི་མདོ་བྱང་དང་། ལོ་རྒྱུས་གནས་ཡིག་རྙིང་དག་ཏུ་ཞིབ་པར་གསལ།
ཕྱག་འདེབས་པ་པོ་རྫོགས་ཆེན་པདྨ་རིག་འཛིན་གྱི་སྐུ་ཕྲེང་རིམ་བྱོན།
བསྟན་པའི་བདག་པོ་གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་ནི། རབ་བྱུང་བཅུ་པའི་ཤིང་གླང་ཕྱི་ལོ་༡༦༢༥ པར་ཁམས་རི་བོ་ཆེར་སྐུ་འཁྲུངས་ཤིང་སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་སྟེ་བསྟན་པའི་སྒོར་ཞུགས། སྤྲུལ་གཞི་བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་དང་། ཨོ་རྒྱན་སངས་རྒྱས་གཉིས་པ། པཎ་ཆེན་དྲི་མེད་བཤེས་གཉེན། གྲུབ་ཆེན་ས་ར་ཧ་དང་ཀུ་ཀུ་རུ་པ། ལང་གྲོ་དཀོན་མཆོག་འབྱུང་གནས་དང་གླང་ཆེན་དཔལ་གྱི་སེང་གེ། རས་ཆུང་རྡོ་རྗེ་གྲགས་པ་དང་རྗེ་བཙུན་སྟག་ལུང་ཐང་པ། ཀརྨ་པ་དུས་གསུམ་མཁྱེན་པ་དང་རྗེ་བཙུན་བློ་བཟང་གྲགས་པ་སོགས་གཅིག་དང་དུ་མའི་རྣམ་པར་རོལ་ཚུལ་རྗེ་ཉིད་ཀྱི་སྔོན་གནས་རྗེས་དྲན་གྱི་ཉམས་སྣང་དང་ཚད་མའི་ལུང་བྱང་དག་ལས་གསལ་ཞིང་རིག་འཛིན་འཇིགས་མེད་གླིང་པའི་ཞལ་སྔ་ནས་མཛད་པའི་སྐྱེ་ཕྲེང་གསོལ་འདེབས་སུའང་ཞིབ་པར་གསལ། གྲུབ་དབང་མཆོག་གཞོན་ནུའི་དུས་ནས་མཁས་གྲུབ་ཀརྨ་ཆགས་མེད་ལས་ཕྱག་ཆེན་སོགས་བཀའ་བརྒྱུད་ཕྱོགས་ཀྱི་མན་ངག་ཟབ་ཆོས་ཀྱི་རྒྱུན་བཞེས་ཤིང། གཏེར་ཆེན་བདུད་འདུལ་རྡོ་རྗེས་ཆོས་བདག་ཏུ་དབུགས་དབྱུང་གནང་བ་སོགས་བཤེས་གཉེན་མང་པོའི་ཞབས་ལ་བཏུད་དེ་ཐོས་བསམ་མཛད། ཁྱད་པར་དུས་རབས་དེའི་སྙིང་ཐིག་བསྟན་པའི་བདག་པོ་རིག་འཛིན་ཆོས་ཀྱི་རྒྱ་མཚོ་ཐུན་མིན་རིགས་བདག་ཏུ་བཀུར་བ་ལས་མན་ངག་མཁའ་འགྲོ་སྙིང་ཐིག་གཙོ་བོར་གྱུར་བའི་རྫོགས་པ་ཆེན་པོའི་དབང་ལུང་མན་ངག་ཟབ་ཁྲིད་སྙན་བརྒྱུད་བཅས་གསན། ལྷོ་བྲག་མཁར་ཆུ་དང་བསམ་ཡས་མཆིམས་ཕུ། དཔལ་གྱི་ཙཱ་རི་ཏྲ་སོགས་སྒྲུབ་གནས་རྣམས་སུ་ཉམས་བཞེས་བཅད་རྒྱ་ཡུན་རིང་མཛད་པས་རྩ་གསུམ་ལྷས་ཞལ་གཟིགས་ལུང་བསྟན་དང་རིག་པ་ཚད་ཕེབས་ཀྱི་སར་ཕྱིན་པའི་ལྟ་དགོངས་མཐོན་པོ་བརྙེས་པས་ཁམས་པ་རྫོགས་ཆེན་པ་ཞེས་མཚན་དུ་གྲགས་པ་བྱུང་། རྒྱལ་མཆོག་ལྔ་བ་ཆེན་པོས་རྫོགས་ཆེན་སྙིང་ཐིག་གི་ཟབ་ཆོས་གསན་པའི་དབུ་བླར་བཀུར་ཞིང་བསྔགས་པ་རྒྱ་ཆེར་མཛད། ལྷག་པར་གྲུབ་དབང་མཆོག་དགུང་གྲངས་དྲུག་ཅུ་བཞེས་པའི་ཚེ་རྒྱལ་མཆོག་ལྔ་པ་ཆེན་པོའི་བརྡ་ལུང་ལས། ཨོ་རྒྱན་ལུང་ཟིན་པདྨའི་མཚནཿ རྣལ་འབྱོར་དབང་ཕྱུག་ཁྱེད་ཉིད་ཀྱིསཿ མདོ་ཁམས་ཉི་མ་ཤར་ཕྱོགས་སུཿ རྒྱས་དང་རུ་དམ་ར་བ་དཀརཿ གང་རུང་གདན་ས་གནས་གྱུར་ཚེཿ བསྟན་འགྲོ་སྤྱི་ཡི་རྒུད་པ་གསོཿ མཐའ་འཁོབ་སྐྱེ་འགྲོ་ཆོས་ཀྱིས་འདུལཿ ཞེས་ལུང་བསྟན་པ་ལྟར་ཐུགས་སྲས་ཉི་ཟླ་སྐར་གསུམ་སྟེ་དཔོན་སློབ་ནམ་མཁའ་འོད་གསལ་དང་། རིག་འཛིན་ཉི་མ་གྲགས་པ། ཞེ་ཆེན་རབ་འབྱམས་པ་བཅས་དཔོན་སློབ་རྣམས་ཞབས་ཐང་གིས་ཁམས་སུ་ཕེབས་ཤིང་རུ་དམ་ལུང་དུ་ཞབས་པད་བཀོད། སྡེ་དགེ་ཆོས་རྒྱལ་ཁྲི་ཆེན་སངས་རྒྱས་བསྟན་པར་གོང་ས་ཆེན་པོའི་བཀའ་ཆབ་ཕུལ་བས་མཐུན་འགྱུར་སྦྱིན་བདག་མཛད་དེ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་ཕྱག་བཏབ་ཅིང་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་ཉམས་བཞེས་ལ་བརྩོན་པའི་འཁོར་སློབ་སྟོང་ཕྱེད་ལྷག་འཛོམས་པས་སྒྲུབ་པའི་རྒྱལ་མཚན་བཙུགས། ཆོས་རྒྱལ་ཆེན་པོའི་བཀས་བསྐུལ་བ་ལྟར་ཀཿདཔལ་སོགས་སྡེ་དགེའི་མངའ་ཁུལ་གྱི་རྙིང་དགོན་རྣམས་ལ་ཞབས་སོར་བཀོད་དེ་ལྟ་སྒོམ་དག་ཐེར་མཛད་པ་སོགས་འགྲོ་དོན་མཐའ་རུ་ཕྱིན་རྗེས། དགུང་གྲངས་༧༣ བཞེས་པ་རབ་བྱུང་བཅུ་གཉིས་པའི་མེ་གླང་ཕྱི་ལོ་༡༦༩༧ ལོར་སྐུ་ཞི་བར་གཤེགས།
སྐུ་རབས་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ས་ཡོས་ཕྱི་ལོ་༡༦༩༩ ལོར་མདོ་ཁམས་ཟླ་རྒྱུད་དུ་སྐུ་འཁྲུངས། གོང་མའི་ཐུགས་སྲས་དཔོན་སློབ་ནམ་མཁའ་འོད་གསལ་དང་རབ་འབྱམས་པ་རྣམ་གཉིས་ནས་ངོས་འཛིན་སྐུ་བདག་མཛད་ཅིང་། རྗེ་ནམ་མཁའ་འོད་གསལ་ལས་སྙིང་ཐིག་གི་ཆོས་སྐོར་དང་གཞན་ཡང་རིག་འཛིན་ཉི་མ་གྲགས་པ། སྨིན་གླིང་གཏེར་ཆེན་ཡབ་སྲས། གྲ་ཐང་ཀུན་དགའ་མཁྱེན་བརྩེ་སོགས་དབུས་གཙང་གི་ཡོངས་འཛིན་བཞི་བཅུ་ལྷག་ལས་མདོ་རྒྱུད་བཀའ་གཏེར་གྱི་དབང་ལུང་གདམས་ཁྲིད་མཐའ་ཡས་པ་གསན་པའི་རྒྱུན་ཁམས་ཕྱོགས་སུ་རྒྱ་ཆེར་སྤེལ་བ་སྟེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལན་གཉིས་དང་། རྙིང་རྒྱུད་ཚར་ལྔ། མཛོད་བདུན་ལན་གྲངས་དུ་མ་གསུངས་པས་མཚོན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་ཕྲིན་ལས་བསྐྱངས། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཤིང་རྟ་བཟང་པོ་སོགས་བསྟན་བཅོས་མཛད་། རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་ཐུབ་སྐུ་གཡུ་ཐོད་མ་སོགས་རྟེན་གསུམ་རྩ་ཆེན་དང་བཀའ་ཐམ་མཚན་ཐོབ་ཀྱིས་མངོན་པར་བསྟོད། ཀློང་ཆེན་མཛོད་བདུན་དང་ངལ་གསོ་སྐོར་གསུམ། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་བཅས་ཐེངས་དང་པོར་ཤིང་པར་དུ་འཁོད་པའི་ཡོན་རྩ་སྡེ་དགེའི་ས་སྐྱོང་ལ་བསྩལ་ནས་ཆོས་རྒྱུན་དེང་སང་གི་བར་འཕེལ་བ་སོགས་བསྟན་འགྲོའི་མཛད་པ་བསྐྱངས་ནས་མེ་གླང་ཕྱི་ལོ་༡༧༥༧ ལོར་སྐུ་གཤེགས།
སྐུ་རབས་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་རབ་བྱུང་བཅུ་གསུམ་པའི་ས་ཡོས་ཕྱི་ལོ་༡༧༥༩ ལོར་རྫ་སྨད་ཧོར་ཁོག་ཏུ་སྐུ་འཁྲུངས། གོང་མའི་ཐུགས་སྲས་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་གྱི་གསུང་ལུང་དང་སྔོན་གནས་རྗེས་དྲན་གྱི་གསུང་བྱོན་པ་བཅས་ཀྱིས་ངོས་འཛིན་སྐུ་བདག་མཛད། ཉི་སྤྲུལ་བསྟན་པའི་རྒྱལ་མཚན་དང་། རྗེ་དབོན་པད་མ། འབར་ཆུང་བཀྲ་ཤིས་རྒྱ་མཚོ་སོགས་ལས་སྙིང་ཐིག་གཙོར་གྱུར་བཀའ་གཏེར་གྱི་དབང་ལུང་མན་ངག་གསན། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དང་ཁྲི་ཆེན་ནོ་མི་ཧན་གཉིས་ནས་གོང་མ་དང་མཚུངས་པའི་ལུང་ཐམ་བསྩལ། རིག་འཛིན་འཇིགས་མེད་གླིང་པའི་ལུང་བསྟན་ལྟར་སྒྲུབ་སྡེ་གསར་དུ་བཙུགས་ནས་འཇུ་བླ་སངས་རྒྱས་འོད་ཟེར་སོགས་འཇའ་ལུས་པ་བཅུ་གསུམ་དུས་གཅིག་ལ་བྱོན། སྔ་འགྱུར་བཀའ་མའི་སྒྲུབ་ཆོག་བཅུ་གསུམ་གྱི་གར་ཐིག་དབྱངས་རོལ་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་བཙུགས་པའི་རྒྱུན་ཀཿདཔལ་སོགས་གདན་ས་མང་པོར་འཕེལ་བས་དེང་སང་གི་བར་མ་ཉམས་མཐའ་རྒྱས་སུ་བྱུང། དགུང་གྲངས་༣༤ རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ཕྱི་ལོ་༡༧༩༢ ཙམ་ལས་སྐུ་ཚེ་མ་བརྟན་ཡང། གསུང་སྐྱེས་ཀྱི་ཞལ་སློབ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང། འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་མང་པོ་བྱོན་ཞིང། སེང་ཕྲུག་པདྨ་བཀྲ་ཤིས་དང་། འཇུ་བླ་སངས་རྒྱས་འོད་ཟེར་སོགས་གདན་ས་རང་ནས་མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་བྱོན།
སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཕྱི་ལོ་༡༧༩༣ ལོར་ཁམས་འདན་ཡུལ་དུ་སྐུ་འཁྲུངས། རིག་འཛིན་འཇིགས་མེད་གླིང་པའི་བརྡ་ལུང་ལས། རྡོ་རྗེ་གསུམ་སྤྲུལ་གཉིས་ནི་དབུས་མཐའ་གབཿ འགྲོ་དོན་དུས་བབས་དག་ཆེན་ཐུགས་ཀྱི་སྤྲུལཿ སོགས་ཀྱིས་བསྟན་པ་ལྟར་ཐུགས་སྤྲུལ་དུ་ངོས་འཛིན་མངའ་གསོལ་མཛད། གོང་མའི་ཐུགས་སྲས་ནམ་མཁའ་ཚེ་དབང་མཆོག་གྲུབ་ལས་ཕ་ཆོས་མཁའ་འགྲོ་སྙིང་ཐིག་གཙོ་བོར་གྱུར་པའི་བཀའ་གཏེར་མདོ་རྒྱུད་སྤྱིའི་དབང་ལུང་ཟབ་ཁྲིད་མཐའ་ཡས་པ་དང་། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་ལས་ཀློང་ཆེན་སྙིང་ཐིག་གི་ཟབ་ཁྲིད་བཞེས་པས་སྙིང་ཐིག་གོང་འོག་བརྒྱུད་པའི་ཆུ་བོ་གཅིག་འདྲེས་ཀྱི་བཀའ་བབས། རྒྱལ་དབང་ཀློང་ཆེན་པས་ཞལ་གཟིགས་རྗེས་སུ་བཟུང་ནས་བླ་མ་ཡང་ཏིག་ཉེ་བརྒྱུད་ཁྱད་པར་བ་བསྩལ། སྐུ་ཚེ་གང་པོར་བསྐྱེད་རྫོགས་རྫོགས་ཆེན་གྱི་ལྟ་སྒོམ་ཉམས་བཞེས་ལ་གནད་དུ་བསྣུན་པས་ཆོས་ཉིད་ཟད་པའི་ས་ལ་སྒྲ་ཇི་བཞིན་པ་སྐྱོད་པ་སྙིགས་དུས་འདིར་རྗེ་འདི་ཉིད་ཁོ་ན་ཡིན་ཞེས་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེས་གསུངས། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་བཀའ་བགྲོས་ཏེ་དགོན་ལས་རྒྱང་གྲགས་གཅིག་གིས་ཆོད་པའི་སར་ཤྲཱི་སེང་ཆོས་གྲྭ་གསར་དུ་བཏབ་སྟེ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གྱི་རྒྱུན་བཙུགས་པ་ནས་སྔ་འགྱུར་རྙིང་ཕྱོགས་ལ་མཁས་པའི་ཚང་ཆེན་པོ་རྡོལ་བ་ལྟ་བུ་བྱུང་བ་སོགས་ཐུགས་བསྐྱེད་འགྲོ་དོན་མཐར་རུ་ཕྱིན་ནས་རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་ཕྱི་ལོ་༡༨༧༠ ལོར་སྐུ་ཞི་བར་གཤེགས།
སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་བོད་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་ཕྱི་ལོ་༡༨༧༢ ལོར་ཁམས་རི་བོ་ཆེར་སྐུ་འཁྲུངས། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བརྡ་ལུང་ལས། བཱི་མ་མི་ཏྲ་ཁམས་ཀྱི་ལྷོ་ཕྱོགས་སུཿ སྤྲེལ་ལོ་དྷརྨ་བཛྲའི་མིང་ཅན་འབྱུངཿ སོགས་ཀྱི་ལུང་གིས་བསྟན་དོན་ལྟར་ངོས་འཛིན་སྐུ་བདག་མཛད། གོང་མའི་ཐུགས་སྲས་མཁན་ཆེན་པདྨ་བཛྲ་དང་། ཀུན་བཟང་ཐེག་མཆོག་རྡོ་རྗེ་བཅས་ལས་རང་ལུགས་བརྒྱུད་པའི་ཕ་ཆོས་ཀྱི་རྒྱུན་བཞེས་པ་དང། འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ལས་རིན་ཆེན་གཏེར་མཛོད་ཆེན་མོ་སོགས་གསན། གཞུང་ས་དགའ་ལྡན་ཕོ་བྲང་ནས་གོང་མའི་གདན་ཐོབ་ཧོ་ཐོག་ཐུ་ཞེས་པའི་ཆོ་ལོ་བསྩལ། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་དུ་གཟིགས་པས་དུས་རབས་དེའི་མདོ་ཁམས་ཕྱོགས་ཀྱི་ས་བཀའ་རྙིང་གསུམ་གྱི་བསྟན་འཛིན་སྐྱེ་སྤྲུལ་ཕལ་མོ་ཆེ་ངོས་འཛིན་མཛད། བཤད་སྒྲུབ་ལས་གསུམ་གྱི་མཛད་པ་ཕྱོགས་མེད་དུ་བརྡལ་བའི་ཕྲིན་ལས་མངའ་ཐང་ཕྱོགས་སུ་རྒྱས་པས་མདོ་དབུས་ཁམས་གསུམ་ནས་ལྷོ་འབྲུག་སོགས་སུ་ཆོས་བརྒྱུད་དགོན་ལག་སུམ་བརྒྱར་ཉེ་བ་འཕེལ་ཞིང་སྔ་འགྱུར་བསྟན་པའི་གཙུག་རྒྱན་གཅིག་པུར་གྱུར། འཇམ་མགོན་མི་ཕམ་པས་ཕྲིན་ལས་དོན་ཡོད་ཞགས་པས་བསྟན་འགྲོའི་དགེ་མཚན་རླབས་པོ་ངང་གིས་སྡུད་པ་ཞེས་བསྔགས་པར་མཛད་པ་བཅས་ཐུགས་བསྐྱེད་མཐར་རྒྱས་ངང་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ཕྱི་ལོ་༡༩༣༥ ལོར་སྐུ་ཞི་བར་གཤེགས།
སྐུ་རབས་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ཕྱི་ལོ་༡༩༣༥ ལོར་དབུས་ཕྱོགས་སུ་སྐུ་འཁྲུངས། ཁྱད་པར་གནས་མཆོག་དཔལ་གྱི་བསམ་ཡས་ཀྱིཿ བྱང་ནས་བྱང་དུ་བསྙེགས་པའི་གྲོང་ཁྱེར་དུཿ ཞེས་སོགས་གོང་མའི་ལུང་བསྟན་རྫོགས་ཆེན་སྤྲུལ་སྐུ་དྲི་མེད་ཀྱིས་གསལ་བར་བྱས་པས་ངོས་འཛིན་སྐུ་བདག་མཛད། རྫོགས་ཆེན་ཀོང་སྤྲུལ་དང་གླིང་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ་ལས་རྗེ་གོང་མ་ལས་བརྒྱུད་པའི་བཀའ་གཏེར་དབང་ལུང་དང། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་སྒྲུབ་ཐབས་ཀུན་བཏུས་སོགས་ཀྱི་སྨིན་དབང་། ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་ལས་སྙིང་ཐིག་གོང་འོག་གི་གདམ་ཁྲིད་སོགས་གསན། གཞུང་ས་དགའ་ལྡན་ཕོ་བྲང་ནས་མ་ཧཱ་པཎྜི་ཏ་ཧོ་ཐོག་ཐུ་ཞེས་སྔར་ལས་ལྷག་པའི་མཚན་ཐོབ་ཀྱིས་མངོན་པར་བསྟོད། བསྟན་འགྲོའི་ལེགས་མཛད་འགྲོ་དོན་མཐར་མ་ཕྱིན་པར་༡༩༥༩ ལོར་དུས་འཁྲུགས་ཀྱི་རྐྱེན་གྱིས་སྐུ་གཤེགས། རྫོགས་ཆེན་སྐུ་རབས་དྲུག་པའི་ཡང་སྲིད་ངོས་འཛིན་ཁྲི་གསོལ་དང་འབྲེལ་ད་ལྟའི་ཆར་བསྟན་འགྲོ་སྤྱི་དང་བྱེ་བྲག་གྲུབ་དབང་རྫོགས་ཆེན་པའི་བསྟན་པའི་མགོན་དཔུང་དམ་པར་མཛད་ཕྲིན་སྐྱོང་བཞིན་བཞུགས་ཡོད།།
རྒྱལ་བསྟན་ཡང་དར་སྐབས་ཀྱི་བསྟན་པའི་སྲོག་ཤིང།
བསྟན་པ་ཡང་དར་གྱི་སྐབས་སུ་གྲུབ་དབང་རྫོགས་ཆེན་པའི་བསྟན་པའི་སྲོག་མཐུད་པ་ནི། སྐྱབས་རྗེ་པདྨ་སྐལ་བཟང་དང་། སྐྱབས་རྗེ་འབྲུག་པ་རིན་པོ་ཆེ། སྐྱབས་རྗེ་ཨ་སྐྱོང་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་བཅས་རྣམ་པ་གསུམ་ཡིན་ཞིང།
སྐྱབས་རྗེ་པདྨ་སྐལ་བཟང་ནི། ཕྱི་ལོ་༡༩༤༣ ལོར་ཁམས་རྫ་ཆུ་ཁར་སྐུ་འཁྲུངས། རྫོགས་ཆེན་ཀོང་སྤྲུལ་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཐུན་མོང་ནས་ངོས་འཛིན་མཛད། གྲུབ་དབང་དྲུག་པའི་སྐུ་མདུན་བླ་བྲང་དུ་སྐུ་བདག་དང་སྐྱེད་སྲིང་གནང་། མཁན་ཆེན་པདྨ་ཚེ་དབང་ལས་མདོ་ཕྱོགས་ཀྱི་ཁྲིད་དང་འཇིགས་མེད་ཡོན་ཏན་མགོན་པོ་ལས་སྔགས་རྫོགས་ཀྱི་སྨིན་ཁྲིད་བཞེས། གྲུབ་དབང་དྲུག་པ་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རྣམ་གཉིས་ལས་སྔ་འགྱུར་བཀའ་གཏེར་དང་སྒྲུབ་ཐབས་ཀུན་བཏུས་སོགས་ཀྱི་སྨིན་དབང་གསན། གྲུབ་དབང་དྲུག་པས་ཕྱི་མཐའ་གཟིགས་པའི་ལུང་གིས་བསྟན་པའི་སྲོག་འཛིན་པར་དབུགས་དབྱུང་གནང་། དུས་འཁྲུགས་ཀྱི་ཡོ་ལང་ཁྲོད་མཁས་བཙུན་བཟང་པོའི་རྣམ་ཐར་འཆང་ནས་བཤད་སྒྲུབ་ལས་གསུམ་གྱི་མཛད་པས་སྤྱི་བྱེའི་བསྟན་པའི་མེ་རོ་གསོས། གོང་མའི་གདན་ས་རུ་དམ་ཡང་དབེན་པདྨ་ཐང་སྒྲུབ་སྡེ་སླར་གསོ་རྒྱ་སྐྱེད་མཛད་ཅིང་རང་ལུགས་བརྒྱུད་པའི་ཕ་ཆོས་མཛོད་ཆེན་བདུན་དང་སྙིང་ཐིག་གོང་འོག་གི་ཟབ་ཁྲིད་སྨིན་དབང་ནས་ཁྲིད་ཡིག་ཡེ་ཤེས་བླ་མའི་རྒྱས་ཁྲིད་ལོ་ལྟར་གནང་བས་དོན་གྱི་བསྟན་པ་སྐྱོང་བཞིན་པ་སྟེ། གོང་ས་མཆོག་གི་ཞལ་སྔ་ནས། བཤད་དང་སྒྲུབ་པའི་འོད་སྣང་སྟོང་ཕྲག་གིས།། ལུང་དང་རྟོགས་པའི་རྒྱལ་བསྟན་པདྨོའི་ཚལ།། སྐལ་བཟང་གདུལ་བྱའི་དཔལ་དུ་བཞད་མཛད་པའི།། བསྟན་འཛིན་ཉིན་བྱེད་དབང་པོར་གསོལ་བ་འདེབས།། ཞེས་གསུངས་པ་ལྟར་སྔ་འགྱུར་རྒྱལ་བསྟན་གསལ་བའི་སྒྲོན་མེར་སྐུ་འཚོ་ཞིང་བཞེས་སུ་བཞིན་བཞུགས་ཡོད།
སྐྱབས་རྗེ་འབྲུག་པ་རིན་པོ་ཆེ་ཐུབ་བསྟན་ཉི་མ་ནི། ཕྱི་ལོ་༡༩༢༩ པར་རྫོགས་ཆེན་འབྲོག་རུ་ལྷ་སྡེར་སྐུ་འཁྲུངས། གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ངོས་འཛིན་མཛད། གྲུབ་དབང་དྲུག་པ་དང་ཁྲི་ཁ་གཅིག་ཏུ་མངའ་གསོལ་མཛད། རྫོགས་ཆེན་ཀོང་སྤྲུལ་དང་གླིང་སྤྲུལ་ཐུབ་བསྟན་ཕྲིན་ལས་རྒྱ་མཚོ་ལས་གྲུབ་དབང་ལྔ་པ་ནས་བརྒྱུད་པའི་སྔ་འགྱུར་བཀའ་མ་དང་། རིན་ཆེན་གཏེར་མཛོད། བཀའ་དགོངས་ཕུར་གསུམ། འཇའ་ཚོན། ཉི་གྲགས། སྙིང་ཐིག་མ་བུ་སོགས་ཀྱི་དབང་ལུང་བཅས་གྲུབ་དབང་དྲུག་པ་དང་ལྷན་དུ་གསན། མཁན་ཆེན་ལྷ་རྒྱལ་ལམ་ཨ་བུ་ལྷ་སྒང་ལས་ཡེ་ཤེས་བླ་མ་སོགས་རྫོགས་ཁྲིད་གསན་ཅིང་ཉམས་སུ་བཞེས། དུས་འགྱུར་གྱི་སྐལ་ངན་ཁྲོད་དམ་པའི་རང་མདངས་ལྷག་པར་གསལ་ཞིང་བསླབ་གསུམ་ཡོན་ཏན་གྱི་ཕུང་པོར་བཞུགས། བསྟན་དགོན་སླར་གསོའི་སྐབས་ཕྱི་ནང་གི་བགྱི་བ་སྤྱི་དང་རང་ལུགས་སྒྲུབ་ཆེན་མཐོང་བརྒྱུད་ཀྱིས་ཕྱག་བཞེས་འཁྲུལ་མེད་སོར་ཆུད་མཛད་ཅིང་། གྲུབ་དབང་ལྔ་པ་ནས་བརྒྱུད་པའི་བཀའ་གཏེར་དབང་ལུང་གི་རྒྱུན་སྤེལ་བའི་མཛད་པ་ཕྱི་མའི་མཐར་ཉམས་མེད་བསྐྱངས་ཏེ་སྐུ་འཚོ་གཞེས་སུ་བཞུགས་ཡོད།
སྐྱབས་རྗེ་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་ནི། ཕྱི་ལོ་༡༩༣༠ པར་མགོ་ལོག་ཨ་སྐྱོང་དུ་སྐུ་འཁྲུངས། སྐུ་ན་གཞོན་དུས་ངེས་པར་འབྱུང་བའི་བློས་བསྐུལ་ཏེ་རྨ་ཆེན་གངས་ཁྲོད་དུ་སྒྲུབ་ལ་བཞུགས་པས་གྲུབ་པའི་ལམ་རྟགས་རྡོ་ལ་ཞབས་རྗེས་འཇོག་པ་བྱུང།
