རྨུགས་སངས་གནས་བཤད་དང་དགོན་པའི་ལོ་རྒྱུས་སྙིང་བསྡུས།
༈ རྨུགས་སངས་གནས་བཤད་དང་དགོན་པའི་ལོ་རྒྱུས་སྙིང་བསྡུས།
ཕྱོགས་སྒྲིག་པ། བསོད་ནམས་སེང་གེ
དེའང་ཕྲིན་ལས་འགྲོ་བ་འདུལ་བའི་གནས་བརྒྱད་ལས།རྡོ་རྗེ་རིགས་ཀྱིས་འདུལ་མཛད་རྨུགས་སངས་དགོན་ནི། སྔོན་ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུ་པདྨ་འབྱུང་གནས་ཀྱིས་ཟླ་བ་དྲུག་རིང་སྐུ་མཚམས་བཞུགས་པའི་གནས་ཡིན་པས། ད་ལྟ་དགོན་སྟོད་ཀྱི་གཡས་ཕྱོགས་སུ་ཟླ་དྲུག་སྒྲུབ་ཕུག་ཅེས་པ་གནས་ངོ་མཚར་ཅན་མཇལ་རྒྱུ་ཡོད། དེ་བཞིན་བོད་ཀྱི་རྗེ་འབངས་ཉེར་ལྔའི་ནང་ཚན་སོག་པོ་ལྷ་དཔལ་གྱི་གཤིན་རྗེའི་སྒྲུབ་ཕུག་དང་།རྨ་ཐོག་རིན་ཆེན་གྱིས་ཕ་བོང་ཟན་ལྟར་གསོལ་བའི་རྗེས་དང་།དགོན་སྟོད་ཀྱི་གཡོན་ངོས་སུ་སྲིབ་གནས་སྒྲུབ་ཕུག་ཅེས་ཕུག་པ་གཏིང་རིང་པོ་ཞིག་ལ། སྐས་འཛེག་རིམ་པ་གསུམ་ཙམ་བརྒྱུད་ནས་འགྲོ་དགོས།ནང་དུ་ཟངས་མདོག་དཔལ་རིའི་བཀོད་པ་དང་།མུ་ལེ་མཐིང་མཚོ་ཞེས་ཕུག་པའི་ནང་དུ་རྫིང་བུ་ཡིད་དུ་འོང་བ་ཞིག་ཡོད་པ་སོགས་རང་བྱོན་གྱི་བཀོད་པ་ངོ་མཚར་བ་མང་པོ་མཇལ་རྒྱུ་ཡོད། དགོན་པའི་རྒྱབ་རི་ལ་རིགས་གསུམ་མགོན་པོའི་གནས་ཞེས་བྲག་རི་སུམ་གཤིབ་ཅན་དང་། མདུན་རིའི་ཕྱོགས་སུ་མ་གཟའ་དམ་གསུམ་གྱི་གནས་ཡོད།མདུན་རིའི་སྨད་དུ་ཕར་རི་ཆུ་དམར།ཚུར་རི་དར་ཕྱར་ཞེས་བཙན་རྒོད་ཁྲོ་འབར་ཡབ་ཡུམ་གྱི་གནས་དང་ཞིང་སྐྱོང་གི་གནས་བཅས་ཡོད། དེ་བཞིན་དགོན་སྟོད་དུ་སྔོན་མའི་གྲུབ་ཆེན་མང་པོའི་བཞུགས་སའི་ཕུག་པ་དང་། རྡོའི་ཆོས་དུང་སོགས་ངོ་མཚན་གྱི་བཀོད་པ་མང་པོ་ཞིག་མཇལ་རྒྱུད་ཡོད་པ་བཅས་སྙིང་བསྡུས་ཙམ་མོ། །
དེ་ནས་ཐོག་མར་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཡབ་མེས་རྔུ་ཆོས་ཀྱི་རྡོ་རྗེ་གནས་འདིར་ཕེབས་ནས་གནས་སྒོ་ཕྱེས་ཤིང་།སྐས་འཛེག་རིམ་པ་གསུམ་ཙམ་བགྲོད་དགོས་པའི་བྲག་སྐེད་དུ་རྔུ་ཕུག་ཅེས་པ་ཁོང་གི་སྒྲུབ་ཕུག་ཡོད། དེའི་རྗེས་ཀཿཐོག་སྔ་རབས་པ་གྲུབ་ཆེན་ཨ་རྡོ་དཀོན་མཆོག་རྒྱལ་མཚན།འཕགས་པ་བླ་མ།བྱང་ཆུབ་འབུམ་པ།ཧོར་པོ་ཤཀྱ་རྒྱལ་མཚན་སོགས་གྲུབ་ཐོབ་ཟམ་མ་ཆད་པ་བཞུགས་ཏེ་སྒྲུབ་པ་ཉམས་ལེན་གནང་། སྐབས་དེར་གྲུབ་ཆེན་རྣམས་སྔ་དགོང་སོ་སོར་རི་ཕར་རི་ཚུར་རིར་འཕུར་ནས་ཕེབས་ཀྱིན་