English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

རྟུལ་ཕོད། སེང་རྡོར།

འདོན་སྤེལ། 2013/01/4 1:24 PM རྩོམ་པ་པོ།

རྟུལ་ཕོད་ཀྱི་རྒྱབ་ཤོག་ནང་ངོས་ཀྱི་ཚིག་དུམ་འགའ།

 

སུ་ཡིས་བཤད་ཀྱང་གཏམ་རྣམས་འགལ་བ་སྟེ། །

རང་ལམ་རང་གིས་བཤིག་སྟེ་འོང་པ་ཙམ། །
ཡིད་སྣང་མོག་པོས་བསླད་པའི་བྱེ་ཐང་དུ། །
སྨྲས་ཚད་འཁྲུལ་པའི་ནགས་དང་བསྡེབས་ཏེ་སྐྱེས། །
ཡིན་ཡིན་བསམས་ན་མིན་མིན་རྗེས་ནས་ཡོང་། །
རྫུན་རྫུན་སྙམ་ན་བདེན་བདེན་སྔོན་ནས་འབུད། །
བརྟན་བརྟན་ཡིན་པའི་མཁར་རྫོང་ཤིག་ཤིག་འདར། །
ཤང་ཤང་བཞུར་བའི་ཆུ་མོ་ཧྲེང་ཧྲེང་སྡོད། །
དེ་ལྟ་ན་ཡང་ལྟོས་བཅས་ཉིན་སྲིབ་ལ། །
ཚད་ཡོད་རིག་པས་ཅུང་ཟད་བརྟགས་བྱས་ཏེ། །
རང་གི་སྐད་ཆ་རང་གིས་བཤད་པ་འདིར། །
དུས་ཀྱི་རིན་ཐང་ཙམ་ནི་ངེས་པར་ཡོད། །

______ སེང་རྡོར་གྱིས།

 

ང་རྩོམ་ལ་འཇུག་དོན།
____<<རྟུལ་ཕོད>>ཀྱི་སྔོན་འགྲོའི་གཏམ།
ནམ་ཞིག་ལ།གནམ་རྒན་མས་སྐྱེ་བོ་བརྒྱ་སྟོང་མང་པོའི་ཁྲོད་ནས་ཤེས་རབ་ཅན་གྱི་དཔའ་རྟུལ་དེ་དག་ངེས་འཛིན་བདེ་བའི་དོན་དུ།ཁོ་ཚོས་ནམ་ཞར་ཡང་རྫུན་ནག་གི་འཇིག་རྟེན་འདིའི་ཟེ་བར་ལང་སྟེ”བདེན་པ་གཅེར་བུ”འཚོལ་ཞིང་བསྙེག་དགོས་པར་མ་ཟད།ཧམ་སྲེད་ཀྱི་སྤྱི་ཚོགས་ཤིག་ནས”སྤྲང་པོའི་མི་ཚེ་སྨྱུ་གུ་དང་ལྷན་དུ་ཚར་དགོས”པའི་སྒུལ་མེད་ཀྱི་ཆོས་ཉིད་ལྕགས་གོང་འདྲ་བ་ཞིག་ཀྱང་བཞག་སོང་བ་ཡིན།
དུས་དེ་ཤེད་ནས།མི་རྣམས་ཀྱིས’སྣོག་ལས’དང’བཙན་སྤྲོད’ཅི་ཙམ་བགྱིས་ན་ཡང་། ‘ཤེས་རབ་ཅན’གྱི’བདེན་པའི་གཟིགས་པགས’དེ་རང’བླུན་པོ་བོང་བུ’དག་ལ་གཏན་ནས་རན་པ་མ་བྱུང་ཚོད་རེད།དེའི་རྐྱེན་གྱིས་རྐང་གཉིས་པ་བྱེ་བ་མང་པོའི་ནང་དུ།ནུབ་གླིང་པ་སོ་ཁི་ར་ཐེ་ནས་ཤར་ཕྱོགས་པ་དགེ་འདུན་ཆོས་འཕེལ་བར་གྱི་གང་ཟག་ཉུང་ཤོས་ཤིག་མི་རྣམས་ཀྱི་བློ་ལ་བརྗེད་མེད་དུ་འཛིན་སླ་བར་གྱུར།
ཁོང་རྣམས་ནི་མུན་པའི་དུས་རབས་ལ་དཀར་མེ་འདེགས་མཁན་དང་བྲན་གཡོག་གི་མི་རིགས་ལ་རང་དབང་སྤྲོད་མཁན་ཡང་ཡིན།གཞན་ཡང་། སྐུ་ཞབས་ལུའུ་ཞུན་ལགས་ཀྱིས་སྨྱུག་ཁ་དཀྱོགས་པ་ཙམ་གྱིས་ཀྲུང་གོའི་ལོ་ལྔ་སྟོང་གི་རིག་གནས་ལ་ཁ་ལོ་བསྒྱུར་སོང་པར་གཞིགས་ན་ཡང་རྩོམ་རིག་གི་རླབས་ཆེན་རང་བཞིན་དེ་ཧ་ཅང་གསལ་པོ་རེད།
འདི་སྙམ་དུ་ཁོ་བོ་རྩོམ་རིག་ཅེས་པར་འདྲིས་ཤིང་ལོབས་པར་གྱུར་ལ་མི་གཤིས་བཀན་ཞིང་ཁག་ཁུར་ཡོད་པའི་སྨྱུག་ཐོགས་པ་གླེན་པ་ཞིག་ཏུའང་ཅི་ནས་འགྱུར་འདོད་སྐྱེ་བྱུང་།
ཞར་བྱུང་།
1.སྒྱུ་རྩལ་གྱི་འགན་ཁུར་ལེགས་འགྲུབ་བྱས་ཡོད་པའི་བརྩམས་ཆོས་ཤིག་ལ་ཆ་བཞག་ན།བརྩམས་ཆོས་རང་ངོས་ནས་རང་ཉིད་ཀྱི་བསྟན་དོན་དང་ཁྱད་ཆོས་སོགས་མཚམས་སྦྱོར་བྱེད་ཐུབ་ལ།རྩོམ་པ་པོའི་སེམས་ཚོར་དང་ཞེན་རྟོག་སོགས་ཀྱང་ཕྱི་གསལ་ནང་གསལ་དུ་བསྟན་འོང་པ་ཞིག་ཡིན།(འགྲེལ་པ་མང་པོ་དགོས་དོན་མི་འདུག)དེ་བས་རྩོམ་རིག་བརྩམས་ཆོས་ཟེར་པ་ནི་ནུབ་གླིང་གི་རིག་རྩལ་མི་བོ་ཆེ་དག་གི་ཞལ་རྩོམ་དང་འདྲ་བར།གཞར་ཡང་ཁེར་ཚུགས་དང་ཁྱད་གཤིས་ཁོ་ནས་བརྟས་པའི་མི་བུ་སྒེར་གྱི་བྱེ་བྲག་གི་ལྟ་ཚུལ་དང་སྤྱོད་ཚུལ་འབའ་ཞིག་ཡིན་ན་འགྲིག
2.སྙན་ངག་གཤའ་མ་ཞིག་གིས་སུ་གང་ལའང་དགག་སྒྲུབ་དང་སུན་འབྱིན་དེ་ཙམ་མི་བྱེད།དེ་བས་ངས་བྲིས་པ་འདི་དག་ང་རང་གིས་འདོད་པའི་སྙན་ངག་དེ་ཡང་གཏན་ནས་མིན་མོད།མི་རིགས་ཀྱི་བདེ་སྡུག་དང་།སྤྱི་ཚོགས་ཀྱི་ངན་ཤན་སོགས་ལ་དམིགས་པ་མཐའ་གཅིག་ཏུ་གཏོད་པོ་ཞིག་ཡིན་ན།སྙན་ངག་མིན་པའི་སྙན་ངག་འདི་འདྲ་ཡང་རྟག་པར་འབྲི་དགོས་ལ།སྙན་ངག་དངོས་མ་བྲིས་ཏེ་འཆར་ཡན་རྐྱང་པས་སྨྱོས་པར་གྱུར་མཁན་རྣམས་ལ་སྙན་ངག་གི་རྩ་དོན་དང་འགལ་པའི་སྐད་ཆ་ཡང་མི་བཤད་རང་བཤད་རེད།
3.རྩོམ་ཡིག་འདི་དག་སྙན་ངག་ཡིན་མིན་གྱི་དོགས་པ་རང་ལའང་ཡོད་ཅིང་།ཐ་ན་གནས་ལུགས་ཡོད་མེད་ཀྱི་གདེང་ཚོད་ཀྱང་ཆེན་པོ་མེད་དེ།རྒྱུ་མཚན་ནི།མིའི་རིགས་ཤེས་ལ་ཚད་ཡོད་ཅིང་སྣང་ངོ་ཅོག་འདི’ལྟོས་བཅས’ཀྱི་དྲྭ་བ་ཆེན་པོ་ཞིག་ལ་གཞི་བཅོས་ཏེ་སྡོད་པས་སོ།།ཡིན་ནའང་།ཚད་ངེས་ཅན་ཞིག་ནས་མི་བུའི་དགའ་སྡུག་གང་ཡང་ལུགས་མཐུན་དུ་འདོད་རྒྱུ་ཡིན་ཟེར་ན།ཐལ་དྲགས་པའི་སྐད་ཆ་རེ་གཉིས་ཕུད།དེབ་ཆུང་ཧྲིལ་བོར་ལྗིད་ཚད་བློར་མི་ཤོང་པ་ཞིག་ཡོད་ཀྱང་སྲིད།
4.རང་རློམ་ཆེན་པོས་ཁ་ཕོ་བྱས་ཆོག་པ་ཞིག་ནི།རང་གི་སེམས་ལ་ཅི་ལྟར་འཆར་པ་དེ་ཤིན་ཏུ་དྲང་བོའི་ངག་གིས་གསོང་བོར་བརྗོད་པ་ཞིག་ཡིན་པས།(མི་ཁ་ངན་པ་དང་སྦྱོར་བ་གདུག་རྩུབ་ཅན་ལ་གཏན་ནས་འཛེམ་མེད)བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་རང་གི་ཁྱད་ཆོས་ཤིག་ལྷང་ལ་བུད་དེ་ཡོད།འོན་ཀྱང་།རང་རེའི་རྩོམ་སྟེགས་སུ”མ་བཀླགས་ཚད་མེད་ཀྱི་དཔེ་ཆ”མང་པོ་རི་ལྟར་སྤུངས་བཞིན་གདའ་ལ།ཇ་གྲོགས་དང་ཆང་གྲོགས་བསྒྲིགས་ནས་ཕན་ཚུན་ལ་བསྟོད་ར་བྱེད་ཚུལ་ཞིག་ཀྱང”བསྟན་པ་ཡང་དར་གྱི་དུས”སུ་བསླེབས་ཟིན།ལྷག་པར་དུ།གླུ་པ་ཚོས་ཁ་བཏགས་ཀྱི་མང་ཉུང་འགྲན་པ་བཞིན་རྩོམ་ཡིག་གཅིག་གི་སྐེ་ལ་ཕྲན་དཔྱད་བརྒྱ་ཤོག་རེ་འདོགས་སྲོལ་ཅིག་དར་བྱུང་བས།ད་ནས་བཟུང”ལེགས་པའི་རིན་ཐང་རང་གི་ཁོང་ན་ཡོད”(དགེ་ཆོས་ཀྱི་ཚིག)པའི་དེབ་ཆུང་འདི་འདྲ་ནི།དངོས་གནས”རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར”བར་སྙམ་མོ།
5.མཇུག་མཐར།ཀུན་སློང་ཡང་དག་གི་ངོས་ནས་བདག་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་མྱོང་བའི་སྤོ་བོ་ཨུ་རྒྱན་བཟའ་ཟླ་གཉིས་དང་།སློབ་བུ་གངས་སྨྱོན།ཕ་མ་སྤུན་སྲིང་དང་ཆུང་མ་ཉེ་མི་བཅས་ལ་ཐུགས་རྗེ་ཆེ་ཞུ་ཞིང་།ནང་སྒོས་སུ་འཕན་རིག་རྒྱམ་དང་།འཕན་བན་ཐར།ཁུ་བོ་ཚེ་བརྟན་རྒྱལ།གཉའ་མཐུ་བྷོའུ།ཧེ་ཡན་དུང་དཀར།བགྲེས་པོ་བསམ་གཏན།བསྟན་འཛིན་རྒྱ་མཚོ་ཁྱིམ་ཁ་ཡོངས་བཅས་དང་།
དཀོན་བསམ་འགྲུབ་དང་དཀོན་བཙན་མགོན་སོགས་ཀྱིས་གཙོས་པའི་ཕ་ཡུལ་རྐང་ཚའི་མང་ཚོགས་སེམས་དཀར་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་གཏང་རག་འབུལ་ཞིང་།དཔེ་དེབ་འདི་ལ་ཐུགས་ཁུར་མི་དམན་པ་གནང་པའི་རྒུ་རུ་བཀྲ་དོན་དང་།ཕྱུགས་ནོར་བློ་གསལ་གཉིས་ལ་ཆེད་དམིགས་ཀྱིས་བཀའ་དྲིན་ཞུ་པ་ཡིན།