རེ་ཞིག་ན་གྲུབ་དབང་རྫོགས་ཆེན་པའི་གདན་སར་གྲྭ་སར་ཕེབས་ཏེ་མཁན་ཆེན་པདྨ་ཚེ་དབང་ལས་མདོ་ཕྱོགས་གཞུང་ཆེན་ལ་ཐོས་བསམ་དང་། ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ་ལས་སྙིང་ཐིག་གོང་འོག་གཙོ་གྱུར་སྔགས་རྫོགས་ཀྱི་གདམས་ཁྲིད་མ་ལུས་པ་གསན། དུས་འགྱུར་སྐབས་རང་ཡུལ་མགོ་ལོག་ཨ་སྐྱོང་དུ་ཕེབས་པས་བཙོན་ཁང་དུ་ལོ་ངོ་ཉི་ཤུ་ལྷག་བཙུད་རིང་ཐུགས་དམ་ཉམས་བཞེས་བསྐྱངས། བཙོན་གྲོལ་ཐོབ་རྗེས་དབེན་རིར་བཅད་རྒྱ་དམ་མཚམས་ཁོ་ན་མཛད་དེ་ལོ་ངོ་ཉི་ཤུ་ལ་ཉེ་བ་བཞུགས་པའི་རྗེས་སྐལ་ལྡན་གདུལ་བྱ་རེ་ཟུང་གསང་བ་སྙིང་ཐིག་གི་ཆོས་ཀྱི་བདུད་རྩིའི་རྗེས་འཛིན་མཛད་པ་ནས་འཁོར་སློབ་མང་དུ་འཕེལ། སྐུ་ཚེའི་སྨད་དུ་གྲུབ་དབང་རྫོགས་ཆེན་པའི་གདན་སར་ཐེངས་མང་ཕེབས་ཏེ་ཡབ་རྗེ་གོང་མ་དག་ལས་གསན་པའི་སྙིང་ཐིག་གོང་འོག་རྒྱབ་ཆོས་བཅས་གདམ་ཁྲིད་ཡོངས་རྫོགས་མནོག་ཆོས་སུ་བསྩལ་བས་སྙིང་པོའི་བསྟན་རྒྱུན་གསོས། རྟོགས་པའི་ལྟ་དགོངས་མཐོན་པོར་སོན་པའི་ལག་རྗེས་རིག་རྩལ་དགོངས་པའི་ཀློང་བརྡོལ་ཏེ་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་དང་དབྱེར་མ་མཆིས་པའི་རྫོགས་ཁྲིད་བསྟན་བཅོས་གང་མང་མཛད་པ་ཕྱི་རབས་གདུལ་བྱའི་སྐལ་བར་བཞུགས། དགུང་གྲངས་བདུན་ཅུ་དོན་གཉིས་བཞེས་པ་ལྕགས་སྦྲུལ་ཕྱི་ལོ་༢༠༠༡ ལོར་ཞི་བར་གཤེགས།
སྒྲུབ་ཆེན་དང་དུས་མཆོད་ཀྱི་སྐོར།
དེང་གི་དུས་སུ་རྫོགས་ཆེན་གདན་སའི་སྒྲུབ་ཆེན་དུས་ཀྱི་མཆོད་པའི་སྐོར་ནི། ཧོར་ཟླ་དང་པོའི་ཚེས་གསུམ་ནས་བཅུ་གཅིག་བར་དཀོན་མཆོག་སྤྱི་འདུས་ཀྱི་བུམ་སྒྲུབ་ཆེན་མོ་རྒྱས་འཚོགས་ཚེས་བཅུའི་གར་འཆམ་སྒྲུབ་དབང་བཅས། ཟླ་དེའི་ཚེས་ཉེར་གསུམ་ནས་ཕྱི་མའི་ཚེས་གཅིག་བར་སྙིང་ཐིག་རྒྱུད་ལུགས་ཕུར་སྒྲུབ་ཆེན་མོ་ལྷ་ཚོགས་ཆོས་སྐྱོང་གླིང་གི་དཔའ་བརྟུལ་གར་འཆམ་ཉིན་ལྔ་དང་བཅས་པ། ཧོར་ཟླ་ལྔ་པའི་ཚེས་ཉེར་གསུམ་ནས་ཕྱི་མའི་ཚེས་གཉིས་བར་སྔ་འགྱུར་བཀའ་མའི་སྒྲུབ་ཁག་བཅུ་དྲུག་དཀྱིལ་འཁོར་རྡུལ་ཚོན་སྦྱིན་སྲེག་རྩ་གྲུབ་གར་གསུམ་གྱི་འཆམ་དང་སྒྲུབ་དབང་བཅས། ཧོར་ཟླ་དྲུག་པའི་ཚེས་བཞི་ཆོས་འཁོར་དུས་ཆེན་ནས་ཉིན་གསུམ་རིང་ཤྲཱི་སེང་ཆོས་གྲྭར་དཔལ་སྤྲུལ་རིན་པོ་ཆེའི་ཕྱག་བཞེས་སྤྱོད་འཇུག་མཆོད་པ། ཟླ་དེའི་ཚེས་བཅོ་ལྔ་ནས་བརྒྱད་པའི་ཚེས་གསུམ་བར་དབྱར་གནས་ལྗོངས་རྒྱུ་དང་བཅས་པ། ཧོར་ཟླ་བརྒྱད་པའི་ཚེས་བཅུ་ནས་ཉིན་གསུམ་རིང་སྒྲུབ་སྡེ་པདྨ་ཐང་དུ་སེམས་བསྐྱེད་འབུམ་ཆེན་མོ། ཚེས་བཅོ་ལྔ་ནས་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཉིན་བདུན། ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ནས་ཉིན་བདུན་རིང་སིདྡྷི་དུང་སྒྲུབ་ཆེན་མོ། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་ཀུན་མཁྱེན་འདས་མཆོད། ཟླ་དེའི་ཚེས་ཉེར་གཉིས་ནས་སུམ་ཅུའི་བར་བཀའ་བརྒྱད་ཁྲོ་བོ་རོལ་པའི་སྒྲུབ་ཆེན་གཏོར་རྒྱག་གར་འཆམ་བཅས་སོ།།
གདན་རབས་རིམ་བྱོན།
༡༽རྫོགས་ཆེན་པདྨ་རིག་འཛིན། (༡༦༢༥-༡༦༩༧) ༢༽རྫོགས་ཆེན་དཔོན་སློབ་ནམ་མཁའ་འོད་གསལ། (?-༡༧༤༠) ༣༽ རྫོགས་ཆེན་སྐུ་ཕྲེང་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན། (༡༦༩༩-༡༧༥༧) ༤༽རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ། (༡༧༠༦-༡༧༧༣) ༥༽རྫོགས་ཆེན་སྐུ་ཕྲེེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། (༡༧༥༩-༡༧༩༢) ༦༽མཁས་བཙུན་ནམ་མཁའ་ཚེ་དབང་མཆོག་གྲུབ། (༡༧༤༤-?) ༧༽རྫོགས་ཆེན་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། (༡༧༩༣-༡༨༧༠) ༨༽རྒྱལ་སྲས་གཞན་ཕན་མཐའ་ཡས། (༡༨༠༠-༡༨༥༥) ༩༽རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། (༡༨༧༢-༡༩༣༥) ༡༠༽མཁན་ཆེན་པདྨ་བཛྲ་གྱི་ཡང་སྲིད་བདེ་མཆོག་རྡོ་རྗེ། (༡༨༩༨-༡༩༤༠) ༡༡༽རྫོགས་ཆེན་སྐུ་ཕྲེང་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། (༡༩༣༥-༡༩༥༩) ༡༢༽ སྐྱབས་རྗེ་པདྨ་སྐལ་བཟང། ཕྱི་ལོ་༡༩༤༣ ལོར་འཁྲུངས་ཤིང་ད་ལྟ་སྐུ་འཚོ་གཞེས་སུ་བཞུགས་ཡོད།
གཞན་ཡང། དཔོན་སློབ་སྐུ་རབས་རིམ་བྱོན། སྐུ་ཞབས་དགེ་མང་སྐུ་ཕྲེང་རིམ་བྱོན། མཁན་ཆེན་པདྨ་བཛྲ་སྐུ་རབས་རིམ་བྱོན། རྫོགས་ཆེན་ཀོང་སྤྲུལ་སྐུ་རབས་རིམ་བྱོན། རྫོགས་ཆེན་མཁྱེན་བརྩེ་སྐུ་རབས་རིམ་བྱོན། འབྲུག་པ་སྐུ་རབས་བྱོན། གླིང་བླ་སྐུ་རབས་རིམ་བྱོན། འབྲུག་པ་སྐུ་ཆེན་སྐུ་རབས་རིམ་བྱོན། ཀུན་བཟང་སྐུ་རབས་རིམ་བྱོན། གླིང་བླ་སྐུ་ཆུང། སྲས་སྤྲུུལ་སྐུ་རབས་རིམ་བྱོན། རྟོགས་ལྡན་སྐུ་རབས་རིམ་བྱོན། དབོན་པོ་སྐུ་རབས་རིམ་བྱོན།
མཁན་རབས་རིམ་བྱོན།
༡༽མཁན་རབས་དང་པོ་སེང་ཕྲུག་པདྨ་བཀྲ་ཤིས། (རབ་བྱུང་བཅུ་གསུམ་པའི་སྨད་ཙམ་ལ་སྐུ་འཁྲུངས།) ༢༽རྒྱལ་སྲས་གཞན་ཕན་མཐའ་ཡས་(༡༨༠༠-༡༨༥༥) ༣༽ཉི་གྲགས་རིག་འཛིན་བཟང་པོ། (རབ་བྱུང་བཅུ་བཞི་པའི་སྟོད་དུ་བྱོན།) ༤༽བཞི་པ་རྒྱལ་རོང་པདྨ་ཡེ་ཤེས། ༥༽དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། (༡༨༠༨-༡༨༨༧) ༦༽འབྲུག་ཡུལ་མཁན་པོ་བསོད་ནམས་དགེ་ལེགས། (༡༨༡༧-?) ༧༽གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། ༨༽མཁན་ཆེན་པདྨ་བཛྲ། (?-༡༨༨༤) ༩༽གཏོ་རུ་མཁན་པོ་སྐལ་ལྡན་རྒྱ་མཚོ། ༡༠༽རྐང་ཚའི་མཁན་པོ་རྡོ་རྗེ་རབ་བསྟན། ༡༡༽ཕུར་ཚའི་མཁན་པོ་དཀོན་མཆོག་འོད་ཟེར། ༡༢༽འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ། (༡༨༤༦-༡༩༡༢) ༡༣༽མཁན་པོ་དགེ་ལེགས་རྣམ་རྒྱལ། ༡༤༽མཁས་བཙུན་དམ་པ་ཚེ་རིང་ནོར་བུ། ༡༥༽དཀོན་མཆོག་གྲགས་པའམ་བློ་གསལ་བསྟན་སྐྱོང། ༡༦༽ཨ་གྲོའི་མཁན་ཆེན་བསོད་ནམས་ཆོས་འཕེལ། ༡༧༽མཁན་སྤྲུལ་ཐུབ་བསྟན་རྒྱ་མཚོ། ༡༨༽རྟ་བའི་མཁན་པོ་དཀོན་མཆོག་བཟང་པོ།(༡༨༦༢-?) ༡༩༽རྒྱ་ཀོང་མཁན་པོ་གཞན་དགའ། (༡༨༧༡-༡༩༢༧) ༢༠༽མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་(༡༨༧༩-༡༩༥༥) ༢༡༽ཨ་བོའི་མཁན་ཆེན་འཇིགས་མེད་བློ་གྲོས། ༢༢༽ཨ་གྲོའི་མཁན་པོ་ཡེ་ཤེས་རྒྱ་མཚོ་(༡༨༨༨-?) ༢༣༽མཁན་པོ་ཐུབ་བསྟན་སྙན་གྲགས་(༡༨༨༣-༡༩༥༩) ༢༤༽ཉན་ཤུལ་མཁན་པོ་འགྱུར་མེད་འོད་གསལ། ༢༥༽མཁས་གྲུབ་ངག་དབང་ནོར་བུ། (༡༨༨༦-༡༩༥༨) ༢༦༽མཁན་པོ་འཆི་མེད་ཡེ་ཤེས། ༢༧༽མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། (༡༨༩༩-༡༩༥༩) ༢༨༽མཁན་ཆེན་ཚེ་དབང་རྒྱ་མཚོ། ༡༩༠༢-༡༩༥༩) ༢༩༽ཨ་གྲོའི་མཁན་པོ་འོད་ཟེར་མཐའ་ཡས། ༣༠༽ དཀོན་མཆོག་འོད་ཟེར་ནི་(༡༨༩༢-༡༩༥༨) ༣༢༽མཁན་པོ་བསྟན་འཛིན་ཆོས་བཟང། ༣༣༽མཁན་པོ་ཚེ་དབང་ཆོས་འབྱོར། (༡༩༢༨-༡༩༥༩) བོད་ས་མ་ཤོར་བའི་བར་བཅས་སོ།།
རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོ།
རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོ་ནི། ཕྱི་ལོ་༡༨༢༨ པ་རབ་བྱུང་བཅུ་བཞི་པའི་ས་བྱི་ལོར་གྲུབ་དབང་རྫོགས་ཆེན་སྐུ་རབས་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། སེང་ཕྲུག་པདྨ་བཀྲ་ཤིས། རྒྱལ་སྲས་གཞན་ཕན་མཐའ་ཡས་ཏེ་ཕྲིན་ལས་དུས་བབས་ཀྱི་སྐྱེས་ཆེན་ལྷན་རྒྱས་བཀའ་བགྲོས་ནས་ཕྱག་བཏབ་པ་སྟེ་ད་བར་ལོ་ངོ་བརྒྱ་དང་བརྒྱད་ཅུ་ལྷག་ཕྱིན། རྫོགས་ཆེན་དགོན་ལས་རྒྱང་གྲགས་གཅིག་གིས་ཆོད་པའི་སར་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ཐོག་མར་ས་གཟིགས་པའི་སྐབས་རིག་འཛིན་ཤྲཱི་སེང་ཧ་དང་གནས་དེར་མཇལ་ཞིང་ཕ་ཝང་ཞིག་ཏུ་ཐིམ་པའི་རྗེས་དེང་སང་མཇལ་དུ་ཡོད་ཅིང་ཤྲཱི་སེང་ཆོས་གྲྭ་ཞེས་པའི་ཐོག་མའི་མཚན་དེ་ནས་ཆགས། འདིའི་ཡར་སྔོན་བསྟན་པ་སྔ་དར་མཁན་སློབ་ཆོས་གསུམ་གྱི་དུས་རབས་སུ་དཔལ་གྱི་བསམ་ཡས་སུ་མདོ་སྔགས་གཞུང་ཆེན་འཆད་ཉན་བསྒྱུར་ཞུས་ཀྱིས་བཤད་པའི་བསྟན་པ་དར་རྒྱས་ཆེ་ནའང་གླང་དར་གྱི་དུས་རབས་སུ་ཆེས་ཉམས་རྒུད་དུ་ཕྱིན། སྔགས་པའི་རྒྱལ་པོ་སོ་ཟུར་གནུབས་གསུམ་གྱི་ཐུགས་བསྐྱེད་ནུས་མཐུ་ལས་སྔ་འགྱུར་ནང་རྒྱུད་སྡེ་གསུམ་གཙོ་བོར་གྱུར་པའི་སྔགས་ཕྱོགས་དང་སྒྲུབ་པའི་བསྟན་པ་མ་ཉམས་ཤིང་འཕྲལ་མར་དར་རྒྱས་སོར་ཆུད་པ་བྱུང་ན་ཡང་མདོ་ཕྱོགས་འཆད་ཉན་གྱི་བཀའ་སྲོལ་ཅུང་ཟད་ཉག་ཕྲ་བ་གྱུར། ཀུན་མཁྱེན་ཡབ་སྲས་དང་སྨིན་གླིང་ཡབ་སྲས་སོགས་མཁས་གྲུབ་སྐྱེས་ཆེན་ཟླ་མེད་པ་བྱོན་པ་དག་གི་མཁས་ཚུལ་གསུམ་གྱི་མཛད་པས་ཚང་ལ་མ་ནོར་བར་བཤད་སྒྲུབ་བསྟན་པའི་རྒྱུན་སྦས་པའི་ཟོལ་གྱིས་བསྐྱངས་པར་མཛད། དབུས་ཀྱི་རྡོར་སྨིན་དཔལ་གསུམ་དང་ཁམས་ཀྱི་རྒྱལ་བ་ཀཿཐོག་པའི་ཆོས་སྡེར་ཟུར་པའི་ལུགས་ཀྱི་གསང་རྒྱུད་བཤད་སྒྲུབ་ཀྱི་རྒྱུན་མ་ཉམས་པར་བཞུགས་པ་སྨྲོས་མ་དགོས། གྲུབ་དབང་རྫོགས་ཆེན་པའི་གདན་སར་ཤྲཱི་སེང་ཆོས་གྲྭ་ཕྱག་བཏབ་སྟེ་མདོ་ཕྱོགས་གཞུང་ཆེན་འཆད་ཉན་གྱི་སྲོལ་བཙུགས་པ་ནས་བཟུང། ཁམས་ཕྱོགས་སུ་སྔ་འགྱུར་རིང་ལུགས་འཛིན་པའི་མཁས་པའི་ཚང་ཆེན་པོ་བརྡོལ་བ་ལྟ་བུ་སྟེ། སེང་ཕྲུག་པདྨ་བཀྲ་ཤིས་ནས། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། རྫ་དཔལ་སྤྲུལ། མཁན་ཆེན་པདྨ་བཛྲ། འཇུ་མི་ཕམ། དབོན་པོ་བསྟན་དགའ། རྒྱ་ཀོང་གཞན་དགའ། མཁན་པོ་ཀུན་དཔལ། བ་ཐུར་མཁན་ཆེན་ཐུབ་དགའ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་སོགས་སློབ་དང་ཡང་སློབ་བཤད་པའི་བརྒྱུད་འཛིན་པ་ཕྱོགས་མཐར་རྒྱས་བཞིན་པ་འདི་ལྟ་བུ་དང་། གཞན་ཡང་ཁམས་ཀྱི་བཀའ་བརྒྱུད་དཔལ་སྤུངས་བཤད་གྲྭ་དང་། ས་སྐྱའི་རྫོང་སར་བཤད་གྲྭ། ཀཿཐོག་དང་དཔལ་ཡུལ་བཤད་གྲྭ་སོགས་ཀྱང་རྒྱ་ཀོང་གཞན་དགའ་དང་མཁན་ཆེན་ཀུན་བཟང་དཔལ་ལྡན་གྱི་ཐུགས་བསྐྱེད་བདག་རྐྱེན་ལས་བྱུང་བ་དང། དེའི་རྗེས་སུ་ས་བཀའ་རྙིང་གསུམ་གྱི་ཆོས་བརྒྱུད་དུ་བཤད་པའི་གྲྭ་མང་པོ་མཐའ་རྒྱས་སུ་བྱུང།
རྒྱལ་བསྟན་ཡང་དར་སྐབས་ཀྱི་ཤྲཱི་སེང་ཆོས་གྲྭ།
ཁ་བའི་ལྗོངས་སུ་རྒྱལ་བསྟན་ཡང་དར་གྱི་དུས་བཟང་འཆར་བ་ན་སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་དང། སྐྱབས་རྗེ་པདྨ་སྐལ་བཟང་ལྷན་རྒྱས་བཀའ་བགྲོས་ཏེ་ཐུགས་བསྐྱེད་ཐབས་མཁས་ཆེན་པོས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཕྱི་ལོ་༡༩༨༢ ལོར་གནས་འདིར་བཙུགས། སྐབས་དེར་འཚོ་ཞིང་བཞེས་པའི་མཁས་པའི་དབང་པོ་མཁར་ལེགས་སྤྲུལ་སྐུ་པདྨ་ཀུན་གྲོལ་དང་། ཨ་རིག་པདྨ་ཚེ་དབང། ར་སྐོར་ཐུབ་ནོར། བྲག་མགོ་དགེ་བཤེས། དཔལ་སྤུངས་དིལ་ཆུང་བློ་ཆོས། མི་ཉག་སྐུ་ནུབ་འོད་ཟེར་སོགས་ཐུགས་བརྩོན་ཆེན་པོས་གདན་དྲངས་ཤིང་ཐུན་མོང་རིག་གནས་གཙོ་གྱུར་ལྔ་ཕྲག་རིག་པར་འཆད་ཁྲིད་བྱས།
ཕྱི་ལོ་༡༩༨༨ ལོ་ནས་སྐྱབས་རྗེ་པདྨ་སྐལ་རིན་པོ་ཆེའི་ཐུགས་བསྐྱེད་རླབས་པོ་ཆེའི་བདག་རྐྱེན་ལས་ཆོས་གྲྭ་ཕྱི་ནང་རྟེན་དང་བརྟེན་པ་རྒྱ་སྐྱེད་མཛད་ཅིང་། མཁན་ཆེན་ཟླ་བའི་འོད་ཟེར་དང་། མཁན་ཆེན་པདྨ་ཚེ་དབང་། དགེ་མང་མཁན་ཆེན་དབང་སྡིས་དང་དབང་ལོ་རྣམ་གཉིས། མི་ཉག་མཁན་ཆེན་ཆོས་གྲགས་སོགས་གདན་དྲངས་ནས་མདོ་སྔགས་གཞུང་ཆེན་གཙོ་གྱུར་ཐུན་མོང་རིག་གནས་འཆད་ཁྲིད་ཀྱི་རྒྱུན་སྔར་ཡོད་སོར་ཆུད་མཛད་པས་སྔ་ཕྱིར་སྡེ་སྣོད་འཛིན་པ་སྟོང་ཕྲག་འགའ་སྐྱེད་སྲིང་བྱུང་། དེ་ལས་དེང་དུས་གདན་ས་རང་ན་བསྟན་རྒྱུན་སྐྱོང་བཞིན་པའི་མཁན་སྤྲུལ་མང་པོ་དང་། རྡོར་སྨིན་གཉིས། འཕྱོང་རྒྱས་དཔལ་རི། ཚེ་རིང་ལྗོངས། གངས་རི་ཐོད་དཀར། འབྲི་གུང་ཉི་མ་ལྕང་ར་སོགས་དབུས་ཕྱོགས་ཀྱི་སྔ་འགྱུར་གདན་ས་ཁག་ལ་མཁན་པོ་ཆེད་བཏང་གིས་འཆད་ཁྲིད་ཀྱི་རྒྱུན་དང་བཤད་གྲྭ་བཙུགས་ཤིང་ཕྱོགས་ཀྱི་དགོན་ལག་ཁག་ལ་མཁན་པོ་ཕེབས་པས་བཤད་སྒྲུབ་ཀྱི་སྡེ་གང་མང་ཉམས་པ་སོར་ཆུད་བྱུང་དང་འབྱུང་བཞིན་ཡོད།
སྒྲུབ་སྡེ་འོག་མིན་མཁའ་སྤྱོད་བདེ་ཆེན་གླིང།
གྲུབ་དབང་རྫོགས་ཆེན་པའི་སྒྲུབ་སྡེའི་སྐོར་ནི། རྫོགས་ཆེན་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོས་སྒྲུབ་སྡེ་བཅུ་གསུམ་ཙམ་བཏབ་ཅིང་། ས་ཕག་ཕྱི་ལོ་༡༧༧༩ ལར་རྫོགས་ཆེན་དགོན་ལས་རྒྱང་གྲགས་གཉིས་ཀྱི་སར་སྒྲུབ་སྡེ་འོག་མིན་མཁའ་སྤྱོད་བདེ་ཆེན་གླིང་ངམ་གསང་ཆེན་ངེས་དོན་གླིང་ཕྱག་བཏབ། གཙུག་ལག་ཁང་ཉིས་ཐོག་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་གསུང་འབྱོན་མ་དང། གཙུག་ལག་ཁང་མཐའ་སྐོར་སྤྱོད་ལམ་རྣམ་པ་བཞི་ཤོང་གི་སྒྲུབ་གྲྭའི་བཞུགས་ཤག་གིས་ཡོངས་སུ་བསྐོར་བ། རཏྣའི་ཕུར་བ་གཙོ་བོ་མཛད་པའི་ཡི་དམ་ཁག་གི་བསྙེན་སྒྲུབ་དང། རྫོགས་ཆེན་ཁྲེགས་ཆོད་ཐོད་བརྒལ་གྱི་ཉམས་བཞེས་ཐུན་བཞིའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བརྩོན་པའི་ཁར། དབྱར་གནས་དང་ཚེས་བཅུ་ཉེར་ལྔའི་ཚོགས་མཆོད། རྒྱུན་གྱི་ཆོས་ཁྲིད་རྣམས་གཙུག་ལག་ཁང་ཏུ་འཚོགས་པར་མཛད། རྫོགས་ཆེན་སྒོམ་གྲྭ་འདི་རུ་ཚེ་དང་སྒྲུབ་པ་མཉམ་ཞིང་སྐུ་འཇའ་ལུས་སུ་གཤེགས་པ་སོགས་ཉམས་ལེན་པ་དུ་མ་བྱོན།
གཙུག་ལག་ཁང་སོགས་སྐུ་གསུང་ཐུགས་རྟེན་གྱི་སྐོར།
རྫོགས་ཆེན་དགོན་པའི་དཀྱིལ་དབུས་སུ་ཐུབ་བསྟན་ཡོངས་སུ་འདུས་པའི་དགའ་བའི་ཚལ་གྱི་གན་དྷོ་ལ་དགེ་འདུན་པ་སུམ་སྟོང་ཤོང་བའི་ཁྱོན་ལྡན་ཐོག་སོ་གསུམ་ཅན། རྟེན་གཙོ་དུས་གསུམ་སངས་རྒྱས་ཐོག་སོ་གཉིས་ཅན་འཁོར་ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག ཡང་ཐོག་ཏུ་སྟོན་པ་ལོངས་སྐུར་ཞལ་བསྒྱུར་བ་ཇོ་བོ་མཐོང་གྲོལ་ཆེན་མོ་སྐུ་རྒྱུ་ཛྙཻཀྵིམ་ལས་གྲུབ་པ་སོགས་བཞུགས། དེའི་གཡས་གཡོན་དུ་རྒྱུད་གསར་རྙིང་གི་ལྷ་ཁང། སྡོམ་རྒྱུན་ལྷ་ཁང། བཀའ་བརྒྱུད་ལྷ་ཁང། ས་སྐྱའི་ལྷ་ཁང། དགེ་ལྡན་ལྷ་ཁང། མགོན་ཁང་སོགས་རིམ་པར་བཞུགས། ལྷ་ཁང་དེ་དང་ཉེ་བའི་སར་ཐོག་བརྩེགས་གསུམ་ལྡན་གྱི་རྒྱ་ཁྱོན་གོང་དང་མཚུངས་པ། རྟེན་གཙོ་མཁན་སློབ་ཆོས་གསུམ་ལྷ་ཁང་དང་མཐོ་ཚད་མཉམ་པ། ལོགས་རིས་སུ་གུ་རུ་མཚན་བརྒྱད། བར་ཁང་དུ་མཁའ་འགྲོ་སྙིང་ཐིག་གི་སྐུ་བརྙན་བླ་རྒྱུད་ཀྱི་ལྡེབས་རིས་བཅས་བཞུགས། འོག་ཁང་དུ་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་དཔེ་མཛོད་ཁང། གཙུག་ཁང་དེ་གཉིས་ཀྱིས་དབུས་སུ་ཕོ་བྲང་ཁམས་གསུམ་ཟིལ་གནོན་ཐོག་བརྩེགས་གསུམ་པ་ཕྱི་ཕོ་བྲང་དང་ནང་ལྷ་ཁང་དུ་གྲུབ་པ་ཐོག་སོ་དང་པོ་རྩ་གསུམ་དང་རྡོར་སེམས་ཚེ་སྒྲུབ་བཅས་ཀྱིས་ལྷ་ཁང་བཞུགས། གཞན་ཡང་ཐུབ་དབང་སྟོང་སྐུ་ལྷ་ཁང། གུ་རུ་སྟོང་སྐུ་ལྷ་ཁང། ཕྱག་རྡོར་ལྷ་ཁང། ཞི་ཁྲོའི་ལྷ་ཁང། གེ་སར་ལྷ་ཁང། ཀུན་དགའ་ར་བ་སོགས་ཀྱི་ནང་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས།
དགོན་ལག་སོགས་བསྟན་པ་མཐའ་རུ་རྒྱས་པ།
རྨེ་བ་དགོན་ཆེན། མདོ་ཆེན་དགོན་པ། སྐྱིད་ལུང་དགོན་པ། གཡུ་མཁར་དགོན་པ། རྒྱལ་འཕགས་དགོན་པ། སྒྲོལ་མ་གཡུའི་ལྷ་ཁང། བསྐོས་ལེགས་དགོན་པ། སྨོན་ལམ་དགོན་པ། ཧྲི་ལུང་དགོན་པ། ཤར་གྲོང་བཀྲ་ཤིང་ཆོས་གླིང་དགོན་པ། ཉི་འོད་དགོན་པ། ཚེས་བཅུ་དགོན་པ། ར་ཐིལ་དགོན་པ། བཞུགས་ཁྲི་དགོན་པ་སོགས་གྲུབ་དབང་རྫོགས་ཆེན་དགོན་གྱི་དགོན་ལག་ཏུ་གྱུར་པའི་དགོན་སྡེ་བོད་མདོ་དབུས་ཁམས་གསུམ་དང། རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དུ་ཡོད་པའི་རྫོགས་ཆེན་བྱེས་ཀྱི་གདན་སས་གཙོས་རྒྱ་བལ་འབྲུག་གསུམ་སོགས་སུ་དར་ཞིང་རྒྱས་པར་གནས་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུའང་དགོན་པ་འདིའི་ཆོས་བརྒྱུད་འཛིན་པ་མང་པོ་བཞུགས་ཀྱང། དགོན་ལག་ཇི་བཞིན་འཁོད་པའི་དཔེ་ཐོ་ལག་སོན་མ་བྱུང་བས་འགོད་ཐབས་མ་མཆིས། རྫོགས་ཆེན་ཆོས་འབྱུང་ཆེན་མོ་དང། འཕགས་ཡུལ་གྲུབ་དབང་རྫོགས་ཆེན་དགོན་གྱི་དྲ་རྒྱ་སོགས་ནས་སྔ་འགྱུར་རིག་འཛིན་རྩོམ་སྒྲིག་ཁང་གིས་བསྡུ་སྒྲིག་ཞུས།། སྔ་འགྱུར་རིག་འཛིན་དུས་དེབ་འདོན་ཐེངས་དྲུག་པ་ལས་དྲངས།
missing seventh dzogchen rinpoche history, please add on.