ཡོད་སྟབས། རྨུགས་སངས་ཞོལ་པའི་གྲོང་སྡེ་སོགས་ཀྱིས་རྒོད་རྒན་རྣམས་འཕུར་བྱུང་། ད་ཆོ་ལེ་བཙོ་རན་བྱུང་ཞེས་པའི་བཤད་སྲོལ་བྱུང་། ཕྱིས་ཙམ་ན་གནམ་ཆོས་མི་འགྱུར་རྡོ་རྗེ་ཀཿཐོག་ནས་རྨུགས་སངས་སུ་ཕེབས་ཏེ་དགོན་སྟོད་དུ་བཞུགས་ནས། གནམ་ཆོས་གཏེར་པོད་བཅུ་གསུམ་གནམ་གཏེར་དུ་ཕབ་ནས། སྒོམ་ཁྲིད་ཉམས་ལེན་གྱི་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ ཆོས་འཁོར་བསྐོར་ནས་མཁས་གྲུབ་ཀརྨ་ཆགས་མེད།རིག་འཛིན་ཀུན་བཟང་ཤེས་རབ། དེ་བཞིན་རྨུགས་སངས་གསེར་ཉི་རྡོ་གསུམ་ཞེས། གསེར་ལོ་སྟོན་པ་རྒྱལ་མཚན། ཉི་མ་རྒྱལ་མཚན། རྡོ་རྗེ་ཀུན་བཟང་རྒྱ་མཚོ་གསུམ་སོགས་འཁོར་སློབ་ཁྲི་ཚོ་ལས་བརྒལ་བ་བྱུང་པར་གྲགས་སོ།།
དེའི་རྗེས་ཙམ་ན། རྨུགས་སངས་ཚེ་མདོ་བླ་མ་ཞེས་པ་ཕེབས་སྐབས་སུ། བླ་མ་འདིས་གཙོ་འགན་བཞེས་པའི་ཐོག་ད་ལྟའི་དགོན་སྨད་འདི་རིམ་བཞིན་ཡར་རྒྱས་ཕྱིན་པ་ཡིན།དེའི་རྗེས་ལ་རྡོ་རྗེ་ཀུན་བཟང་རྒྱལ་མཚོའི་ཡང་སྤྲུལ་གནས་རྒྱབ་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་དང་།གྱང་ཁང་དབོན་སྤྲུལ། དཔག་ཡས་ཚེ་སྤྲུལ། གནམ་ཆོས་མི་འགྱུར་རྡོ་རྗེའི་སྤྲུལ་པ་དཔལ་ཡུལ་ཀརྨ་སྐུ་ཆེན་གྱི་སྐུ་ཕྲེང་གསུམ་པ་མདོ་སྔགས་ཆོས་ཀྱི་ཉི་མའི་ཐུགས་སྤྲུལ་རྨུ་སངས་སྐུ་ཆེན་ཀུན་བཟང་ཤེས་རབ་(རྒྱལ་སྲས་བྱང་ཆུབ་སེམས་དཔའ་བློ་གྲོས་རབ་དགའ་རྒྱ་མཚོའི་སྤྲིན་)སོགས་ཕེབས་ནས་སྒྲུབ་པའི་བསྟན་པ་རྒྱུན་འཛིན་པ་སོགས་ཕྲིན་ལས་ཧ་ཅང་རྒྱས་པ་བྱུང་། འོན་ཀྱང་ཀླ་ཀློའི་གདུག་རྩུབ་ངན་པའི་དུས་འགྱུར་ཁྲོད་སྐྱེས་ཆེན་ཁག་ཞིང་གཞན་དུ་གཤེགས་པ་དང་། དགོན་སྟོད་སྨད་གཉིས་ཆ་གྱང་རལ་ཙམ་ལས་མ་ལྷག་པ་རྩ་གཏོར་བྱས་ཤོར། དེ་ནས་༡༩༧༨དགོན་པ་ཉམས་གསོ་བྱ་ཆོག་པའི་དུས་བཟང་བྱུང་སྟེ། ཐོག་མར་མཁར་ལེགས་སྤྲུལ་སྐུ་པདྨ་བདེ་ཆེན་གྱིས་གཙོས་མཁན་རྒན་བླ་རྒན་རྣམ་པ་དང་།མང་ཚོགས་ལྷག་བསམ་ཅན་དང་གཏོང་ཕོད་ཅན་རྣམས་ཀྱིས་རྒྱུ་སྦྱོར་བྱས་ནས།ཐོག་མར་དགོན་སྟོད་དུ་མི་འགྱུར་རྡོ་རྗེའི་སྐུ་གདུང་ཐོག་ཚད་ཅན་གསེར་ཟངས་ལས་གྲུབ་པ་ཕྱི་ནང་གི་བཀོད་པ་ཕུན་སུམ་ཚོགས་པ་གསར་བཞེངས་བྱས། མཆོད་རྟེན་བཞེངས་གྲུབ་རྗེས་མཁར་ལེགས་སྤྲུལ་སྐུ་འདས་ཤོར། དེ་ནས་དགོན་སྨད་དུ་ཀ་བ་སུམ་ཅུ་ཅན་གྱི་