སེང་རྡོར་གྱིས།
2008.1.20 ཉིན་སྦྱར།

 

 

དཀར་ཆག

ཚན་པ་དང་པོ། སྟུག་པོ་བཀོད་མགོ་རྟིང་སློག་པ།

 

1 སྡོམ་པ།

2 གནང་བཀག

3 ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་།

4 དྲི་མེད་ཀུན་ལྡན་གཏན་ལ་ཕབ་པ།

5 བེམ་པོའི་བསྟན་བཅོས།

6 ལྷ་ཞལ་མཇལ་པའི་ལོ་རྒྱུས།

7 མི་ལ་རས་པའི་ཕྱི་དུམ།

8 སྤྲུལ་པའི་མདོ།

9 རག་ཤག་གི་འགྲེལ།

10 དགེ་བཤེས་སྐོར་ཞིག་གི་བཀའ་སློབ་དང་དེའི་ལན་དུ་ཀླན་པ།

 

ཚན་པ་གཉིས་པ། ཆོས་གོས་དང་ལན་བུ།

 

1 ལོ་ཟླའི་མིག་ཆུ།

2 ཆུང་འདྲིས་བུ་མོ།

3 རྨི་ལམ་ནང་གི་ཆུང་མར་ཕུལ་པ།

4 ཤ་ངུ་པགས་ངུ་།

5 མཛའ་འཕྲིན་གྱི་སྡོམ།

 

ཚན་པ་གསུམ་པ། ཤེས་རབ་གླེན་ལྐུགས། ཐ་སྙད་གླེན་ལྐུགས།

 

1 སྟོང་བ་ཉིད་ཀྱི་བསྟན་བཅོས་བཞུགས་སོ། །

2 ཀུན་ལ་ཁྱབ་པའི་སྣང་སྟོང་།

3 ཐ་སྙད་པ་དང་ཐ་སྙད།

4 ཁ་མི་གྲགས་པའི་སྟོན་པ།

5 ཤེས་རབ་མོག་པོ།

6 ནུབ་ལ་འཁྱུགས་པའི་གློག

7 རྡོ་བ།

8 སྦྲུལ་ཚང་།

9 ཤིན་ཏུ་དཔའ་བའི་མགུར།

10 ཆང་དམ།

11 མི་རབས།

12 མགུར།

13 སྡོད་མི་ཚུགས་པ།

 

ཟུར་བཀོད་ཀྱི་འབོལ་རྩོམ་རེ་གཉིས།

<<རྟུལ་ཕོད>>དང་འབྲེལ་པའི་སྐད་ཆ་ཚིག་གཅིག (མཇུག་བྱང)

 

 

ཚན་པ་དང་པོ། སྟུག་པོ་བཀོད་མགོ་རྟིང་སློག་པ།

 