ན་མོ་གུ་རུ་བྷྱ།
རྒྱལ་ཀུན་ཕྲིན་ལས་རང་གཟུགས་རྫོགས་ཆེན་པ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོས་བསྒྱུར། །
ཐེག་པ་མཆོག་གི་རྣལ་འབྱོར་བསྟན་འགྲོའི་མགོན། །སྐུ་ཕྲེང་རིམ་བྱོན་གསེར་རིའི་ཕྲེང་བར་འདུད། །
ཁྱད་པར་རྒྱལ་བསྟན་གངས་རིའི་ལྷུན་པོའི་སྤོར། །ལུང་རིགས་སྤོབས་པའི་གད་རྒྱངས་ཆེར་སྒྲོགས་ཤིང་། །
ངོ་མཚར་མཛད་པའི་གཡུལ་རལ་འབུམ་ངོམ་པ། །བསྟན་འཛིན་འཇིགས་བྲལ་ལྷུན་པོ་གཙུག་ན་རྒྱལ། །
སྐུ་ཕྲེང་རྣམ་ཐར་ཆུ་གཏེར་ལས། །སྐྲ་རྩེའི་ཟེགས་ཙམ་ཉེར་བླངས་པ།།
ཡིད་འཕྲོག་དཔྱིད་ཀྱི་རྒྱལ་མོའི་གླུ །དད་ལྡན་རྣ་བའི་རྒྱན་དུ་གླེང་། །
ཅེས་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྣ་དྲངས་ཏེ་གང་ཞིག་གླེང་བར་བ་བ་ནི། རྒྱལ་དབང་པདྨའི་རིང་ལུགས་འཁྲུལ་མེད་དུ་འཛིན་པ་མདོ་སྔགས་བཤད་སྒྲུབ་གཉིས་ལྡན་གྱི་བསྟན་པའི་མངའ་བདག སྔ་འགྱུར་གདན་ས་དྲུག་གི་ཡ་གྱལ། མདོ་ཁམས་རྫོགས་ཆེན་པ་ཞེས་ཆོས་མིང་གང་ཟག་ལ་ཐོགས་པའི་གདན་ས་ཆེན་པོ་དེའི་བསྟན་པའི་མངའ་བདག་ནི། གང་ཟག་གང་གི་རྣ་ལམ་དུ་མཚན་ཙམ་ཐོས་པས་ཀྱང་སྲིད་པའི་དུཿཁ་ལས་གྲོལ་བར་མཛད་པའི། རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ངུར་སྨིག་གར་གྱི་རྣམ་པ་རུ་ཤར་བ། གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་ཞེས་མཚན་སྙན་གྱི་བ་དན་ནོར་འཛིན་ཡངས་པའི་ཁྱོན་ན་མཛེས་པ་དེ་ཉིད་ཡིན་ལ། གང་ཉིད་གྲངས་མེད་བསྐལ་པ་མང་པོའི་གོང་ནས་མངོན་པར་སངས་རྒྱས་སུ་ཟིན་ཡང་། སྲིད་མཚོའི་གཏིང་རིང་དུ་འཕྱན་པའི་འགྲོ་བ་རྣམས་རྗེས་སུ་འཛིན་པའི་ཕྱིར་ཏུ། འཕགས་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི་པ། དཔལ་ས་ར་ཧ་པ། པཎ་ཆེན་བི་ལ་མི་ཏྲ། བོད་དུ་རླང་ཆེན་དཔལ་གྱི་སེང་གེ ལང་གྲོ་དཀོན་མཆོག་འབྱུང་གནས། མངའ་བདག་ཁྲི་རལ་པ། གྲུབ་ཆེན་ཕག་ཚང་པ། ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ། ཀརྨ་པ་དུས་གསུམ་མཁྱེན་པ། གླིང་རས་པདྨ་རྡོ་རྗེ། སྟག་ལུང་ཐང་པ་རིན་པོ་ཆེ། ཨོ་རྒྱན་རང་བྱུང་དཔལ། རྗེ་བློ་བཟང་གྲགས་པ་སོགས་སུ་སྣ་ཚོགས་གདུལ་བྱའི་མོས་ངོར་དུས་རིམ་ཅན་ཡིན་མིན་ལ་མ་ལྟོས་པར། ངོ་མཚར་སྤྲུལ་པའི་རོལ་མོ་འབྱམས་སུ་ཀླས་མཐར། ཡང་གསང་རྫོགས་ཆེན་གྱི་བསྟན་པ་གཞིར་བཞེངས་སུ་སློང་ཆེད་བསམ་བཞིན་སྤྲུལ་པའི་སྐུར་ཤར་བསྟེ། ཨོ་རྒྱན་གཏེར་བདག་གླིང་བས། ལང་གྲོའི་སྤྲུལ་པ་པདྨ་དྲག་པོའི་མིང་། །རྣལ་འབྱོར་འཛིན་པ་མདོ་ཁམས་སྨད་དུ་འབྱུང་། ། ཞེས་དང་། རིག་འཛིན་བདུད་འདུལ་རྡོ་རྗེས། རླང་དཔལ་སྤྲུལ་བ་རི་བོའི་ཕྱོགས་ནས་འབྱུང་། །པདྨའི་མིང་ཅན་བྲང་ལ་སྨེ་བས་བརྒྱན། །ཞེས་སོགས་འཁྲུལ་མེད་ལུང་གིས་བསྔགས་པའི་གྲུབ་ཐོབ་པདྨ་རིག་འཛིན་དང་། འགྱུར་མེད་ཐེག་མཆོག་བསྟན་འཛིན། ངེས་དོན་བསྟན་འཛིན་བཟང་པོ། མི་འགྱུར་ནམ་མཁའི་རྡོ་རྗེ། ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སོགས་ཀྱི་གསང་གསུམ་ཀྱི་བཀོད་པ་གཅིག་ཏུ་བསྡུས་པའི་གྲུབ་དབང་ཡིད་བཞིན་ནོར་བུ་འཇིགས་མེད་བློ་གསལ་དབང་པོའམ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་མཆོག་གི་རིགས་རུས་དང་། ཡབ་ཡུམ་དང་། སྐུ་བལྟམས་པ་སོགས་མཛད་རྣམ་རགས་བསྡུས་སུ་གླེང་པ་ལ། བདེ་མཆོག་སྡོམ་བྱང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་དེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླམ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུང་པ་ལྟར་ཡོན་ཏན་གྱི་ངོས་ནས་རྒྱལ་བ་སྲས་བཅས་ཀྱི་ཡོན་ཏན་དང་མཉམ་ན་ཡང་། ལྗོན་ཤིང་གི་མདོ་ལས། ལེགས་པ་ཐམས་ཅད་སྟོན་པའི་ཕྱིར། །དགེ་བཤེས་གཉེན་ཕ་དང་འདྲ། །ཉེས་པ་ཐམས་ཅད་སེལ་བའི་ཕྱིར། །དགེ་བའི་བཤེས་གཉེན་མ་དང་འདྲ། །མ་རིག་མུན་པ་སེལ་བའི་ཕྱིར། །དགེ་བའི་བཤེས་གཉེན་སྒྲོན་མེ་འདྲ། །ཞེས་གསུངས་པ་ལྟར། བཀའ་དྲིན་གྱི་ངོས་ནས་བསམ་ན། དུས་གསུམ་རྒྱལ་བ་ཀུན་ལས་བཀའ་དྲིན་ལྷག་པར་གྱུར་པ་སྟེ། བདག་ཅག་སྙིགས་དུས་ཀྱི་གདུལ་བྱ་རྣམས་ལ་དགྱེས་པའི་ཞལ་བཟང་བསྟན། གསུང་གི་བདུད་རྩི་བསྩལ། ཐུགས་བརྩེས་རྗེས་སུ་བཟུང་། རྒྱལ་བསྟན་ཕྱོགས་མེད་དུ་སྤེལ་བའི་སླད་དུ་རིགས་རུས་གཙང་མའི་སྲས་སུ་འཁྲུངས་པ་སྟེ། དེ་ཡང་བོད་ཆེན་པོའི་ལྗོངས་ཀྱི་མདོ་ཁམས་ཤོད་ཆེན་བཞིའི་ཡ་གྱལ། ཧྲེ་ཧོར་ཞེས་ནོར་འཛིན་གྱི་ཐིག་ལེ། རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་རོལ་གར། ལྷ་ཆེན་ཞི་དལ་མཆེད་བརྒྱད་ཀྱི་ཕོ་བྲང་། གངས་རིའི་ར་བས་བསྐོར་བའི་ལྗོངས་སུ། ཨོ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་དང་ཞལ་མི་གཉིས་པའི་ས་སྤྱོད་ཀྱི་ཞིང་ཁམས། གནས་ཆེན་བྲག་རི་གཡུ་མཁར་གྱི་མདུན་ཞོལ་དུ། རུས་ཡབ་གཉན་ཆེན་ཐང་ལྷ་ནས་ཆད་པས་ལྷ་རྒྱུད་མི་ལ་འཕོས་པ། ལས་དབང་བསོད་ནམས་དར་ཞིང་སྡེ་བཞིའི་འབྱོར་བ་རྒྱས་པས་བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་གྱི་དཔལ་ལ་འཁུ་བ། སངས་རྒྱས་ཀྱི་བསྟན་པའི་སྲི་ཞུ་ལ་མགོན་མེད་ཟས་སྤྱིན་གཉིས་པར་གྲགས་པ། ཁྱིམ་བདག་ལཱ་དཀར་ཚང་ཞེས་གྲགས་པ་སྟེ། ཡབ་གྱི་གདུང་རིགས་སངས་རྒྱས་སྟོང་རྩར་དབང་བསྐུར་བའི་རྣལ་འབྱོར་བ་ནུས་ལྡན་རྡོ་རྗེའི་རྣམ་འཕྲུལ། རིག་འཛིན་ཁྲག་འཏུང་བདུད་འདུལ་རྡོ་རྗེ་དང་། ཝ་ཤུལ་གསེར་རྟའི་ཕྱོགས་ཀྱི་མགོན་པོ་འབྲོང་རི་སྨུག་པོའི་ཉེ་ཞོལ། ཁང་གདུང་ཚང་གི་སྲས་མོ་རིག་འཛིན་སྒྲོལ་མ་མ་ཉིས་ཀྱི་སྲས་སུ། གསེར་པ་གཏེར་ཆེན་ནུས་ལྡན་ནམ་མཁའི་རྣལ་འབྱོར་ཞེས་པ་འཁྲུངས་ཚེ། ཆུ་སྣོད་ཆབ་འོ་མར་གྱུར་པ་དང་། སིདྡྷིའི་རང་སྒྲས་རི་ཀླུང་གང་བ་སོགས་ལྟས་དང་བཅས་བྱོན་པའི་གཏེར་ཆེན་དེས་ངེས་མེད་ཀྱི་རི་ཁྲོད་འགྲིམ། སྡེ་བརྒྱད་བྲན་དུ་བཀོལ། ཧེ་རུ་ཀའི་བརྡུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་ནས་དགུང་གྲངས་ཆིག་བརྒྱ་སུམ་བཅུར་བཞུགས་པའི་གྲུབ་ཆེན་དེས། ས་ངན་ཨ་བྱམས་ཡིད་ཚང་གི་སྲས་མོ་བསོད་ནམས་དཔལ་མོ་གསང་ཡུམ་དུ་བཞེས་པའི་སྲས་སུ། གྲུབ་ཆེན་ཆོས་དབྱངས་རང་གྲོལ་གྱི་སྐུ་སྐྱེ་འགྱུར་མེད་ཚེ་དབང་རྒྱ་མཚོ་འཁྲུངས། མཁས་གྲུབ་ཆེན་པོར་གྲགས། རིན་ཆེན་གཏེར་མཛོད་ཚར་ལྔས་སྨྲིན་གྲོལ་རྒྱབ་རྟེན་དང་བཅས་སྤེལ་བ་སོགས་མཛད་པ་མཐའ་ཀླས། དེས་རྨིས་མདོ་ཚུལ་ཁྲིམས་བཟང་མོ་ཐབས་ལམ་གྱི་གྲོགས་སུ་བསྟེན་པའི་གདུང་རྒྱུད་སྲས་ཆེ་བ། མཐུ་སྟོབས་ནུས་པའི་དཔལ་མངའ་རིག་འཛིན་རྡོ་རྗེ་སྟེ། སྐུ་གཤེགས་སྐབས་གདུང་ཁྲི་གང་ལས་མ་ལྷག