ལྷ་ཁང་ཆེ་ལེགས་ཤིག་ཕྱི་ནང་གི་བཀོད་པ་ཡོངས་སུ་རྫོགས་པ་ཅན་གཅིག་དང་། དབྱར་གནས་ལྷ་ཁང་གཅིགཔར་ཁང་ལྷ་ཁང་ཐོག་བརྩེགས་གསུམ་ཅན་གཅིགའདིའི་འོག་ཁང་དུ་དུང་འཁོར་༡༡།བར་ཐོག་ཏུ་པར་ཁང་།སྟེང་ཁང་དུ་གཏེར་ཁང་ཞེས་སྐུ་འདྲ་གཏེར་མ་ལི་མ་དང་སོགས་རྟེན་རྩ་ཆེའི་རིགས་བཞུགས་སའི་ལྷ་ཁང་བཅས་གསར་དུ་བཞེངས། ༡༩༨༧ ལོར་མཁན་རིན་པོ་ཆེ་ཤེས་རབ་མཆོག་ཕེབས་ནས་མི་ལོ་ཉི་ཤུ་རྩ་ལྔ་ཙམ་ལ་དགོན་འདིར་སློབ་ཁྲིད་གནང་ནས་ལོང་བ་ལ་མིག་བྱིན་པ་ལྟ་བུའི་བཀའ་དྲིན་བསྐྱངས། འོན་ཀྱང་དགོན་འདིའི་བསོད་ནམས་ཀྱིས་མ་ཐེག་ནས་ཁོང་དགོངས་པ་གཞན་དོན་དུ་གཤེགས་ཤོར།དེ་ནས་རྒྱ་གར་འཕགས་པའི་ཡུལ་དུ་ ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་། ༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་རྣམ་གཉིས་ཀྱིས་རྨུགས་སངས་སྐུ་ཆེན་གོང་མའི་ཡང་སྲིད་འཇིགས་མེད་ཀུན་བཟང་བསྟན་པའི་ཉི་མ་(1974)ངོས་འཛིན་གནང་པ་དང་། ༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་རིགས་བདག་ཏུ་བསྟེན་ནས་ཐུགས་སྲས་སུ་གྱུར་པ་ཁོང་ཉིད། རྨུགས་སངས་དགོན་རང་དུ་ཐེངས་ཙམ་ཞབས་སོར་བཀོད་ནས་ལམ་སྟོན་བཀའ་སློབ་དང་། མཐུན་འགྱུར་གང་ཆེ་གནང་པའི་འོག མཁན་སྤྲུལ་བསོད་ནམས་དོན་འགྲུབ་སོགས་མཁན་པོ་བླ་མ་རྣམ་པས་གཙོས་ཤེས་ཡོན་དང་ལྷག་བསམ་གཉིས་ལྡན་གྱི་དགེ་འདུན་པ་དང་།མང་ཚོགས་་གཏོང་ཕོད་ཅན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་དེང་སྐབས་སྒྲུབ་ཁང་དང་།བཤད་གྲྭསློབ་གྲྭ་བཅས་གསར་འཛུགས་བྱས་ཡོད་ལ།རྒྱུན་བཞུགས་བླ་གྲྭ་གྲངས་༡༠༠ཡན་མན་ཙམ་ཡོད།ལོ་ལྟར་དུས་མཆོད་འཚོག་རྒྱུ་ཁག་ནི། བོད་ཟླ་དང་པོ་ལ་རྡོར་སེམས་སྒྲུབ་པ།སྒྲུབ་མཆོད། དེ་ནས་བོད་ཟླ་དྲུག་པ་ལ་དབྱར་གནས་ཟླ་བ་གཅིག་དང་ཕྱེད།བོད་ཟླ་བཅུ་གཅིག་པའི་ནང་བཀའ་བརྒྱད།ཕུར་པ།གུར་དྲག་བཅས་ཀྱི་སྒྲུབ་པ། ལོ་མཇུག་ཏུ་དགུ་གཏོར་མགོན་པོའི་སྒྲུབ་ཆེན་སོགས་འཚོག་ཀྱིན་ཡོད།རྒྱུན་དུ་དགོན་སྟོད་སྨད་གཉིས་སུ་མགོན་བླ་རེ་ཆག་མེད་བཞུགས་ཡོད་པ་བཅས་སོ།།
(དགོན་འདིའི་གནས་ཡིག་གནམ་ཆོས་མི་འགྱུར་རྡོ་རྗེས་མཛད་པ་ཞིག་དང་། ཨ་འཛོམས་འབྲུག་རྒན་གྱིས་མཛད་པ་བཅས་ཡོད་ཚུལ་ཐོས་ཀྱང་མཇལ་རྒྱུའི་སྐལ་པ་མ་བྱུང་།)