སྡོམ་པ།*

ཅི་ཞིག་སྡོམ་ལ་གང་གིས་སྡོམ་དགོས་ཐོམས་སམ་མི་ཐོམས་གྲོགས་པོ་ཚོ།།

ཇི་ལྟར་སྡོམ་ལ་ཅིའི་ཕྱིར་སྡོམ་དགོས་ཁྱོད་ཚོས་བསྡམ་མམ་མ་བསྡམ་ཀྱེ།།

སྡོམ་བྱེད་དེ་ལ་སྡོམ་ཤུགས་ཆེ་འམ་བསྡམས་ཀྱིན་བསྡམས་ཀྱིན་ཇི་འདྲ་རེད།།

སྡོམ་བྱ་དེ་ལ་སྡུག་བསྔལ་ཆེ་འམ་བསྡད་ཀྱིན་བསྡད་ཀྱིན་ག་འདྲ་རེད།།

ཚངས་པའི་བུ་མོའི་བྲང་ག་རིག་ན་ཁྱོད་ཀྱི་སྡོམ་པ་འགུལ་གྱིན་ཡོད།།

རིག་བྱེད་ལྷ་མོའི་ལྟེ་བ་དྲན་ན་ཁྱོད་ཀྱི་སྡོམ་པ་འཕག་གིན་ཡོད།།

གསང་འདུས་ཡབ་ཡུམ་སྒོམ་ཐེངས་རེ་ལ་ཁྱོད་ཀྱི་སྡོམ་པས་འདར་ཡོམ་བྱེད།།

གསང་དབང་བདུད་རྩི་མྱོང་ཐེངས་རེ་ལ་ཁྱོད་ཀྱི་སྡོམ་པས་མཆོང་ལྡིང་བྱེད།།

མིན་ཡང་ཁྱོད་ཀྱི་སྡོམ་པ་འདི་ལ་ཁྲག་རྩ་དྲོས་ན་ཉེན་ཁ་ཆེ།།

གདོས་བཅས་ལུས་ལ་གྲུབ་པ་ཡིན་ན་དེ་ཙམ་སོ་སོར་གསལ་པ་སྟེ།།

ལུས་ན་ཆགས་པའི་སྤུ་ལོང་གཡོ་ཞིང་ཡིད་དུ་ལན་བུའི་མེ་ཏོག་བཞད།།

རེག་བདེ་ནང་གི་ཁུ་བ་སོགས་ཀྱང་རྒྱུན་ལྡན་མི་ལ་ལོས་ཀྱང་འཛོམས།།

བུ་མོའི་འཛུམ་ཞལ་སྙིང་ལ་ཤོར་ཡོད་སྙིང་གི་ཕྱེད་ཀ་དེ་ལ་ཤོར།།

རྣམ་རིག་བུ་ཆུང་ཕྱི་རུ་ཤོར་ཡོད་རྣམ་རྟོག་ཆུ་མོ་ནངདུ་ཤོར།།

ཐ་ན་བ་སྤུའི་ཁུང་བུ་རེས་ཀྱང་ཆགས་པའི་དྲོད་རླངས་ཤོར་གྱིན་ན།།

ཁྱོད་ཀྱི་མ་ཤོར་སྡོམ་པ་ཞེས་པ་ད་ལྟ་གང་ན་བདེ་བར་ཡོད།།

ལོས་ཡིན་ལོས་ཡིན་དགའ་དང་སྐྱོ་སོགས་མི་བུ་རང་གི་ལྷན་སྐྱེས་ཏེ།།

གཏུབ་པས་མི་ཆོད་བཅོས་པར་མི་ནུས་ཆུ་དང་རླབས་བཞིན་དབྱེ་རུ་མེད།།

བློ་བཟང་རྒྱལ་བར་སྡོམ་པ་ཡོད་ཅེས་བདག་གིས་དམ་བཅའ་མི་ཕོད་ལ།།

དགེ་ཆོས་སྨྱོན་པར་ཤོར་བ་ཆེ་ཞེས་ཁོ་བོས་ཚིག་ཐག་མི་ཆོད་དོ།།

སྡོམ་པ་ཞེས་པ་སེམས་ཀྱི་ཡིན་ན་གོས་དང་རྩིག་པས་ཁོགས་ཐབས་མེད།།

མ་ཡིན་ལུས་ཀྱི་ཆ་ཙམ་ཡིན་ན་བྱིས་པ་དག་ཀྱང་སྡོམ་ལྡན་རེད།།

ཁོ་བོར་སྡོམ་པ་ཨེ་ཡོད་འདྲི་ན་མེད་ཅེས་སྐད་གསང་མཐོན་པོས་བཤད།།

འོན་ཀྱང་དག་པའི་ངོ་བོར་དཔྱད་ན་ང་འདྲའི་སྡོམ་ལྡན་མེད་ཀྱང་སྲིད།།

སྡོམ་པ་བཅིངས་པ་བཀྱིགས་པ་སོགས་ནི་དོན་གཅིག་མིང་གི་རྣམ་གྲངས་རེད།།

ཤོར་བ་གྲོལ་བ་ལྷོད་པ་སོགས་ཀྱང་དེ་ཡི་ལྡོག་ངོས་རྐྱང་རྐྱང་རེད།།

སེང་རྡོར་ཡིན་ན་ཕྱི་མ་འདེམས་ཤིང་བུད་མེད་ཅིག་དང་མཉམ་གཅིག་ཏུ།།

སྐྱིད་སྡུག་འཚོ་བ་ལྷན་དུ་རོལ་ཏེ་ཚེ་ཡི་དར་སྐུད་ཟད་ལ་དགའ།།

ཁོ་བོའི་སྡོམ་པ་སྙན་ངག་ཅིག་གིས་གྲོལ་དུ་བཞག་ཅིང་ལྷོད་དུ་བཞག།

ང་ཡི་སྡོམ་པ་ཚོར་སྣང་ཞིག་གིས་འཐོར་དུ་བཞག་ཅིང་ལོག་ཏུ་བཞག།

ད་ནི་སེང་རྡོར་སྒྲོག་ལས་ཤོར་བའི་རང་དབང་རྟ་མཆོག་རྒོད་པོ་སྟེ།།

འཁོར་བའི་རི་ལ་གློ་ཉལ་བྱེད་ཅིང་འཁོར་བའི་ཆུ་ལ་རྔེམ་འཐུང་བྱེད།།

 

༢༠༠༦༡༢༣༠

*’སྡོམ་པ’ལ་སོར་བྱང་སྔགས་སོགས་ཀྱི་དབྱེ་འབྱེད་བྱས་ཆོག་མོད།སྐབས་འདིར་དུས་རྒྱུན་རྣ་ཐོས་ཙམ་གྱི་གོ་བ་དེ་ཙམ་གྱིས་འཐུས།

 

གནང་བཀག

མུན་པའི་འགྲོ་ལ་འཐོམ་པའི་ལས་ཀ་བྱེད།

____<<སྟོན་པ་སངས་རྒྱས་ལ་ཕུལ་པའི་མེ་ཏོག>>*ལས།

 

ཤ་ནི་བཟའ་བར་མི་བྱ་ཞེས་ནི་ཐུབ་པ་ཆེན་པོས་བཀག་པ་རེད།།

ཅུང་ཟད་ཟོས་ན་མི་སྐྱོན་ཞེས་ཀྱང་ཉིད་ཀྱིས་ཆེད་དུ་གནང་བ་རེད།།A

བཀག་ཀྱང་བཀག་ལ་གནང་ཡང་གནང་བའི་མགོ་བོ་དཀྲུག་པའི་དུག་ཆང་འདི།།

སུ་ཡིས་འཐུང་ཡང་བདེ་བ་མེད་པ་རིག་པ་ཅན་གྱིས་ངེས་པར་འཚལ།།

སྲོག་ནི་གཅོད་པར་མི་བྱ་ཞེས་ནི་བུ་རམ་ཤིང་པས་བཀག་པ་རེད།།

ལ་ལ་བཅད་ཀྱང་འབབ་བོ་ཞེས་ཀྱང་ཁོང་གིས་བསམ་བཞིན་གནང་བ་རེད།།B

དམིགས་བསལ་ཆོ་ལོ་ཇི་ལྟར་སྦྱར་ཀྱང་ཁོ་བོ་འདི་ལ་མི་མཚར་ཏེ།།

སྒེར་གཅོད་ཅེས་པའི་ནད་ཡམས་དེ་ཡང་འདི་ནས་འབྱུང་ཞེས་སེང་རྡོར་ཟེར།།

བུད་མེད་བསྟེན་ན་མི་ཆོག་ཅེས་སུ་ཐམས་ཅད་མཁྱེན་པས་བཀག་པ་རེད།།

མཚམས་རེར་བསྟེན་ཀྱང་མི་འགལ་ཞེས་ཀྱང་རྒྱལ་བའི་བཀའ་ལས་གནང་བ་རེད།།C

མཁོ་དུས་དགོས་ལ་མིན་དུས་འདོར་བ་ད་དུང་འཕགས་སྤྱོད་ཡིན་ཟེར་ན།།

ང་ཚོའི་སྟོན་པའི་བྱེད་ལས་འདི་དག་འཇར་དམག་ཅིག་ལ་མི་ཉེ་འམ།།

བསད་ཁྲག་དམར་པོའི་ཀློང་ན་བརྒྱུགས་པའི་རེ་མ་ཏི་ལ་ཅི་ཞིག་བྱུང་།།

མགོ་རུས་འདྲལ་ཅིང་ཀླད་ཞོ་འཐུང་བའི་ཆོས་སྐྱོང་འདི་ཚོར་ཅི་ཞིག་ཉེས།།

སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་བཞེས་པའི་གདུག་པའི་དམག་ཚོགས་ཆེན་པོ་འདི།།

ཐོས་ཚོད་ལྟར་ན་ཤཱཀྱ་ཐུབ་པའི་བཀའ་ལྟར་བསྒྲུབས་མཁན་ཡིན་སྐད་འདུག

རྒྱུ་འབྲས་མེད་པར་བུ་དང་ཆུང་མ་ཐལ་བ་བཞིན་དུ་འདོར་པ་དང་།།

ངོ་ཚ་མེད་པར་མ་དང་སྲིང་མོར་བ་ཕྱུགས་བཞིན་དུ་སྤྱོད་པ་སོགས།།

ཚུལ་མིན་ལས་ལ་ཚུལ་དུ་བསྔགས་པའི་རྨོངས་པའི་བྱ་བ་འདི་དག་ཀྱང་།།

བཤད་ཡམས་མིན་ན་ཐུབ་པས་གསུངས་ཞེས་ཕྱོགས་དང་ཕྱོགས་ན་གོ་རྒྱུ་འདུག

གཤིན་རྗེ་རྒྱལ་པོས་རལ་གྲི་ཐོགས་ཏེ་ཁྲིམས་ལས་བྱེད་ལ་ངལ་བ་དང་།།

དབྱངས་ཅན་མས་ཀྱང་པི་ཝང་བརྡུངས་ནས་ད་ལྟ་ཅུང་ཟད་ཆད་ཡོད་འདྲ།།

རྡོ་རྗེ་འཆང་སོགས་གཞན་པ་དག་ལའང་རང་གི་ལས་ཀ་ཡོད་པ་སྟེ།།

ཐམས་ཅད་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་དོན་ཞིག་སྒྲུབ་ཀྱིན་ཡོད་དོ་སྐད།།

མ་སྐྱེས་དགྲ་ལ་ཐར་བ་ཐོབ་པ་སེམས་ཀྱི་མཐུ་ཞིག་ཡིན་ཞེས་ཟེར།།

མ་གྱུར་སེམས་ཅན་འདྲོང་དུ་མེད་པའང་སེམས་ལ་ཐུག་ནས་བསྡད་ཡོད་ཟེར།།

གང་ཡང་སེམས་ལ་ཐུག་པ་བདེན་ན་ཁྱོད་ཚོས་མདའ་གྲི་མདུང་ཐོགས་ཏེ།།

དམྱལ་བ་ལྷ་ཡུལ་དུད་འགྲོ་སོགས་སུ་སྨྱོ་རྟགས་ཅི་ཞིག་སྟོན་གྱིན་ཡོད།།

བདེ་སྐྱིད་དག་པའི་ཞིང་ཁམས་ཞེས་པ་ཟས་གཙང་སྲས་ཀྱིས་བཤད་པ་རེད།།

མ་དག་དམྱལ་བ་བཅོ་བརྒྱད་ཅེས་པའང་ཐུབ་པའི་ཁ་ནས་ཤོར་བ་འདྲ།།

གདུལ་བྱའི་སྣང་ཚོད་ཟེར་བཞིན་ཟེར་བཞིན་ལྟ་གྲུབ་སྣ་མ་སྣ་ཚོགས་བཟོས།།

དེང་སང་བལྟས་ན་སྣོག་རྒྱུ་མང་བའི་ཇི་འདྲའི་བླ་རྒན་མ་རབས་ཤིག

སྐྱོབ་རྒྱུ་གཉོར་རྒྱུ་འཐེན་རྒྱུ་སོགས་ནི་ཐུབ་པའི་གསུང་ན་མང་དུ་ཡོད།།

གསོད་རྒྱུ་གཏུབ་རྒྱུ་འདུལ་རྒྱུ་སོགས་ཀྱང་དེ་དང་ཁ་འགྲིག་སོ་འགྲིག་ཡོད།།

འདི་ལྟར་བསམ་ན་ཐུབ་པ་འདི་ཡང་དགྲ་འདུལ་གཉེན་སྐྱོང་བྱེད་མཁས་པའི།།

ཀླད་པ་ཅན་གྱི་དམག་དཔོན་ཞིག་ལ་བཛྲ་ས་ཏྭ་མི་རིག་གམ།།

གང་ལྟར་ཆོས་ལུགས་ཆོས་ལུགས་ཟེར་པ་གོ་ན་སྙན་སྙན་ཡག་ཡག་ཅིག

རིག་པ་རྣོན་པོས་ཞིབ་ཏུ་བརྟགས་ཚེ་ཨ་ཙི་དེ་འདྲའི་བླ་རྡོལ་ཅིག

གཞན་གྱི་བློ་ལ་འབབ་ངེས་མིན་ཀྱང་རང་གི་མྱོང་བ་དངོས་ཤིག་སྟེ།།

སྐུ་ཐང་ཞིག་གི་རྒྱབ་ངོས་ཐུར་ལ་ཁེར་དགོད་བྱེད་བཞིན་བྱེད་བཞིན་བྲིས།།

༢༠༠༧ ༤ ༡༥

_______________

A(རྣམ་གསུམ་དག་པའི་ཤ)

B(ཞིང་བཅུའི་བསྟན་དགྲ)