འབྲིང་བ་འཇམ་དབྱངས་མཁྱེན་བརྩེའི་ཟློས་གར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཞེས་བསྟན་འགྲོའི་གཙུག་རྒྱན་དུ་གྲགས། ཆུང་བ་འཆི་མེད་རྡོ་རྗེ་ཞེས་ཕྱིས་བྱོན་ཕུར་ཐོག་ཡོངས་ཀྱི་གཙོ་བོར་གྱུར་བས་འགྲོ་དོན་རྒྱ་ཆེ། ནུས་ལྡན་རྡོ་རྗེས་ནང་སོ་ཚང་གི་སྲས་མོ་བདེ་ཆེན་དབང་མོ་འདུན་ཐབས་སུ་བཞེས་པའི་སྲས་སུ། གདུང་སྲས་ཚེ་དབང་དཔལ་འབྱོར་འཁྲུང་པ་རྗེ་ཉིད་ཀྱི་བསྐྱེད་པའི་ཕ་ཡིན་ལ། ཡུམ་གྱི་གདུང་རིགས་ཀྱང་གོང་སྨོས་ལྷ་ཡི་གདུང་རྒྱུད་དུ། ཛམ་ལྷ་དམར་སེར་གཉིས་ཀྱི་སྐྱེས་རབས་དུ་དམ་པ་རྣམས་ཀྱིས་ཡང་ཡང་བསྔགས་པའི་སྐུ་ངོ་འཇམ་དབྱངས་བློ་གྲོས་དང་། དཀར་ལུ་སྐུ་མཆེད་འཁྲུངས། རྗེ་བློ་བཟང་གྲགས་པ་ཐོག་མར་དབུས་སུ་ཕེབས་སྐབས་བྲག་རི་གཡུ་མཁར་ལ་གནས་འབྲེལ་དང་ཕོ་བྲང་དུ་ཞག་མལ་བཞུགས། རྗེ་ཉིད་ཀྱི་ཕྱག་བཟོའི་མ་ཎི་འབྲུ་དྲུག་བརྒྱ་མཁར་གྱི་དབུས་སུ་བཞག་སྟེ་ཐུགས་སྨོན་གནང་། སྐུ་ཡི་ཉེར་མཁོའི་ཡོ་བྱད་ལ་ལྭ་བ་དཀར་པོ་ཞིག་ཕུལ་བས་དགྱེས་པའི་ངང་ལྭ་དཀར་ཆང་གསུངས་པས་གནས་དེར་ཡང་ལྭ་དཀར་སྒང་ཞེས་ཐོགས། དེ་ལྟར་མཆོད་ཡོན་གྱི་རྟེན་འབྲེལ་ལེགས་འགྲིགས་བྱུང་བས། རྗེ་རིན་པོ་ཆེས་ལྷ་ལྡན་སྨོན་ལམ་བཙུགས་པའི་སྦྱིན་བདག་ཀྱང་ལྭ་དཀར་ཚང་ནས་བྱས། གཞན་ཡང་ཁྱིམ་འདིར། ས་སྐྱ་གོང་མ་དང་། རྒྱལ་དབང་ཀརྨ་པ། རྫོགས་ཆེན་སྐུ་རབས་རིམ་བྱོན། ཀཿཐོག་པ། འཇམ་དབྱངས་མཁྱེན་བརྩེ། འཇུ་མི་ཕམ། སི་ཏུ་ཚང་སོགས་རིས་མེད་བསྟན་འཛིན་དུ་མས་ཞབས་ཀྱིས་བཅགས་པར་མ་ཟད། བཀའ་དགོངས་ཕུར་གསུམ་བདུད་རྩི་སྨན་གྱི་སྒྲུབ་ཆེན་སོགས་ཀྱི་དལ་ཞལ་ཕྱེས། བོད་ཆེན་པོའི་ལྗོངས་ཀྱི་དགོན་སྡེ་དང་། བསྟན་འཛིན་སྐྱེས་ཆེན་ཁག་ལ་དངོས་འབྱོར་གྱི་མཆོད་པ་གྱ་ནོབ་པས་བསྙེན་བཀུར་དང་། བསྟན་རྩ་མཆོད་རྒྱུན་བཙུག་པ་བགྲང་གིས་ལང་། མེད་ཅེས་པའི་ཚིག་གཏན་ནས་སྤངས་པའི་བསྟན་པའི་སྦྱིན་བདག་ཆེན་པོར་གྱུར། གོང་གི་འཛམ་ལྷའི་རྣམ་འཕྲུལ་སྤུན་གཉིས་ཀྱིས་ཧོར་ཞི་ཚེ་བརྒྱ་དཔོན་ཚང་གི་སྲས་མོ་རྒྱ་མཚོ་སྒྲོན་མ་ཞེས་གདོང་ཆེན་ཉ་ཉའི་འཕྲུལ་སྲས། ཕྱག་ལ་གསེར་ཉ་རང་བྱོན་ཡོད་པ་དེ་ཉིད་ཁབ་ཏུ་བཞེས་ནས། ཚང་ཁོ་དང་ཡང་ཁོ་གཉིས་འཁྲུངས། ཚང་ཁོས་འདན་ཨ་ཐུབ་སྲས་མོ་ཚེ་རིང་ལྷ་མོ་ཁབ་ཏུ་བཞེས་པའི་སྲས་ཆེ་བ་གཏེར་ཆེན་ཉི་གྲགས་ཀྱི་སྤྲུལ་སྐུ་མཐུ་སྟོབས་རྣམས་རྒྱལ་དང་། ཆུང་བ་མགོན་པོ་ཚོགས་བདག་གི་བླ་བུ་བསོད་ནམས་རྡོ་རྗེ་སྤུན་མཆེད་ཉིས་འཁྲུངས། ཁོང་གཉིས་ཀྱིས་གླིང་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་གདུང་རྒྱུད་འཆུག་མེད། གླིང་ཆོས་རྒྱལ་ཆེན་པོའི་སྲས་མོ་བདེ་ཆེན་མཚོ་ཁབ་ཏུ་བཞེས་པར། མཁའ་འགྲོའི་སྤུལ་བ་སྲས་མོ་མཆེད་གཉིས་འཁྲུངས་པའི་ཆུང་བ་ཚེ་རིང་ཆོས་སྒྲོན། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གསང་ཡུམ་དང་། ཆེ་བ་པདྨ་ཚེ་རིང་དབང་མོ་ད་ལྟའི་གྲུབ་དབང་བདུན་པ་རིན་པོ་ཆེ་སྐྱེད་པའི་ཡུམ་ཆེན་ཉིད་དོ། དེ་ལྟར་རིགས་རུས་ཁྱད་པར་ཅན་གྱི་གདུང་རྒྱུད་དུ་ཡང་སྲིད་ཉི་མ་གཞོན་ནུ་འདི་ཉིད། སྐུའི་གཅེན་པོ་བསོད་རྒྱལ་རིན་པོ་ཆེ་སོགས་སྲས་ལྕམ་སྲིང་མཆེད་བཞིའི་ཐ་ཆུང་དུ། ཨོ་རྒྱན་སངས་རྒྱས་གཉིས་པས་བྱིན་གྱིསབརླབས་པས་བཀྲ་ཤིས་གཡང་ཆགས་དངོས་གྲུབ་ཀྱི་ཆར་རྒྱུན་འབེབས་པའི་གནས། ཡུལ་ལ་དགེ་བཅུའི་གཡང་ཆགས་པ། རི་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་ཀྱི་སྐུ་དང་གསུང་རབ་རང་བྱོན་དུ་སྣང་བ། ཆུ་ཐམས་ཅད་རྡོ་རྗེའི་སྔགས་ཀྱི་རང་སྒྲ་རྒྱུན་མི་ཆད་པ་སྒྲོགས་པ། དུས་ཚེས་བཟང་པོ་རྣམས་སུ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བ། གནས་དེ་མཇལ་བ་ཙམ་གྱིས་མི་རྟོགས་པའི་བསམ་གཏན་རངབབས་སུ་འབྱུང་བ། མི་ཐམས་ཅད་ཀྱང་དད་དང་གཏོང་ཕོད་ཆེ་ཞིང་། རིགས་རུས་ལ་བརྩི་བཀུར་བྱེད་པ། ཕོ་ཐམས་ཅད་དཔའ་བོ་དང་། མོ་ཐམས་ཅད་དཔའམོའི་རིགས་སུ་ངེས་པ། མཆོག་དམན་སེར་སྐྱ་ཀུན་གྱིས་ངེས་གསང་རྫོགས་པ་ཆེན་པོའི་ཉམས་ལེན་ཐུགས་དམ་གྱི་མཐུལ་མཛད་པས་འབྲས་ལྗོངས་རྫོགས་ཆེན་པ་ཞེས་ཆོས་མིང་སྡེ་ལ་ཐོགས་པ། སྔོན་ལྷ་བཙུན་ནམ་མཁའ་འཇིགས་མེད་དང་། ཀརྨ་པ་རང་བྱུང་རྡོ་རྗེ། ཀཿཐོག་རིག་འཛིན་ཆེན་པོ། འབྲས་ལྗོངས་ཆོས་རྒྱལ་ཆེན་པོ་སྟེ་པདྨས་ལུང་ཟིན་གྱི་སྐྱེས་བུ་བཞིས། བྲག་དཀར་བཀྲ་ཤིས་ལྡིང་གནས་ཀྱི་གནས་སྒོ་ཕྱེས་པ་ནས་བཟུང་། རིག་འཛིན་བྱང་སེམས་ཀྱི་གདུང་རབས་རིམ་བྱོན་གྱིས་རྒྱལ་སྲིད་ཆོས་བཞིན་བསྐྱངས་བའི་གནས། ཟངས་མདོག་དཔལ་རི་གཉིས་པ་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ། སྤྱི་ལོ་༡༩༦༤ རང་བྱུང་བཅུ་དྲུག་པའི་ནང་ཚན་རབ་རྒྱལ་ཤིང་འབྲུག་མགོ་ཟླ་བའི་ཡར་ངོའི་ཚེས་བཅུ། རྒྱལ་དབང་པདྨ་ཀ་རས་གངས་ལྗོངས་གཏེར་གྱི་གཏམས་པའི་སྟ་གོན་དུ། གཞི་བདག་དབང་བསྡུས་གཏེར་གྱི་གཉེར་བྱང་གཏད་པའི་བཀྲ་ཤིས་དུས་ཚེས་ལེགས་པར་ཡ་མཚན་རྨད་དུ་བྱུང་བའི་ལྟས་དང་བཅས་མཚན་དཔེའི་པདྨོ་མངོན་པར་བཞད་པར་གྱུར་ཏོ། དེ་ཡང་རྗེ་འདི་ཉིད་ཐོག་མར་ཡུམ་གྱི་ལྷུམས་སུ་ཞུགས་སྐབས། ཡབ་ཀྱི་གཟིམ་ལམ་དུ་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཡང་ཡང་མཇལ་བ་དང། ཡུམ་གྱིས་རྫོགས་ཆེན་སྒར་ལྭ་དཀར་ཚང་གི་སྔར་གྱི་ཕོ་བྲང་གི་ཁོར་ཡུག་ཏུ་ཕེབས་པ་ལན་འགར་རྨིས། སྲུ་མོ་ཚེ་རིང་ཆོས་སྒྲོན་གྱི་གཟིམ་ལམ་དུ་ལྭ་དཀར་ཚང་གི་ཕོ་བྲང་གི་སྒོ་འགྲམ་དར་ཆེ་གྱི་རྩ་བ་ནས་གཡུ་འབྲུག་ཅིག་གྱེན་ལ་འགྲོ་བ་དང་། ནམ་མཁར་འཕགས་རྗེས་ངར་སྣ་སྐད་ཀྱིསགནམ་ས་གཡོ་བ་རྨིས་པ་དང་། གཞན་སྐུ་བལྟམས་པའི་ཚེ། ཆུ་སྣོད་དུ་ཆབ་འོ་མར་གྱུར་པ་དང་། མཆོད་ཁང་གི་ཡོན་ཆབ་འོ་མར་གྱུར་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་ལྟས་དུ་མ་བྱུང་བར་མ་ཟད། དེ་དང་དུས་མཚུངས་སུ་རུ་དག་རྫོགས་ཆེན་པའི་གདན་སར་ཡང་། གངས་ལ་སེང་གེ་འཕྱོ་བ། དགུན་གྲང་བའི་སྒང་ལ་མེ་ཏོག་བཞད་པ། དགུན་དཀྱིལ་དུ་འབྲུག་སྒྲ་གྲགས་ཅིང་གློག་འོད་འཁྱུག་པ་དང་། སྣོད་བཅུད་སྔར་དང་མི་འདྲ་བར་བཀྲག་མདངས་དངལྡན་པར་གྱུར་པ་སོགས། ངོ་མཚར་བའི་རྟགས་མཚན་མང་པོ་བྱུང་བ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་བའོ། སྐུ་འཁྲུངས་མ་ཐག་ཏུ་མགོན་པོ་བྱ་ཕོ་རོག་གིས་བསྲུང་བ་སོགས་སྲུང་མ་འགོ་བའི་རྟགས་མཚན་གསལབ་དང། སྐུ་འཁྲུངས་ནས་རིང་པོར་མ་ལོན་སྐབས་རྡོ་གྲུབསྐུ་འཕྲེང་བཞི་པ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་མཆོག་གིས་འཇིགས་མེད་བློ་གསལ་དབང་པོ་ཞེས་མཚན་གསོལ་གནང་། གཞན་སྐུ་རྩེད་ཐམས་ཅད་ཆོས་བྱེད་ཀྱི་ལད་མོ་མཛད་པ། སྐུ་ཆུང་དུས་ང་རྫོགས་ཆེན་སྤྲུལ་སྐུ་ཡིན་ཞེས་ཡང་ཡང་གསུངས་པ་ཞལ་བཀག་ཀྱང་མི་ཁོག་པ་སོགས་སུས་མཐོང་དྭངས་བ་འདྲེན་པའི་བྱིས་པ་ཁྱད་འཕགས་ཞིག་གོ། དེ་ནས་བླ་མ་རང་བྱུང་སོགསཀྱིས་རྒྱལ་དབང་ཀརྨ་པ་རྫོགས་ཆེན་རིན་པོ་ཆེའི་སྐོར་ཞུ་བ་ཕུལ་སྐབས། སྒང་ཏོག་ལ་འཁྲུངས་ཡོད་གསུངས། དེ་རྗེས་མཁན་ཆེན་ཟླ་བའི་འོད་ཟེར་དང་། ར་ཧོར་མཁན་པོ་ཐུབ་བསྟན། མི་ཉག་པ་རྒྱལ་དབང་ཉི་མ། དཔོན་སློབ་ཞབས་གྲྭ་བླ་མ་རང་བྱུང་། མཁན་ཆེན་བརྩོན་འགྲུས་སོགས་ཀྱི་བསྟན་འགྲོར་སྨན་པའི་ལྷག་བསམ་ཆེ་བསྐྱེད་བླ་ན་མེད་པས་རྫོགས་ཆེན་སྐུ་འཕྲེང་དྲུག་པའི་ཡང་སྲིད་སྐོར་ལྷ་བླ་ཡོངས་ལ་བརྟག་པ་ཞུས་སྐབས། དེང་གི་དུས་སླར་ཡང་བསྟན་འགྲོའི་དཔལ་དུ་སྤྲུལ་པའི་ཟླགཞོན་གསར་དུ་ཤར་བ་འདི་ཉིད། རྒྱལ་སྲས་མཆོག་གྲུབ་རྒྱལ་པོའི་རོལ་བ་རྡོ་གྲུབ་ཆེན་ཀུནབཟང་གཞན་ཕན་སྐུ་འཕྲེང་བཞི་པ་འཇིགས་མེད་ཐུབ་བསྟན་འཕྲིན་ལས་ཀུན་ཁྱབ་དཔའ་བཟངཔོ་མཆོག་ནས་ངོས་འཛིན་གྱི་ལུང་བྱང་ཞལ་གསལ་དང་། བརྟན་བཞུགས་གསོལ་འདེབས་ཐུབ་བསྟན་འཇིགས་མེད་བློ་གསལ་དབངཔོ་ཞེས་མཚན་ཡང་བསྐྱར་འབུལ་གནང་མཛད། དགུངལོདྲུགནསརྡོ་གྲུབ་རིན་པོ་ཆེའི་བཀའབཞིན་ར་ཧོརམཁན་ཐུབ་བསྟན་ལས་ཡི་གེ་འབྲི་ཀློག