C(གསང་དབང་གི་སྐབས)

* <<གྲུ་ཟུར་གྱི་གསལ་སྒྲུབ>> ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ8པར།ཤོག་ངོས 41_45

ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་།

__ ཡིག་ངོ་ཙམ་ཆོད་པའི་རྩོད་མཁན་དག་ལ་ཕུལ་པ།

སྲོང་བཙན་སྐྱེས་ལོ་གཏན་ཁེལ་མི་ཐུབ་ཟེར།།

རྒྱ་བཟའི་ཡབ་ཡུམ་ཁ་ཚོན་མི་ཆོད་ཟེར།།

ཉེ་བའི་རང་རྒྱུས་ཞིབ་ཏུ་མི་ཤོད་པ།།

འཇམ་དབྱངས་སྤོ་བོས་སྦྲིད་སྨན་འཐུང་བའི་རྟགས།།

སྟོན་པ་ཅིག་ཅིག་ཉིན་ལ་འཁྲུངས་སོང་ཟེར།།

ཆོས་འཁོར་ཉིག་ཉིག་དུས་ལ་བསྐོར་སོང་ཟེར།།

རིང་བའི་གཞན་རྒྱུས་གཅིག་ཀྱང་མི་འཆུག་པ།།

དབྱངས་ཅན་རྨོ་མོའི་མཆུ་སྒྲོས་དྲོས་པའི་རྟགས།།

ཡི་གེ་བྱུང་བའི་རྗེས་ཀྱི་རགས་བཤད་ལ།།

གོང་འོག་སྡེབ་འཁྲུག་འདི་ཙམ་ཡོད་གྱུར་ན།།

ཡི་གེ་མ་བྱུང་སྔོན་གྱི་ཞིབ་དོན་ལ།།

ཆད་ལྷག་ཅུང་ཟད་མེད་པ་དེ་ཡང་མཚར།།

འོད་སྲུང་རྒན་པོས་ཆད་ཆད་མཐུད་མཐུད་བཏོན།།

འཇམ་དཔལ་གཞོན་ནུས་ཉག་ཉོག་ལྡབ་ལྡིབ་སྨྲས།  །

ཀུན་དགའ་བོ་ཡིས་ཡིན་ཡིན་ཅོག་ཅོག་བྱས།།

རྒྱལ་བའི་བཀའ་བསྡུ་དང་པོ་དེ་ལྟར་བྱུང་།།

བློ་ནས་བློ་ལ་བསྡུས་པ་ཙམ་ཞིག་གོ།

མི་འཁྲུག་རིག་པའི་རྒྱ་ཞིག་མ་བཏབ་བོ།།

ངག་ནས་ངག་ལ་བསྐྱར་བ་ཙམ་ཞིག་གོ།

མི་བརྗེད་བདེན་པའི་པར་ཞིག་མ་བརྐོས་སོ།།

ལོ་ངོ་བརྒྱ་ཕྲག་འགའ་ཡི་རྗེས་སུ་ནི།།

ཡིག་ངོར་ཕབ་པའི་སྲོལ་ཞིག་དར་མོད་ཀྱང་།།

གནང་བཀག་ལམ་ལ་རྩོད་པ་ཆེར་བྱུང་སྟེ།།

མི་མཐུན་ལྟ་བའི་ཕྱོགས་ཁག་བཅོ་བརྒྱད་གྱེས།།

དེ་ལྟར་ཆགས་སྡང་ཞུགས་ལྕེ་འབར་གྱུར་ནས།།

རང་བློར་འཚམས་པའི་མདོ་རྒྱུད་འབེལ་པོ་བརྩམས།།

དེ་ལ་བཀའ་དང་ལུང་གིས་སྒྲོ་བཏགས་ཏེ།།

རྒྱལ་ཕམ་གཡུལ་འགྱེད་རིང་མོ་ཀུན་གྱིས་བྱེད།།

ཁྱོད་ཀྱིས་བཤད་ན་ཁྱོད་རང་ཚད་མ་ཡིན།།

ང་ཡིས་སྨྲས་ན་ང་ཡང་བདེན་པ་ཡིན།།

ཤཱཀྱ་ཐུབ་པ་དངོས་སུ་མི་བཞུགས་པས།།

བདེན་རྫུན་དབྱེ་བ་གང་གིས་ཅི་ལ་ཤེས།།

ཉིན་ཞིག་མཐུན་ཐབས་སྨྲ་བའི་མིའུ་ཆུང་ཞིག།

གློ་བུར་ངན་གཡོའི་ཐབས་ཤིག་དྲན་གྱུར་ཏེ།།

ཀྲི་ཀྲིའི་རྨི་ལྟས་བཅོ་བརྒྱད་ལ་སོགས་པའི།།

ཟེར་སྒྲོས་འགོང་པོ་ལག་རིང་ཆེད་དུ་འུར།།

གཏམ་དེ་ཐོས་པས་ཡོད་ཚད་དགའ་གྱུར་ནས།།

ཁྱོད་ལ་བཟང་ཞིང་ང་ལ་མི་གནོད་པ།།

འུ་ཚོ་ཚང་མ་སྟོན་པའི་གཅེས་ཕྲུག་ཅེས།།

ཁ་མང་མཐུན་པའི་སྨྱོན་པ་ཇེ་མང་སོང་།།

གདུལ་བྱར་གསུངས་ཚུལ་ཤིན་ཏུ་མི་འདྲ་ཡང་།།

དཔྱད་ན་དགོངས་པ་གཅིག་ཏུ་འབབ་བོ་ཞེས།།

ཡར་ཀླུང་མཁན་པོས་ཁོ་ལ་བསྟུན་དགོས་ཟེར།།

ཡར་ཀླུང་ཚོ་བས་ཁྱོད་ལ་ལོས་བསྟུན་ཟེར།།

དེས་ན་ཕྱོགས་གླང་ཆོས་གྲགས་ལ་སོགས་པའི།།

གནའ་མི་འབུམ་ཕྲག་ཅིག་གི་ལབ་སྒྲོས་ཏེ།།

སྟོན་པ་གཅིག་གི་གསུངས་སུ་བརྫུས་པ་ལ།།

ཐམས་ཅད་མཁྱེན་པའི་སྐྱེས་བུ་ད་གདོད་འབྱུང་།།

དེ་བཞིན་ཐེག་ཆེན་ཐེག་དམན་ལ་སོགས་པའི།།

བརྡ་དང་ཐ་སྙད་མང་པོ་འཕེལ་གྱུར་ནས།།

བརྩིས་ན་མི་ཚར་བཏོན་ན་མི་ནུས་པའི།།

ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་བྱུང་།།

དེ་སོགས་བོད་ཀྱི་སྐད་དུ་འགྱུར་བ་ལ།  །

བཀའ་འགྱུར་ཞེས་པའི་རྫིག་མིང་ཆེན་པོ་བཏགས།།

དེ་ལ་རབ་ཏུ་མྱང་སྟེ་བརྟག་བྱས་ན།།

འགལ་པའི་གཏམ་ཡན་ལུ་གུ་རྒྱུད་དུ་ཡོད།།

ཀླུ་སྒྲུབ་གདེངས་ཅན་ཡུལ་དུ་མ་ཕེབས་ཤིང་།།

ཐོགས་མེད་དགའ་ལྡན་གནས་སུ་མ་གཤེགས་ཏེ།།

ཤེར་ཕྱིན་འབུམ་པ་ཀླུ་སྒྲུབ་བློ་ཡི་ཤོབ།།

བྱམས་ཆོས་སྡེ་ལྔ་ཐོགས་མེད་ཐབས་ཀྱི་རྫུན།།

རྒྱ་གར་ཕོ་མོ་མང་པོའི་བློ་རྩལ་ལས།།

རཱ་མ་ཎ་སོགས་བྱུང་བ་ཅི་མཚར་ཏེ།།

འཛམ་གླིང་ཡུལ་གྲུ་སོ་སོའི་བཤད་རྒྱུན་ལས།།

བཀའ་བསྟན་ཆུ་བོ་བཞུར་བ་ལྷག་ཏུ་མཚར།།

གེ་སར་ལྷ་སྒྲུང་རིང་མོ་ཇི་ལྟར་བྱུང་།།

རྒྱལ་བའི་བསྟན་པ་ཞེས་པའང་དེ་ལྟར་བྱུང་།།

ཇོ་རུའི་ལྕང་དཀར་བེར་ཀ་མི་བདེན་ན།།

ཐུབ་པའི་ཕྱག་ཞབས་འཁོར་ལོའང་ཇི་ལྟར་བདེན།།

གེ་སར་ཚད་མར་བསྒྲུབས་པ་ཇི་བཞིན་དུ།།

སྟོན་པ་ཚད་མར་བསྒྲུབས་པའང་དེ་དང་འདྲ།།

ཇོ་རུའི་རྟ་ཕུར་མཐོང་བ་ཇི་བཞིན་དུ།།

སྟོན་པའི་གསོལ་ཕོར་མཐོང་ནའང་ཅི་ཞིག་མཚར།།

ཆོས་མགོ་རྒྱ་གར་ཡུལ་ལ་ལྟོས་ཤིག་དང་།།

ཆོས་རྔ་བོད་ཡུལ་ཞར་དུ་མི་རིག་གམ།།

“གཅིག་ལ་གཉིས་སུ་འཁྲུལ”*བའི་ཤོབ་ཆེན་འདི།།

དགོས་མིན་སྙིགས་རོ་ཙམ་དུ་ཁོ་བོས་སྨྲ།།

༢༠༠༦  ༡༢  ༡༨

__________

*<< རྫ་དཔལ་སྤྲུལ་གྱི་གསུང་འབུམ>>དེབ་དང་པོ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༣ལོའི་ཟླ༧པར།  ཤོག་ངོས༡༦༤པར་གསལ།

 

དྲི་མེད་ཀུན་ལྡན་གཏན་ལ་ཕབ་པ།

__ བར་ཁྱད་དང་ཧེ་བག་ཡོད་པའི་ངོ་བོའི་གཤིབ་བསྡུར།

འདི་ཡིས་རྒྱུ་འབྲས་སྲུང་ངམ་མི་སྲུང་སྙིང་རྗེ་ཡོད་དམ་མེད་དམ་ཅི།།

བྱས་པ་ཁྲིམས་དང་མཐུན་ནམ་མི་མཐུན་གནས་ལུགས་ལྡན་ནམ་མི་ལྡན་ཀྱེ།།

ཆོས་ཀྱི་ཆུ་དང་སྲིད་ཀྱི་མེ་གཉིས་ཡེ་ནས་མི་འཚམ་སོ་སོ་སྟེ།།

གཅིག་གི་རྩ་དོན་གཅིག་གིས་བཤིག་ཅིང་གཅིག་གི་ངོ་བོས་གཅིག་ལ་གནོད།།

རང་ལ་ཅི་ཡོད་རྩྭ་བཞིན་འདོར་པ་ཆོས་ལ་དེ་ལས་ལྷག་པ་མེད།།

བདག་འཛིན་འགོང་པོ་རྩ་ནས་ཆོད་པའི་ཤེས་རབ་མཆོག་ནི་དེ་ལ་ཟེར།།

སྙིང་གི་བུ་དང་ཆུང་མ་གཉིས་ཀྱང་ཅི་མི་སྙམ་པར་སྦྱིན་མཁན་ལ།།

སྙིང་རྗེ་ཞེས་པའི་དྲི་ཙམ་ཨེ་བྲོ་འཁོར་བའི་མི་རྣམས་བསམས་པར་བྱ།།

སྙིང་རྗེ་མེད་ན་རྒྱུ་འབྲས་ཅི་བཤད་གནས་ལུགས་ཟེར་པ་གང་ན་ཡོད།།

ངོ་ཚ་ཁྲེལ་གཞུང་མཛའ་བརྩེ་སོགས་ནི་ཐལ་བར་གྱུར་ཞིང་མེད་པར་སོང་།།

དེས་ན་སེམས་མེད་སྐྱེ་བོ་འདི་ལ་ཁྲམ་པ་མི་ཟེར་ཅི་ཞིག་ཟེར།།

དེས་ན་ཁྲམ་པའི་བྱས་ཉེས་དག་ལ་སུན་འབྱིན་མི་བྱེད་ཅི་ཞིག་བྱེད།།

འོན་ཀྱང་འདི་ནི་སྲིད་ཀྱི་ངོས་ཡིན་ཆོས་ལ་སྦྱར་ན་དེ་ལྟ་མིན།།

ཁྲམ་པའི་མིང་ལ་འཕགས་པ་ཟེར་ཞིང་བྱས་ཉེས་མིང་ལ་འཕགས་སྤྱོད་ཟེར།།

རྒྱུ་འབྲས་ཡོད་ལ་གནས་ལུགས་ལྡན་ཟེར་སྙིང་རྗེ་ཤིན་ཏུ་ཆེ་བར་ལབ།།

འདིས་ཀྱང་ཆོས་སྲིད་རྨང་ནས་འགལ་བ་རིག་པ་ཅན་དག་སླ་བར་ངེས།།

ཆོས་ཀྱི་རྒྱུས་འབྲས་ཇི་ལྟར་བརྩིས་ན་མི་ཡི་རྒྱུས་འབྲས་དེ་ལྟར་བསྣོག།

མི་ཡི་ཚུལ་ལའང་གང་ལྟར་གོམས་ན་ཆོས་དང་ལྡོག་ཟླ་རྐྱང་རྐྱང་བསྒྲུབ།།

བུ་དང་ཆུང་མ་སྤྲང་བོར་གཏད་ན་ཆོས་ལ་འགྲིག་ཀྱང་སྲིད་ལ་མིན།།

གལ་ཏེ་བཟའ་ཟླའི་འདང་རྩིས་བསམ་ལ་སྲིད་ལ་ཕན་ཡང་ཆོས་ལ་གནོད།།

བུ་དང་ཆུང་མ་ཁྱོད་ཀྱི་ཡིན་ཀྱང་ཁེ་དབང་རྩིས་ཐང་ཁོ་ཚོའི་ཡིན།།

‘བདག’གི་བཙོང་སྟེར་གཡོར་སྐྱི་སོགས་ལ་ཁྱོད་ལ་ཁྱད་དབང་ཅི་ཞིག་ཡོད།།

ཉིད་ཀྱི་སྦྱིན་པའི་ཚོགས་ཆེན་རྫོགས་ཕྱིར་གཞན་གྱི་རྩིས་ཐང་བརླགས་བྱས་ན།།

དཔལ་ཡོན་གློ་སྙིང་འབུ་ཡིས་ཟོས་པའི་ནང་གི་ནག་ཉེས་གཞན་ཞིག་འགྲུབ།།

ཡིད་འཐད་མིན་པའི་འཁྲིག་སྤྱོད་བྱས་ན་བཟའ་ཟླ་ཡིན་ཡང་ལུགས་འགལ་ཟེར།།

རང་འཐད་མིན་པའི་གཉེན་ཡ་བཙལ་ན་ཕ་མ་ཡིན་ཡང་ཁྲིམས་འགལ་ཟེར།།

ཐ་ན་གཏམ་ཙམ་སྨྲ་ཉེས་ཤིག་གིསའང་འབག་པར་བྱ་བ་མང་གྱུར་ན།།

བུ་དང་ཆུང་མ་ཟས་ལྟར་སྦྱིན་པ་ཁྲིམས་དང་ཨེ་མཐུན་ཞིབ་ཏུ་སོམས།།

མན་དཱེ་མ་ཡིས་ཁྲིམས་གཞུང་ཤེས་ན་ཁྱོ་ཡི་རྒྱབ་ཏུ་གཤེ་གཤེ་གཏོང་།།

ལེགས་མཛེས་མ(བྱིས་པ་གཞན་གཉིས་ཀྱང་འདུ)ཡིས་མི་ཆོས་རྟོགས་ན་ཕ་ཡི་རྗེས་སུ་ཁྲེལ་དགོད་བྱེད།།

མངོན་སུམ་རང་གི་བབས་ལ་སྦྱར་ནས་རབ་ཏུ་མྱང་སྟེ་དཔྱད་ཤེས་ན།།

སུ་ཡང་དྲི་མེད་ཀུན་ལྡན་འདི་ལ་ལྟ་ཚུལ་གཞན་ཞིག་ངང་གིས་སྐྱེ།།

ཆུང་མ་བུ་ཕྲུག་ཤུལ་དུ་བསྐྱུར་ཏེ་དབུས་སུ་བྲོས་པའི་ཁྲམ་པ་དང་།།

ཕ་མ་སྤུན་ཟླ་རྒྱང་དུ་དོར་ཏེ་ཁྲོམ་དུ་ཉུལ་བའི་འཆལ་མོ་སོགས།།

ཇི་ལྟར་ངན་ཡང་ཤེས་རབ་ཕྲ་མོས་རྣམ་ཐར་འདི་དང་བསྡུར་བྱས་ན།།

དེ་ལས་ངན་པའི་ཁྲག་གི་གྲོད་པུ་དཀར་ཁུང་ནང་ནས་ལྷུང་བར་འགྱུར།།

དམེ་བ་དགུ་འཛོམས་ཁྲག་གྲོད་འདི་ལ་ང་ཚོས་འོད་སྟོང་རིག་གནས་ཟེར།།

ཆེན་པོ་རྣམས་ཀྱིས་མཚར་དུ་བརྩི་བའི་དམ་ཆོས་ཞེས་པའང་འདི་ལ་འབོད།།

མི་ཡི་ཡུལ་ཁམས་རྨང་ནས་དཀྲུགས་པའི་བདུད་ཀྱི་ཉལ་ཐ་འདི་འདྲ་བ།།

ཀྱི་ཧུད་བསྐལ་པའི་མཐའ་ལ་ཐུག་ཀྱང་རྡུལ་ཙམ་མི་འབྱུང་གསོལ་བ་འདེབས།།

 

༢༠༠༧༡༡

 