ཆོ་ག་ཕྱག་ལེན་སོགས་སྦྱངས་བས་ཚེགས་མེད་དུ་མཁྱེན། མཁའ་སྤྱོད་དཔལ་གྱི་ལྗོངས་འདིའི་ས་ཆེན་པོ་ལ་དབང་བསྒྱུར་བ། འབྲས་ལྗོངས་ཆོས་རྒྱལ་དང་པོ་ཕུན་ཚོགས་རྣམ་པར་རྒྱལ་བའི་སྡེ་ནས་བཟུང་། ཆོས་ཀྱི་རྒྱལ་པོའི་གདུང་རབས་དྲི་མ་མེད་པ་བཅུ་གཅིག་པ་མི་ཡི་དབང་པོ༸ཆོས་རྒྱལ་དཔལ་ལྡན་དོན་ཀུན་གྲུབ་པ་མཆོག་གི་བར་རྒྱལ་རབས་ནོར་བུའི་ཕྲེང་བ་ལྟ་བུས་བསྟན་འགྲོ་ལེགས་པར་བསྐྱངས་དང་སྐྱོང་བཞིན་པ་མ་བསྒྲིག་པའི་རྟེན་འབྲེལ་རང་འགྲིགས་སུ་གྱུར་ཏེ། ཕུན་སུམ་ཚོགས་པའི་གནས་སུ་མཆོག་གི་སྤྲུལ་པའི་སྐུ་དགུང་གྲངས་དགུ་བཞེས་པ་རང་བྱུང་བཅུ་དྲུག་པའི་ནང་ཚན་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ། སྤྱི་ལོ ༡༩༧༢ པའི་འབྲས་ལྡན་དུས་ཀྱི་ཟླ་བ་༡༠ ཡར་ཚེས་༨ ཉིན་གྱི་བཀྲ་ཤིས་པའི་སྔ་དྲོའི་ཆར་འབྲས་ལྗོངས་ཆོས་རྒྱལ་རིམ་བྱོན་གྱི་ཕོ་བྲང་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་དུ། མཆོག་གི་རྡོ་རྗེ་སློབ་དཔོན་གྲུབ་དབང་རྡོ་གྲུབ་ཆེན་རིན་པོ་ཆེ་དབུ་བཞུགས་ཀྱི་རྒྱ་བོད་འབྲུག་འབྲས་དུ་འཁོད་པའི་ས་དགེ་བཀའ་རྙིང་གི་འབྲེལ་ཡོད་བླ་སྤྲུལ་མཁན་གྲྭ་ཡོངས་སུ་རྫོགས་པས་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དཀྱིལ་འཁོར་དཔེའི་དཀྱིལ་འཁོར་བཅོམ་ལྡན་འདས་འཆི་མེད་མགོན་པོ་པདྨ་འོད་འབར་གྱི་ངོ་བོར་སྒྲུབས་ཤིང་བྱིན་གྱིས་བརླབསཏེ་གསེར་ཁྲིར་མངའ་གསོལ། དེའི་སྐབས་སུ་བདུད་འཇོམས་རིན་པོ་ཆེས་དབུ་ཞྭ་པདྨ་མཐོང་གྲོལ་བསྐུར་གནང་གིས་གསང་ཆེན་བསྟན་པ་རྒྱ་མཚོའི་མངའ་བདག་དུ་དོན་གྱིས་དབང་བསྐུར་མཛད། འབྲས་ལྗོངས་བཤད་གྲྭར་ཞུགས་ནས་མཁན་བརྩོན་འགྲུས་སོགས་ཀྱི་མདུན། སྤྱོད་འཇུག མངོན་པ་སོགས་ལ་གསན་བསམ་བཞེས། རྡོ་གྲུབ་རིན་པོ་ཆེའི་མདུན་ནས་སྔ་འགྱུར་བཀའ་མའི་ཆོས་སྐོར་པོད་ཆེན་ཉེར་ལྔའི་དབང་ལུང་དང་། སྙིང་ཐིག་རྩ་གསུམ་དང་། ཡ་བཞི་སོགས་གསན་བསམ་གནང་། མཁྱེན་བརྩེ་རིན་པོ་ཆེའི་མདུན་རིན་ཆེན་གཏེར་མཛོད་ཆེན་མོ། འབྲུག་གི་ས་གནས་བསམ་འགྲུབ་རྩེར་ས་ཡུམ་ཆོས་ཀྱི་སྒྲོན་མའི་བདག་རྐྱེན་ལ་བརྟེན་ནས། པདྨའིེ་རྒྱལ་ཚབ་བདུད་འཇོམས་རིན་པོ་ཆེའི་མདུན་པད་གླིང་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་སོགས་ཟབ་ཆོས་མང་པོ་ཞུས། གཞན་གཞུང་ཆེན་རྩ་བ་སྐོར་ཡོངས་རྫོགས་ཐུགས་འཛིན་གནང་། དེ་ནས་ཡབ་ཡུམ་སྐུ་འཁོར་གནས་ཆེན་ཁག་ལ་མཆོད་མཇལ་དུ་ཕེབས་སྐབས། བསྟན་པ་རིས་མེད་ཀྱི་བདག་པོ་ལྷར་བཅས་འགྲོ་བའི་གཙུག་རྒྱན་༸གོང་ས་རྒྱལ་དབང་བཅུ་བཞི་པ་ཆེན་པོས་དགྱེས་བརྩེ་ཚད་མེད་པའི་ངང་། དབུ་ལ་ཕྱག་གིས་བྱིལ་བྱིལ་མཛད་ནས་རྡོ་གྲུབ་ཆེན་གྱི་གསུང་ལ་འཁྲུལ་བ་མི་འདུག རྫོགས་ཆེན་པདྨ་རིག་འཛིན་དྲུག་པ་དངོས་དང་འདྲ་བོ་འདུག ངས་མཐོང་བ་དང་པདྨ་རིག་འཛིན་དྲུག་པ་དངོས་ཡིན་སྣང་ཤར་གྱི་འདུག་ཅེས་ལུང་གིས་བསྔགས། གཙུད་ཕུད་བཞེས་པའི་མཚན་དུ་བསྟན་འཛིན་འཇིགས་བྲལ་ལྷུན་པོ་གསོལ། ཞབས་བསྟན་གསོལ་འདེབས་ཀྱང་ལྗགས་རྩོམ་གནང་ནས་སྔ་འགྱུར་བསྟན་པའི་བདག་པོར་གཟེངས་བསྟོད། འཕགས་ཡུལ་བཞུགས་སྒར་རྡ་རམ་ས་ལར་བཞུགས་ནས་རིག་པའི་གཞུང་ལུགས་ལ་སྦྱོང་དགོས་ཚུལ་གྱི་བཀའ་ཕེབས་པ་ལྟར་དགུང་ལོ་བཅུ་གསུམ་ནས་རྡ་རམ་ས་ལར་༸་གོང་ས་ལྷ་མིའི་རྣམས་འདྲེན་མཆོག་གི་བདག་རྐྱེན་འོག་རིགས་ལམ་སློབ་གཉེར་ཁང་དུ་བཞུགས་ཏེ་དགེ་བཤེས་དམ་པ་བློ་བཟང་རྒྱ་མཚོ་སོགས་རྒན་མང་པོ་བརྟེན་ནས་རིག་ལམ་ཆེ་འབྲིང་ཆུང་གསུམ། དབུ་མ། ཕར་ཕྱིན། རྣམ་འགྲེལ། མངོན་པ་སོགས་ལ་གསན་བསམ་རྒྱ་ཆེར་གནང་། སུམ་རྟགས། དག་ཡིག སྙན་ངག་གཞན་སྐད་ཡིག་སྣ་ཚོགས་ལ་གསན་བསམ་བགྱིད་སྐབས་མཁྱེན་དཔྱོད་དང་ཐུགས་བརྩོན་གཞན་ལས་ཁྱད་དུ་འཕགས་ཤིང་། མཐའ་ཡས་ཤེས་བྱའི་ཆོས་ཀུན་གང་གི་སྐྱེས་ཐོབཀྱི་མཁྱེན་རབ་རྨད་དུ་བྱུང་བས་རྒྱ་མཚོ་ཆེན་པོར་ཆུ་ཀླུང་འདུ་བ་བཞིན་ཁོང་དུ་ཆུད་པར་མཛད། ༸གོང་ས་མཆོག་གིས་རྗེ་འདི་ཉིད་ཀྱི་ཆེད་རྨེ་བ་མཁན་ཆེན་ཐུབ་བསྟན་ལོ་རེར་ཟླ་གསུམ་ཙམ་རིང་གདན་ཞུས་ཀྱིས་ཀུན་བཟང་བླ་མའི་ཞལ་ལུང་དང་། ངལ་གསོ་སྐོར་གསུམ། ཀློང་ཆེན་མཛོད་བདུན། རྒྱུད་གསང་སྙིང་། སྙིང་ཐིག་ཡ་བཞི་སོགས་གསན་བསམ་ཉམས་བཞེས་ཀྱི་སྒོ་ནས་ལྟ་སྒོམ་སྤྱོད་པའི་གདེངས་ཚད་རྙེད། གནས་ཆུང་ཆོས་སྐྱོང་ཆེན་པོས་རྣམ་ཀུན་གཡེལ་མེད་བུ་བཞིན་སྐྱོང་བའི་ལུང་བསྟན་བསྩལ། བལ་ཡུལ་དུ་བདུད་འཇོམས་རིན་པོ་ཆེས་བདུད་འཇོམས་གོང་འོག་གི་གཏེར་སྐོར་དང་། མཁྱེན་བརྩེ་རིན་པོ་ཆེས་མཆོག་གླིང་ཆོས་སྐོར་དང་། རྫོགས་ཆེན་སྡེ་གསུམ་གྱི་ཟབ་ཁྲིད། འཁྲུལ་ཞིག་རིན་པོ་ཆེས་འཇའ་ཚོན་ཆོས་སྐོར། འཕགས་ཡུལ་ལྷོ་ཕྱོགས་དཔལ་ཡུལ་གྲུབ་དབང་དགོན་རྣམ་གྲོལ་གླིང་དུ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་སྔ་འགྱུར་བཀའ་མའི་དབང་ལུང་སོགས་གསུང་སྐབས། རྒྱལ་བ་རིན་པོ་ཆེས་བརྩེ་བ་ཆེན་པོས་ཆེད་མངགས་ཀྱིས་བླ་མ་སོ་སོར་ཕྱག་འཕྲིན་དང་། མཎྜལ་གྱི་རྟེན་དོད་ཡན་༸གོང་ས་མཆོག་ཉིད་ནས་གནང་བ་མཛད། ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་ལས་དུས་འཁོར་དབང་ཆེན་སོགས་དང་། མཁན་ཐུབ་བསྟན་ལས་གསང་འགྲེལ་ཕྱོགས་བཅུ་མུན་སེལ། ཡེ་ཤེས་བླ་མ། ཁྲེགས་ཆོད་ཐོད་རྒལ་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན། ཕྱིས་སུ་མཁན་ཆེན་པདྨ་ཚེ་དབང་ལས་ཀྱང་། གསང་སྙིང་སྐོར་དང་། ཡེ་ཤེས་བླ་མ། ལྟ་གྲུབ་ཤན་འབྱེད་སོགས་གདམས་ཁྲིད་དུ་མ་མནོས། སྤྱི་ལོ ༡༩༨༢ ལོར་རིན་པོ་ཆེམཆོག་དགུང་གྲངས་བཅུ་དགུ་ལ་སོན་སྐབས། མཁན་ཆེན་པདྨ་བཛྲའི་རྣམ་རོལ་རྫོགས་ཆེན་སྤྲུལ་སྐུ་པདྨ་སྐལ་བཟང་མཆོག་ཆེད་དུ་གདན་འདྲེན་ལ་ཕེབས་ཤིང་། ༸གོང་ས་མཆོག་གིས་ཀྱང་ད་རེས་བོད་དུ་གྲུབ་དབང་གོང་མའི་གདན་སར་ཕེབས་དང་། རྟེན་འབྲེལ་དང་དགོས་པ་རྒྱ་ཆེན་འགྲུབ་རྒྱུ་ཡོད་སོགས་གསུངས་པ་བཞིན། ཡབ་ཡུམ་ལྕམ་སྲིང་འཁོར་བཅས་ལམ་འཕྲང་སོགས་སུ་ཉེར་འཚེ་མེད་པར་བོད་དུ་ཕེབས་ཚེ། ཁམས་སྡེ་དགེ་རྫོགས་ཆེན་དགོན། ལྷ་སྡེ་དང་བཅས་པས་ཆིབས་བསུ་དང་པོ་དབུས་ལྷ་ལྡན་ཆོསཀྱི་ཞིང་ཁམས་ནས་ཞུས། ཆིབས་བསུ་གཉིས་པ་རྗེ་བློ་བཟང་གྲགས་པ་སོགས་དམ་པ་དུ་མའི་འཁྲུངས་ཡུལ་སྐུ་འབུམ་དང་། ཆིབས་བསུ་གསུམ་པ་རུ་དམ་དགོན་གྱི་ཉེ་འགྲམ་ཆུ་ཡག་ཐང་ནས་བློའི་ར་བ་ལས་འདས་པའི་སྣེ་ལེན་རྒྱ་ཆེན་དང་ངོ་མཚར་བའི་དགེ་མཚན་སྣ་ཚོགས་དང་བཅས་ཕེབས་ཏེ། ཨོ་རྒྱན་བསམ་གཏན་ཆོས་གླིང་གི་སེང་ཆེན་ཟུང་བཞིའི་བཏེགསཔའི་གསེར་ཁྲི་ལ་ཞབས་པད་བཀོད། དགོན་མ་ལག་ཁག་ལྷ་སྡེ་དང་བཅས་པ་དགྱེས་འཛོམས་ཀྱི་ཉིན་བྱེད་གསར་དུ་ངོམས། དེའི་སྐབས་ཕྱག་ཏུ་སོན་པའི་རྟ་ནོར་སོགས་དངོས་པོ་ཆེ་ཕྲ་ཐམས་ཅད་དབུལ་སྐྱོབ་ཁང་གསར་འཛུགས་ཀྱི་ཐེབས་རྩར་ཕུལ། གཞན་གཡག་ཟེ་དང་འབའ་ཕུག་དགོན་སོགས་དགོན་ཁག་