བེམ་པོའི་བསྟན་བཅོས།

ཀ་བའི་ལོགས་སུ་སྤྱིལ་ཞིག་བཟོས་ཏེ་བེམ་པོ་དེ་རུ་འཇོག་པ་དང་།།

ཁ་སྣ་མ་བསྐུམ་མ་ལྡོག་སྔོན་ལ་ཡན་ལག་ཐག་པས་སྦྲེལ་བར་བྱེད།།

ག་ལེར་རས་སྐུད་ཕྲ་མོ་ཞིག་གིས་མིད་པ་ཡུན་གྱིས་སྡོམ་པ་སོགས།།

ང་ཚོའི་དུར་ལས་བྱེད་སྟངས་འདི་ལ་བསམས་ཤིང་བསམ་ན་ངུ་རྒྱུ་ཡོང་།།

ཅ་ཅོ་ངུད་མོ་དབྱངས་སུ་འཐེན་པ་མྱ་ངན་བྱེད་པ་ཡིན་མཆི་ཡང་།།

ཆ་མེད་མི་ལ་རྗེན་གཟུགས་སྟོན་པ་རྩེད་སྤྱད་བྱེད་པ་མ་ཡིན་ནམ།།

ཇ་སྐྱེམས་མཆོད་དང་ཚ་གསུར་འཕུད་པར་དགོས་པ་ཕྲན་ཙམ་ཨེ་ཡོད་དམ།།

ཉ་སྟོང་སྨྱུང་གནས་སྲུང་བ་དེ་ཡང་ཞིབ་ཏུ་བསམ་ན་གླེན་རྟགས་ཤིག།

ཏཱ་རེ་མ་ཎིའི་གྲངས་ཀ་དེ་ཡིས་ཅི་ཕན་ཅི་ཡང་མི་ཕན་ཏེ།།

ཐ་ན་སྔས་མགོའི་བླ་མ་དེ་ཡང་ཅི་ཡིན་ཅི་ཡང་མ་ཡིན་ཏེ།།

ད་དུང་བདུན་དང་ཁྲུས་ཆོག་སོགས་ཀྱང་རྩེད་སྤྱད་དགོད་སྤྱད་ཏག་ཏག་སྟེ།།

ན་འཆིའི་འཇིགས་པ་ཚར་བའི་རྗེས་སུ་རྣམ་ཤེས་ཟེར་པ་གང་ན་ཡོད།།

པ་ཕ་ཨ་མ་ཕུ་ནུ་མིང་སྲིང་སྐྱེ་བོ་སུ་ཞིག་ཡིན་ན་ཡང་།།

ཕ་བོང་ལྟ་བུའི་འཆི་བའི་བདུད་པོ་ནམ་ཞིག་ཐོག་ཏུ་བབ་པའི་ཚེ།།

བ་མ་ཐོམ་བུ་སྐུ་དང་གཟུངས་སྔགས་ཅི་དང་ཅི་ཡང་མ་དགོས་ཏེ།།

མ་རབས་ཆོས་ཀྱི་གཏེ་བོ་དེ་ཚོར་ཤུལ་རྒྱུ་འཕྲོ་བརླག་ཅི་ལ་བྱེད།།

ཙ་རིའི་བྲག་གི་བྱ་ཁྱུར་འཕེན་པ་བློ་ལ་དེ་ཙམ་མི་འབབ་ཅིང་།།

ཚ་ཞིང་སྲེག་པའི་མེ་ལ་བཞུ་བ་དེ་ཡང་དེ་ཙམ་མི་མཛེས་མོད།།

ཛ་རེ་ཛོ་རེ་མེད་ས་ཞིག་ཏུ་ལུས་པོ་གུ་ཡངས་ལྷོད་ཡངས་སུ།།

ཝ་ཐུལ་ལྟ་བུའི་དྲོད་འཇམ་ཞིག་གིས་ལྕིབས་པར་བྱས་ན་ག་འདྲ་འདུག།

ཞྭ་གོས་ལྷམ་སོགས་བཤུ་འཕུད་བྱེད་པ་བཙན་གཡེམ་ཞིག་ལ་མི་འདྲ་འམ།།

ཟ་བྱེད་མགྲིན་པ་ཐ་གུས་དགོག་པ་ལྐོག་གསོད་ཅིག་ལ་མི་རིག་གམ།།

འ་ཅག་བོད་ཀྱི་དུར་ལས་འདི་ནི་གདོད་མ་གདོད་མའི་དར་སྲོལ་ཏེ།།

ཡ་མཚན་སྙིང་བོ་གང་ཡང་མེད་པས་ད་ནི་བག་ཙམ་བཅོས་ན་ལེགས།།

རྭ་ཅན་གཤིན་རྗེ་རྒྱལ་པོ་ཟེར་བ་རྨོངས་པའི་ངག་གི་ཤོབ་ཙམ་སྟེ།།

ལ་བརྒྱ་ལུང་སྟོང་ཇི་ལྟར་ཉུལ་ཡང་ཁྱི་སྐྱག་དེ་འདྲ་མ་ཡོད་དེ།།

ཤ་ཁྲག་ལུས་སུ་རིག་པ་ཡོད་པ་གཅེས་ན་དེ་དུས་གཅེས་དགོས་ཏེ།།

ས་རྩ་རུབ་བཞིན་སྣ་དབུགས་ཆད་ཚེ་སྐྱོ་བས་ངུ་བ་སྟོང་ངུ་ཡིན།།

ཧ་ལམ་མི་ལོ་སྟོང་ཕྲག་ཅིག་ལ་སུ་ཡི་ངག་ནས་མ་ཐོན་པའི།།

ཨ་ལགས་རྣམས་ཀྱི་ཅ་ནེ་གཅོག་པའི་རྡོ་བ་འདི་ཡང་སེང་རྡོར་ནས།།

 

༢༠༠༦  ༡༢   ༣༠

ལྷ་ཞལ་མཇལ་པའི་ལོ་རྒྱུས།

དབྱངས་ཅན་ལྷ་མོའི་ཁྲོག་སྒྲ་དེ་ལ་ཁོ་བོ་རྟག་ཏུ་རྣ་བ་སུན།།

ཏཱ་རེ་སྒྲོལ་མའི་ཤ་མདོག་དེ་ལ་ང་རང་ཅུང་ཟད་ཞེན་ཁ་ལོག

རེ་མ་ཏི་ཡི་ཚུགས་ཀ་ཙམ་གྱིས་སེང་རྡོར་དངོས་གནས་ཧད་པར་བྱས།།

དེ་ཡིས་རང་གི་རྩེད་གྲོགས་མ་ལ་དུངས་པའི་ནང་གི་དུངས་པ་སྐྱེས།།

 

ཐོགས་རེག་མེད་པའི་འཇའ་ཞིག་མ་རེད་ང་ལ་ཐུག་གིན་རེག་གིན་ཡོད།།

ཚོར་སྣང་མེད་པའི་འབག་ཅིག་མ་རེད་ང་ལ་གཤེ་བཞིན་སྐུལ་བཞིན་ཡོད།།

ཐལ་མོ་སྦྱོར་ས་ཙམ་ཞིག་མ་རེད་ལུས་པོ་ཧྲིལ་གྱིས་མནན་ཀྱང་ཆོག

ཉི་མ་ངན་ཞིང་སྐར་མ་བཙོག་ཀྱང་ང་དང་འབྲལ་མེད་ལྷན་དུ་ཡོད།།

 

དམིགས་པ་ཕྲ་མོས་གསལ་གདབ་མི་དགོས་ཝ་ལེར་འཆར་ཞིང་གསལ་ལེར་མཐོང་།།

སྔགས་མང་བསོག་པའི་བསྙེན་བསྒྲུབ་མི་དགོས་མདུན་ན་རྩེ་ཞིང་པང་ན་དགོད།།

སྤོས་དང་མར་གྱིས་མཆོད་པ་མི་དགོས་ལག་པས་བྱིལ་བྱིལ་ཙམ་བྱོས་དང་།།

ཐུན་མོང་ཐུན་མིན་དངོས་གྲུབ་ཐམས་ཅད་ཁྱོད་ཀྱི་འདོད་བཞིན་འཇོ་བར་བྱེད།།

 

ཁ་སྣ་མང་བའི་ལྷ་ཞིག་མ་ཡིན་ཁྱོད་དང་དགོས་མཁོ་ཡོངས་སུ་མཐུན།།

འགྲོ་འདུག་རྒོད་པའི་འདྲེ་ཞིག་མ་ཡིན་ཁྱོད་དང་སྤྱོད་ལམ་གཅིག་ཏུ་འདྲེས།།

ནམ་གུང་བལྟས་ཀྱང་ཁྱོད་དང་ལྷན་དུ་སྔུར་བ་ཡང་མོ་འཐེན་པ་ལས།།

མི་མཐོང་ཐག་རིང་ཡུལ་དུ་ཕྱིན་ཏེ་འཇིགས་རུང་གང་ཞིག་འཁྲབ་ཀྱིན་མེད།།

 

རིག་བྱེད་མ་བཞིན་ཀུན་ལ་མི་སྟོན་ཁྱོད་ཉིད་ཙམ་ལ་སྟོན་པ་ཡིན།།

མཁའ་སྤྱོད་མ་བཞིན་ཀུན་ལ་མི་ཉལ་ཁྱོད་ཉིད་ཙམ་ལ་ཉལ་བ་ཡིན།།

དེ་བས་ཁྱོད་དང་ཁོ་མོ་འཕྲད་པར་འཆལ་བའི་དྲི་ཙམ་བྲོ་བ་མིན།།

ངོ་བོ་ཉིད་ཀྱིས་ངོ་བོ་ཞི་བ་ཡིན་པའི་ལུགས་ཀྱི་བདེན་པ་ཟེར།།

 

ཅོག་ཙེ་སྟེང་ན་ས་རྡུལ་དག་ཅིང་དཀར་ཡོལ་ནང་དུ་ཟས་རག་མེད།།

ཡོ་བྱད་ལ་སོགས་ཚགས་སུ་བསྒྲིགས་ཅིང་ཐབ་མེ་འབར་ཞིང་ཆུ་ཁོལ་གདུ།།

དེ་ནི་ཁྱོད་ཀྱི་ལྷ་མོས་བསྩལ་པའི་ཚན་ཁ་འབར་བའི་བྱིན་རླབས་ཏེ།།

ཚེ་རིང་མཆེད་ལྔས་འདི་དག་མཐོང་ན་ལག་པ་རྡུམ་ཞིང་རྐང་པ་ཞ།།

 

ངལ་བའི་ཐིགས་པ་མཚོ་རུ་བསྐྱིལ་ཏེ་ཁྱིམ་ན་ཁ་ཟས་གཡོ་སྐོལ་བྱེད།།

གྲང་བའི་ཁ་ཆར་གདོང་གིས་བསུས་ཏེ་རི་ན་ཟོག་ལུག་འཚོ་སྐྱོང་བྱེད།།

དེ་ནི་ཁྱོད་ཀྱི་ལྷ་མོས་ཕུལ་པའི་ཐུགས་རྗེའི་འོད་ཀྱི་ཞགས་པ་སྟེ།།

མཁའ་འགྲོ་སྡེ་ལྔས་འདི་དག་རིག་ན་ངོ་པགས་ཚ་ཞིང་ཤུགས་རིང་འཆོར།།

 

ན་བའི་ཚེ་ན་འབོད་ཀྱང་མི་དགོས་ཁྱོད་ཀྱི་སྔས་ན་འཛུམ་གྱིས་བཞུགས།།

དགའ་དང་དུངས་པས་ཁ་ཚར་བཏབ་པའི་སྨན་མཆོག་དེ་ཡང་ཁོ་མོ་ཡིན།།

གྲང་བའི་དུས་ལ་རྦད་ཀྱང་མི་དགོས་ཁྱོད་ཀྱི་རུམ་ལ་དྲོད་ཀྱིས་བསླེབ།།

མཆུ་དང་བྲང་གི་བར་ཚངས་ཅན་གྱི་གོས་མཆོག་དེ་ཡང་ཁོ་མོ་ཡིན།།

 

བྲིས་པའི་ཐང་གའི་རི་མོ་མིན་ལ་ཉོས་པའི་ཤེལ་གྱི་ལྡེར་སྐུ་མིན།།

ལྷ་སྒྲུང་ནང་གི་བེམ་རོ་མིན་ལ་སྔགས་རྒན་ཁ་ཡི་འུད་གཏམ་མིན།།

ལྟོས་དང་མིག་ཟུང་འགུལ་གྱིན་འདུག་ལ་ཉོན་དང་སྙིང་ཆུང་ལྡིང་གིན་འདུག

བླ་སྲོག་ཅན་གྱི་ལྷ་མོ་འདི་ནི་ཁྱོད་ཀྱི་རྙེད་པ་མཐར་ཐུག་ཡིན།།

 