འགའ་རེའི་ནང་ཞབས་བསྐྱོད་དེ་ཞལ་འདེབས་བཅས་ཕུལ། ཕྱིར་རྫོགས་ཆེན་དགོན་དུ་ལོ་ལྟར་པེབས་རྒྱུའི་དམ་བཅའ་དང་འབྲེལ་གཞིས་བྱེས་འབྲལ་མི་ཕོད་པའི་ངང་འཕགས་ཡུལ་དུ་ཕེབས་པ་ན། ༸གོང་ས་མཆོག་གིས་ཀྱང་སྔར་ལས་ལྷག་པའི་དགྱེས་བརྩེའི་ངང་། ཁྱོད་ཀྱིས་ད་རེས་བོད་དུ་འགྲོ་གོ་ཆོད་སོང་ཞེས་བསྟོད་བསྔགས་གནང་། དེ་ནས་ཡབ་ཡུམ་གཉིས་དང་རྫོགས་ཆེན་རིན་པོ་ཆེ་བཅས་ལ་སླར་ཡང་༸་གོང་ས་ཆེན་པོས་འཕགས་ཡུལ་དུ་རྫོགས་ཆེན་དགོན་པ་གསར་འདེབས་དགོས་ཚུལ་དང་། རྫོགས་ཆེན་དགོན་པ་འབྱུང་འགྱུར་རྙིང་དགོན་ཡོངས་ཀྱི་མ་དགོན་ལྟ་བུ་དང་། རྫོགས་ཆེན་རིན་པོཆེ་ཡོངས་རྫོགས་་བསྟན་པའི་མངའ་བདག་ཉིད་དུ་འགྱུར་དགོས་ཚུལ་གྱི་བཀའ་སློབ་གནང་། ཡབ་ཡུམ་སོགས་ཀྱིས་དགོན་ས་འབྲས་ལྗོངས་དང། བལ་ཡུལ། སྡེ་ར་དྷུན། རྡ་རམ་ས་ལ་སོགས་གང་རུང་བཙལ་བ་ན། ༸གོང་ས་མཆོག་གིས་ས་ཆ་དེ་དག་གང་དུའང་དགོན་ས་འདེབསམི་དགོས། དེལས་ལྷོ་ཕྱོགས་སུ་སོང་ལ་དགོན་པ་ཐོབ། མ་འོངས་པར་བོད་མིའི་གཞིས་ཆགས་སུ་མི་དམངས་ལ་ཕན་ཐོགས་སོགས་འགྲོ་དོན་དཔགས་མེད་འབྱུང་ཞེས་བཀའ་བསྩལ་བ་དང་ཆབས་ཅིག་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་སྒལ་དོན་ལྡན་གླིང་གཞིས་ཆགས་ཀྱི་མདུན་ཕྱོགས། སྨན་ལྗོངས་ཀྱི་ནགས་ཚལ་སྣ་ཚོགས་པས་དུས་བཞིར་མཛེས་པ། རྨ་བྱ་དང་གླང་ཆེན་སོགས་རི་དྭགས་དང་གཅན་གཟན། འདབ་ཆགས་སྣ་ཚོགས་ཀྱི་རྩེ་དགའ་བསྒྱུར་བ། རྒྱ་མཚོ་ཆེན་པོའི་རླབས་དཀར་གྱིས་རིང་བའི་ས་ནས་མཆོད་ཐིག་འཕེན་པ། རི་བོ་ཆུ་འཛིན་གྱིས་སྤྲེལ་བའི་འཕྲེང་བསྟར་གྱིས་ཕྱོགས་མཚམས་ཀུན་ནས་བསྐོར་བའི་གཤོང་ས་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བའི་དབུས་ཀྱི་ས་འཛིན་ནོར་བུ་བརྩེགས་འདྲའི་སྤོ་ལ་དགོན་པ་བཞེངས་སའི་ས་ཆ༸གོང་ས་སྐྱབས་མགོན་ཆེན་པོ་ཉིད་ནས་བདམས་ཤིང་གནང་སྦྱིན་རྒྱ་ཆེན་བྱས་མཐར་གཙོ་བོ་ཡབ་ཆེན་ཉིད་ནས་ཐུགས་འགན་ཆེར་བཞེས་ཐོག་ཕྱི་ལོ་༡༩༩༢ ལོར་འཕགས་ཡུལ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་རྟེན་གཞི་གཙུག་ལག་ཁང་། བརྟེན་པ་སྐུ་གསུང་ཐུགས་རྟེན་སོགས་རྒྱ་ཆེ་ལ་སྤུས་དག་པ། དངོས་གཙང་ཤིང་གྱ་ནོམ་པ། བཀོད་ལེགས་ཤིང་བྱིན་ཆེ་བ་ལེགས་པར་བཞེངས་གྲུབ་ཤིང་། འཛམ་གླིང་ཤར་ནུབ་ཀྱི་མི་རིགས་དང་། ཆོས་བྱེད་དད་ཅན་གྱི་ཡིན་བདག རིས་མེད་བསྟན་འཛིན་གྱི་དགེ་འདུན་ཏེ། འདུས་པའི་མི་ཚོགས་ཁྲི་ཕྲག་མང་པོས་ཁོར་ཡུག་གི་ས་གཞི་ཡང་དོག་པོར་བགྱིད་པའི་སྐབས་སུ། ༸གོང་ས་རྒྱལ་བའི་དབང་པོ་མཆོག་གིས་སྒོ་འབྱེད་རབ་གནས་ཀྱི་མཛད་སྒོ་བསྐྱངས་ཤིང་། གསང་བ་དག་སྣང་རྒྱ་ཅན་ཉེར་ལྔའི་དབང་ཁྲིད་སོགས་དགྱེས་བསྩལ་ཐོག སླར་ཡང་རྒྱལ་བསྟན་ལུང་རྟོགས་ཀྱི་རྩ་བ་བཤད་སྒྲུབ་ཀྱི་སྡེ་འཛུགས་དགོས་པར་བཀའ་བསྩལ་བ་ལྟར། གྲུབ་དབང་ཉིད་ཀྱིས་གཙོ་འགན་བཞེས་ཐོག བཤད་གྲྭར་མདོ་སྔགས་རིག་གཞུང་གི་འཆད་ཉན། སྒྲུབ་གྲྭར་སྔོན་འགྲོ་འབུམ་གྲངས་དང་། ལོ་གསུམ་ཟླ་གསུམ་གྱི་བཅད་རྒྱ། གྲྭ་ཚང་དུ་མཐོང་བརྒྱུད་ཀྱི་ཆོ་ག་ཕྱག་ལེན་དང་། གར་ཐིག་དབྱངས་གསུམ། བཅའ་རྡུང་འབུད་གསུམ་སོགས་ཀྱི་གཞི་རྐང་སྲ་བརྟན་ཚུགས་ནས་རྒྱལ་བ་རྫོགས་ཆེན་པའི་མཚན་སྙན་གྱི་དུང་སྒྲ་ཕྱོགས་ཀྱི་བུ་མོའི་རྣ་བའི་དཔྱིད་དུ་གླེང་། དེར་མ་ཟད་བསོད་རྒྱལ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་འཛམ་གླིང་གི་ཕྱོགས་དུ་མ་སྦྲེལ་བའི་རྒྱལ་ཡོངས་ནང་པའི་ཆོས་ཚོགས་ཆེ་ཤོས་རིག་པ་ཆོས་ཚོགསཞེས་ཡུ་རོབ་དང་། བྱང་ཨ་རི། ཨོ་སོ་ཀྲོ་ལི་ཡ། ཨེ་ཤ་ས་སོགས་གླིང་ཕྲན་འདི་དག་གི་མངའ་ཁོངས་སུ་བགྲངགིས་མི་ལོང་བའི་ཆོས་ཚོགས་དུ་མ་ཞིག་ཡོདཔ་འདི་ཀུན་གྱི་མ་དགོན་རྫོགས་ཆེན་དགོན་ཡིན་གཤིས་དེ་དག་དང། གཞན་ཡང་ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་ཁག་གི་ཆོགས་ཚོགས་བཅས་ལ་ཡང་ལོ་ལྟར་རིན་པོ་ཆེ་གདན་ཞུས་ཀྱིས་ཟབ་ཆོས་སྤེལ་བ་དང་། ཡང་ལོ་རེ་བཞིན་ཕྱི་རྒྱལ་མི་རིགས་དུ་མ་ཚུར་རྫོགས་ཆེན་དགོན་དུ་ཆོས་ཞུར་འདུས་པ་དག་ལ་སྨིན་གྲོལ་གྱི་གདམས་པ་གནང་དང་གནང་བཞིན་པ་་དང་། དམ་པའི་ཆོས་དང་མཐུནཔའི་སྒོ་ནས་སྤྱི་ཚོགས་རོགས་རམ་རྒྱ་ཆེར་མཛད་པ་སྟེ། ཀོ་ལི་སྒལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་མི་དམངས་ཚོགས་ཁང་ཆེན་མོ་གསར་བསྐྲུན། གྲོང་སྡེ་སོ་སོར་སྤྱི་ཁང་གསར་རྒྱག་དང་ཉམས་གསོ། གློག་གི་མཐུན་རྐྱེན་དང་། ཟམ་པ་དང་འགྲོ་ལམ་བཅས་ཉམས་གསོ། དེ་བཞིན་དུ་སྤྱི་ལོ་ ༢༠༠༠ ལོར་གཞིས་ཆགས་རྒན་རྒོན་རྣམས་ཀྱི་ཆེད་རྒས་གསོ་ཁང་གསར་དུ་བཙུགས་པ་དང་། གཞིས་ཆགས་རང་གི་སློབ་གྲྭ་དང་། འཕྲོད་བསྟེན་སྨན་ཁང་། བུ་གསོ་ཁང་བཅས་ཀྱི་ཕྱི་ནང་གི་ཉམས་གསོ་མཛད། གཞཉ་འབྱོར་མེད་ཉམ་ཐག་གི་རིགས་དང་། དབང་པོ་སྐྱོན་ཅན་གྱིརིགས། ཆེས་མཐོའི་སློབ་ཕྲུག་སློབ་ཡོན་གྱི་དཀའ་ངལ་ཅན་བརྒྱ་ཕྲག་ལྷག་པར་དཔལ་འབྱོར་གྱི་རོགས་རམ་ཚད་མེད་མཛད། ལོ་རེ་ཕྱི་རྒྱལ་གྱི་སྨན་པ་མཁས་པ་དུ་མ་གདན་ཞུས་ཀྱིས་གྲོང་སྡེ་མི་དམངས་རྣམས་ལ་སྨན་བཅོས་ཀྱི་བཀའ་དྲིན་བསྩལ་བ་སོགས་མཐོ་དམན་དྲག་ཞན་ལ་མ་ལྟོས་པར་རེ་ལྟོས་འཆའ་བའི་འགྲོ་བ་ཀུན་ལ་ལྟོ་གོས་ཆོས་གསུམ་གྱི་སྒོ་ནས་བུ་གཅིག་པའི་མ་ལྟར་བརྩེ་བས་རྒྱལས་སྲས་བྱང་ཆུབ་སེམས་དཔའ་དཔའི་རྣམ་ཐར་ཚུལ་བཞྀན་བསྐྱངས། ཕྱིས་ནས་སྔ་མའི་མཛད་པ་དག་གི་རྒྱུན་སྐྱོང་ཐོག ཐུན་མོང་དང་ཐུན་མམོང་མ་ཡིན་པའི་རིག་གཞུང་རྩོམ་སྒྲིག་ཁང་དང་། མི་དམངས་དཔེ་མཛོད་ཁང་ཆེན་མོ་ཞིག་གསར་བསྐྲུན་དང་། སྒྲུབ་མཆོད་གར་འཆམ། གདངས་དབྱངས་རོལ་མོ་སོགས་མཐོང་བརྒྱུད་ཀྱི་ཕྱག་བཞེས་ལྟར་ཆེད་སྦྱོང་། ཁྱད་པར་བོད་ཀྱི་གྲུབ་དབང་རྫོགས་ཆེན་པའི་གདན་སར་རྒྱལ་ཕྱི་ནང་གི་འགོག་རྐྱེན་གྱིས་དུས་ལྟར་ཕེབས་མ་ཐུབ་མོད། ཕྱིས་སྟབས་གང་བདེར་ཕེབས་ནས་བཤད་སྒྲུབ་ལས་གསུམ་དར་རྒྱས་དང་། དགོན་ལག་སུམ་བརྒྱ་ལྷག་དག་ལ་ཞབས་པད་བསྐྱོད་ནས་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་། སྒོས་སྔ་འགྱུར་རྙིང་མ། བྱེ་བྲགཏུ་གྲུབ་དབང་རྫོགས་ཆེན་པ་གཞིས་བྱེས་ཆོས་བརྒྱུད་དངབཅསཔ་གཞི་རྐང་ཡརརྒྱས་སྲ་བརྟན་གྱི་མཚན་སྙན། འཛམ་གླིང་གོ་ལཟླུམ་པོའི་ཁྱོན་ལ་མཁྱབ་པ་མེད་ངེས་ཤིག་མཛདརྒྱུའི་ཐུགས་འཆར་དང་བཅས་སྐུ་འཚོ་ཞིང་བཞེས་པ་ལགས་ན། དེ་དེ་བཞིན་དུ་གེགས་མེད་བདེ་བླག་མྱུར་ཏུ་འགྲུབ་ཅིང་། ཞབས་པད་མཆོག་ཏུ་མི་འགྱུར་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བསྐལ་བ་རྒྱ་མཚོའི་བར་དུ་བརྟན་པར། དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་རློབས་པར་སྙིང་ནས་སྨོན་པ་ལན་བརྒྱར་འདེབས་པ་ལགས་སོ།། །།
རྫོགས་སྤྲུལ་བདུན་བསྟན་འཛིན་ལུང་རྟོགས་ཉི་མ་རིན་པོ་ཆེའི་རྣམ་ཐར་ལོ་རྒྱུས་ཟུར་ཙམ་ཡང་སྨྲོས་མི་འདུག་རྒྱུ་མཚན་ཅིའི་ཕྱིར་ལགས།
རྫོགས་སྤྲུལ་བདུན་པ་བསྟན་འཛིན་ལུང་རྟོགས་ཉི་མ་རིན་པོ་ཆེའི་རྣམ་ཐར་ལོ་རྒྱུས་ཟུར་ཙམ་ཡང་སྨྲོས་མི་འདུག་རྒྱུ་མཚན་ཅིའི་ཕྱིར་ལགས།
དྲྭ་རྒྱ་ཚད་ལྡན་དང་ཁུངས་ཐུབ་དགོས་ན་ལོ་རྒྱུས་གསོང་པོར་སྨྲ་བ་ཤིན་ཏུ་གལ་ཆེ་བ་སེམས།