འདི་ལ་འོས་མིན་བྱ་བ་སྤོངས་དང་ཁྱོད་ནི་ཁྲིམས་ལྡན་དགེ་སློང་ཡིན།།

འདི་ལ་ཚུལ་མིན་སྦྱོར་བ་སྤོངས་དང་ཁྱོད་ནི་རྒྱལ་སྲས་སེམས་དཔའ་ཡིན།།

འདི་ལ་མཉེས་གཤིན་བརྩེ་བས་སྐྱོངས་དང་ཁྱོད་ནི་ཐེག་ཆེན་དྲང་སྲོང་ཡིན།།

འདི་ཉིད་ཁོ་ན་གཙིག་ཏུ་ཁུར་དང་ཁྱོད་ཀྱི་མི་ལུས་དོན་ལྡན་ཡིན།།

 

འདི་ཉིད་སུ་ཡིས་ཉེས་པར་བརྩི་ན་དེ་ལ་རྟེན་འབྱུང་གནམ་མི་དགྱེས།།

འདི་ལ་གང་གིས་སྨོད་པར་བྱེད་ན་དེ་ལ་ཆོས་ཉིད་ས་མི་དགའ།།

གང་འདི་མི་གཙང་འདམ་དུ་བཤད་པའི་སྐྱེ་བོ་དེ་ལ་ཅི་ནས་ཀྱང་།།

ནམ་ཞིག་རིག་པའི་རྒྱལ་པོ་དེ་ཡི་བདེན་པའི་བཀའ་ཆད་ངེས་པར་འཕོག

 

འདི་ཡི་སྐད་ངག་རོལ་དབྱངས་འདྲ་བས་ལྕགས་ཆ་བཙན་གྱིས་དཀྲོལ་དགོས་མེད།།

འདི་ཡི་སྐྱེ་འབྲས་མེ་ཏོག་འདྲ་བས་དག་སྣང་ཆེད་དུ་སྦྱོང་དགོས་མེད།།

འདི་ནི་དྲི་ཞིམ་སྐྱེད་ཚལ་ཡིན་ལ་འདི་ནི་རོ་མངར་ཀ་ར་ཡིན།།

འདི་ཡི་མཚན་དང་དཔེ་བྱད་ཚང་མའང་ཤཱཀྱ་ཐུབ་པར་ལྡོག་སྟེ་སྦྱོར།།

 

འདི་ཡི་མཚན་བཟང་མཚན་བཟང་ཡིན་ལ་གཞན་གྱི་མཚན་བཟང་མཚན་བཟང་མིན།།

འདི་ཡི་དཔེ་བྱད་དཔེ་བྱད་ཡིན་ལ་གཞན་གྱི་དཔེ་བྱད་དཔེ་བྱད་མིན།།

རིན་ཆེན་འདི་འདྲ་ངོས་ཟིན་གྱིས་ལ་འཁྲུལ་པའི་འཇའ་ཚོན་རེ་ཞིག་སྤོངས།།

རང་གི་ཁྱིམ་ན་ཡོད་པ་བཞིན་དུ་དུར་ཁུང་ནང་དུ་ཅི་ཞིག་འཚོལ།།

 

ལྷ་ཡུལ་མི་སྐྱིད་མི་ཡུལ་སྐྱིད་ལ་ལྷ་མོ་མི་མཛེས་མི་མོ་མཛེས།།

དགའ་སྡུག་ཆུ་མོ་གྱ་གྱུར་བབས་ན་ལྷག་ཏུ་མཛེས་ཤིང་ལྷག་ཏུ་སྐྱིད།།

མཁའ་འགྲོ་མི་བཟང་ས་འགྲོ་བཟང་ལ་ཕྱག་བཞི་མི་ཡག་ཕྱག་གཉིས་ཡག

ལོ་ཆུང་སྣང་བ་གཅིག་ཏུ་མཐུན་ན་ཤིན་ཏུ་བཟང་ཞིང་ཤིན་ཏུ་ཡག

 

སྐྱེས་པའི་མི་ཚེ་རི་ནས་རྫོགས་པའི་དྲང་སྲོང་རྣམས་ཀྱིས་མ་ཟིན་ཞིང་།།

དལ་བའི་ལུས་རྟེན་སྒང་ནས་ཟད་པའི་རྒན་པོ་དག་གིས་མ་མཇལ་པའི།།

སིལ་སྒྲ་དང་བཅས་ལན་བུ་ཤད་པའི་སྙིང་ལ་རྣོ་བའི་ལྷ་མོ་ཞིག

དེ་རིང་སྨྱོན་པའི་གོ་ཁའི་ནང་ན་སྒེག་པའི་ཉམས་ཀྱིས་བཙོག་པ་མཐོང་།།

 

བློ་བཟང་རྒྱལ་བས་སྤྲིན་གྱི་གསེབ་ནས་ཆ་ཤས་ཙམ་ལས་མ་མཐོང་ཞིང་།།

དཱི་བཾ་ཀ་རའི་རྨི་ལམ་ནང་དུ་རབ་རིབ་ཙམ་ལས་མི་འཆར་པའི།།

སྨན་གྱི་ལུས་ལ་ཆང་གི་མིག་ཅན་ངེས་པ་དོན་གྱི་ལྷ་མོ་དེ།།

བདག་གི་ཁྱིམ་ན་གསོན་པོར་རྒྱུ་བས་ཨེ་མ་ང་ནི་སྐལ་པ་བཟང་།།

 

བག་ཆགས་རྙིང་པའི་སེང་རས་གཤོག་དང་ལྷ་མོའི་ལུས་ཀྱི་ཕྱེད་ཙམ་མཐོང་།།

འདུ་ཤེས་རྙིང་པའི་མགོ་འབག་ཕུད་དང་ལྷ་མོའི་སྐད་ཀྱི་ཟུར་ཙམ་ཐོས།།

ཤེས་རབ་བློ་ཡིས་ཞིབ་མོར་དཔྱོད་དང་ལྷ་མོ་གམ་ན་འཛུམ་མེར་ཡོད།།

དགག་སྒྲུབ་མིག་གིས་ཅེར་རེར་ལྟོས་དང་ལྷ་མོ་མདུན་ན་གྲོང་ངེར་ཡོད།།

༢༠༠༦  ༩  ༡༩

མི་ལ་རས་པའི་ཕྱི་དུམ།

འཁོར་བའི་རི་ལ་རྒྱབ་ཀྱིས་ཕྱོགས།།

ཚོར་བའི་རྟ་རྒོད་སྒྲོག་ལ་བཅུག།

མ་ཤི་ཙམ་དུ་འཚོ་བ་ཡི།།

རུས་ལངས་གོག་པོ་འཁྱར་འཁྱོར་འགྲོ།

ངོ་ན་སེར་ག་ཞིག་སེ་འདུག།

ལུས་ན་ཤིག་སྲོ་ཐར་སེ་འདུག།

མཆུ་སྣ་སྐམ་ཞིང་མིད་པ་འགག།

ནད་ཚུགས་དང་བཅས་འོ་དོད་འབོད།།

མི་ཡི་རི་མོ་འཇའ་བཞིན་ཡལ།།

ཤུལ་དུ་ལྷག་པ་བེམ་གོག་ཅིག།

མྱ་ངམ་ཐང་གི་རྒན་པོ་འདི།།

རང་སྲོག་གཅོད་པའི་སྔ་བ་ཡིན།།

ས་རྡུལ་ཁྲོད་ནས་མི་ཚེ་ཚར།།

གྲང་རླུང་ནང་ནས་ལུས་པོ་བྱིད།།

སྤྲང་དབྱུག་ཐོགས་པའི་ཨ་སྐྱོ་འདིས།།

ཤ་དང་ཁྱི་ལ་ལྡབ་ལྡིབ་སྨྲ།།

འདོད་སོགས་མི་བུའི་ལྷན་སྐྱེས་ཏེ།།

གཏན་དུ་སྤོང་བ་ཇི་སྟེ་སྲིད།།

མི་ལས་ཀྱང་ནི་ཕྱེད་ཙམ་སྤངས།།

ཕྱེད་ཅིག་སྦེད་དེ་ཤི་བ་རེད།།

ཆུང་མའི་མགོ་བོ་བཅད་ན་ཡང་།།

བླ་མའི་རྐང་ལག་ད་དུང་འགུལ།།

ཆུང་མར་དགའ་ཡང”དགའ་བ”རེད།།

བླ་མར་དགའ་ཡང”དགའ་བ”རེད།།

རང་གིས་རང་ལ་མཐར་སྐྲོད་བཏང་།།

ད་དུང་བཙན་གྱིས་ལྟོ་བ་དགོག།

མི་ཚེ་བཙོན་གྱིས་བསྐྱེལ་བ་དེ།།

མི་ལ་རས་པའི་རྣམ་ཐར་ཡིན།།

སྔ་མ་འཆར་ཡན་ཤུན་པགས་ཡིན།།

ཕྱི་མ་བདེན་ཐུབ་འབྲུ་གུ་ཡིན།།

རིག་པའི་ངོས་ནས་མི་འགལ་ཞིང་།།

རྟོག་པའི་ངོས་ནས་མི་རྫུན་ནོ།།

 

༢༠༠༦  ༡༢  ༡༤

 

སྤྲུལ་པའི་མདོ།

___ མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས་ལ་སྦྲན་པ།

ཧོབ་ཀྱིས་བལྟས་ན་རི་བོས་གསིག་འདར་བྱེད།།

བཙན་གྱིས་ཉན་ན་ཆུ་མོས་འབེལ་གཏམ་སྨྲ།།

བྱིས་པ་དག་ལ་བྱི་ལས་སྒྲོལ་མ་འདོན།།

བདེན་གྱི་ནམ་མཁའ་སྤྲིན་གྱིས་སྒྲིབ་ལུགས་ཡིན།།

 

ཟླ་བའི་ངོས་སུ་གཟུགས་རིས་ཡོམ་ཡོམ་འགུལ།།

ས་སྐུའི་ངག་ཏུ་བཀའ་ལུང་ལྷུག་ལྷུག་རྡོལ།།

ལྷོ་ནུབ་ཡུལ་གྱི་ཤོག་སེར་ཐོལ་ཐོལ་འཕྱུར།།

རྫུན་གྱི་ལྭ་བ་ཟོལ་གྱིས་གྱོན་ལུགས་ཡིན།།

 

འཇའ་རུ་གྱུར་ཏེ་མཁའ་རུ་འཕགས་སོང་སྐད།།

འོད་དུ་དེངས་ཏེ་སྤྲིན་དུ་འདྲེས་སོང་སྐད།།

རིགས་མཐུན་མང་པོས་བདེན་དཔང་བྱེད་དོ་སྐད།།

མུན་པའི་ཞྭ་མོ་གསར་དུ་བཟོ་ཚུལ་ཡིན།།

 

ཤི་ནས་མཉམ་འཛོམས་བྱུང་བ་མང་ངོ་ཟེར།།

ཤི་གསོན་ཐུག་འཕྲད་བྱུང་བ་མཚར་རོ་ཟེར།།

ཨ་ཙི་གནས་དང་དུས་ཀྱིས་མ་སྐལ་པའི།།

ཤི་བོ་དབང་ཆེན་དེ་ཚོར་ཤིན་ཏུ་མཚར།།

 

རིག་བཟང་མཁའ་འགྲོ་གླང་རྫིའི་དོར་མ་ཅན།།

རིག་འཛིན་དཔའ་བོ་རག་གི་སོ་ཞོ་ཅན།།

མདོ་སྟོད་མདོ་སྨད་གཉིས་ན་མང་སྐད་ཐོས།།

རྡོ་རྗེ་ཡབ་ཡུམ་དངོས་སུ་ཡིན་སྐད་ཐོས།།

 

ཡབ་ཡུམ་གཉིས་ཀྱིས་གཉེན་སྒྲིག་བྱས་སོ་སྐད།།

རྣམ་པ་གཉིས་ལ་འཁོན་འཛིང་བྱུང་ངོ་སྐད།།

བཟའ་ཟླ་གཉིས་ཀ་རྗེས་སུ་འཐོར་སོང་སྐད།།

སྔ་འགྱུར་བསྟན་པའི་ཁྱད་ཆོས་ཡིན་ནོ་སྐད།།

 

མཁའ་འགྲོས་མཁའ་འགྲོར་ཀོ་ལོང་བྱེད་པ་ཐོས།།

མཆེད་པོས་མཆེད་པོར་སྙིང་ནག་ལས་པ་ཐོས།།

རིག་འཛིན་འཁོར་ཚོགས་ཁྲིམས་རར་འདུ་སྐད་ཐོས།།

ཐབས་ཤེས་ཟུང་འཇུག་གྱོད་དུ་འགྲོ་སྐད་ཐོས།།

 

ཡང་སྲིད་ཡང་ཡང་སྲིད་པ་མཚར་དུ་ཆེ།།

ས་སྟེང་སེམས་དཔས་བཀང་བ་མཚར་དུ་ཆེ།།

མི་ཡུལ་མུན་པས་བཏུམས་པ་མཚར་དུ་ཆེ།།

འོད་ཟེར་རྟ་རྔ་ཙམ་ལ་སུ་ཞིག་མཚར།།

 

༢༠༠༧  ༢  ༡༠

རང་ཤག་གི་འགྲེལ།

བླ་མའི་བྲིས་ཐང་འགའ་ཞིག་ཡོད་འདི། །

གྲྭ་པའི་གྱོན་ཆས་སྐོར་ཞིག་མཐོང་འདི། །

སྦྲུལ་ཤུན་ཅི་ཙམ་ཕུར་ཡང་ཐལ་ཡིན། །

རི་མོའི་སྣང་བརྙན་ཙམ་ལ་ཅི་སྡང་། །

དད་པའི་ལྷག་རོ་ཕྱི་རུ་ཕུད་ཅིང་། །

རིག་པའི་རང་བཞིན་ཤུལ་དུ་ལུས་པའི་། །

སྒྱུ་རྩལ་རྒྱ་ཡིས་བཏབ་པ་ཅི་ཡོད། །

བཟང་ངན་འདམ་ཀ་རང་ལ་བབས་འདུག །

བྱིས་པ་ཆུ་དང་མཉམ་དུ་མི་འཕོ། །

རུས་པ་ཤ་དང་མཉམ་དུ་མི་བཟའ། །

གང་ཡང་འདོར་ལེན་རིག་པས་གོ་འབྱེད། །

ཅི་ཡང་བདེན་རྫུན་མིག་གིས་ཤན་འབྱེད། །

མཇལ་ཕྱག་རྟེན་སྐུའི་ཡུལ་དུ་མི་རུང་། །

བཙལ་རྙེད་རང་ཁེའི་ཆེད་དུ་མི་བཀོལ། །

ཚོས་མདོག་དམར་པོ་ཡིན་པ་ཙམ་གྱིས། །

ཆོས་ལ་མི་འགྲོ་སྲིད་ལ་མི་གནོད། །

དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འཛིན། །

རྩ་བ་གསུམ་ལ་གཅེས་ཀ་མི་བྱེད། །

མི་ཆོས་གཉེར་ལ་བཙུན་པའི་ཆ་བྱད། །

རང་མགོ་འཚོང་པ་དེ་ཚོར་མི་འདྲ། །

གུས་པའི་ཞེ་ས་བྲན་དུ་མི་འགྲོ། །

མཛེས་པའི་སྤྱོད་ལམ་ཁེང་དུ་མི་འགྱུར། །

བརྩེ་བའི་རང་བཞིན་ཁོལ་དུ་མི་བརྩི་། །

དགག་སྒྲུབ་དཔལ་གྱིས་ཁྱོག་པ་ཡོད་དོ། །

སེར་པོ་དམར་པོ་འདི་ཚོ་མདོགཡིན། །

ཞལ་གསུམ་ཕྱག་དྲུག་འདི་ཚོ་དབྱིབས་ཡིན། །

དབྱིབས་དང་ཁ་དོག་འདྲེས་ན་གཟུགས་ཡིན། །

གཟུགས་ལ་ཞེད་པས་སྒྱུ་རྩལ་མི་མཐོང་། །

སེམས་པ་སྙན་ངག་ལྟར་དུ་དག་ཅིང་། །

སྣང་བ་སྙན་ངག་ལྟར་དུ་དྭངས་པའི། །

གཏམ་འདོད་སྙན་ངག་འདྲ་བ་འདི་ཡང་། །

སྒོམ་ཆེན་སྙན་ངག་པ་ལ་གཏད་དོ། །

 

2006.12.28

དགེ་བཤེས་སྐོར་ཞིག་གི་བཀའ་སློབ་དང་དེའི་ལན་དུ་ཀླན་པ།

”ཟས་ནི་མི་འཇིགས་བཟའ་དགོས་ཟེར། །
གོས་ནི་མི་འཇིགས་གྱོན་དགོས་ཟེར། །
བུད་མེད་དག་ཀྱང་མི་འཇིགས་ཏེ། །
ལྐོག་ཏུ་ཅིས་ཀྱང་བསྟེན་དགོས་སྨྲ། །
ལས་ཀ་ལས་པའི་དཀའ་ཞིག་མེད། །
ཁྱིམ་ཚང་གསོས་པའི་སྡུག་ཅིག་མེད། །
གང་དགའ་ཅི་སྐྱིད་གྲྭ་ཆས་འདི། །
དད་པ་མེད་ཀྱང་གོན་དགོས་ཟེར། །
ཞྭ་ཕུད་ཕྱགས་འཚལ་ཅི་བྱེད་གི །
སྒུར་སྒུར་ཞུམ་ཞུམ་ཅི་བྱེད་གི །
རྗེ་བོ་ཞིག་གི་འཚོ་བ་འདི། །
སྤྲང་བོ་ཞིག་ཏུ་མ་གཏོང་ཟེར། །”
དགོན་ནས་བུད་དེ་གྲོང་དུ་དེ་ཕེབས། །
ཁྲི་ལས་བཞེངས་ཏེ་གདན་དུ་བཙོག །
ཡོད་རྒུ་སྤངས་པའི་རྒྱལ་སྲས་ཤིག །
དེ་རིང་དཀའ་ཐུབ་ཁྱིམ་ལ་འགྲོ། །
འཁོར་བ་ཁབ་ཀྱི་རྩེ་མོ་ལ། །
ཤེས་བཞིན་སྤོ་བའི་དཔའ་གདེང་ཅན། །
ཐུབ་པ་བྱེ་བའི་བྲོས་ཤུལ་ན། །
མ་རྒན་འགྲོ་དང་ལྷན་དུ་འཚོ། །

 

 

ཚན་པ་གཉིས་པ། ཆོས་གོས་དང་ལན་བུ།

 

ལོ་ཟླའི་མིག་ཆུ།

བུ་མོ་ཆུང་ཆུང་ཞིག་ཚེ་རིང་དབྱངས་ཅན།།

བུ་ཕོ་ཆུང་ཆུང་ཞིག་ནོར་བུ་སྟོབས་ལྡན།།*

ས་ཆ་ཆུང་ཆུང་ཞིག་བྲག་དཀར་ཐང་ནས།།

རྨི་ལམ་ཆུང་ཆུང་ཞིག་མཉམ་དུ་རྨིས་མྱོང་།།

 

མིང་གྲགས་ཆེ་ཆེ་ཞིག་སེམས་ལ་བཅངས་ནས།།

གོམ་པ་ཆེ་ཆེ་ཞིག་སྔོན་ལ་སྤོས་པས།།

མྱི་ཁ་ཆེ་ཆེ་ཞིག་མགོ་ལ་འཁོར་སོང་།།

རྨ་ཁ་ཆེ་ཆེ་ཞིག་སྙིང་ལ་བཞག་སོང་།།

 

རེ་བ་དྭངས་དྭངས་ཤིག་ཁྱོད་ལ་ཡོད་ཀྱང་།།

སྣང་བ་གཙང་གཙང་ཞིག་ང་ལ་ལྡན་ཡང་།།

མདུན་ལམ་དྲང་དྲང་ཞིག་སྲིད་ན་དཀོན་པས།།

ཕོ་མོ་མང་མང་ཞིག་འདི་ལྟར་འཐོར་འགྲོ།།

 

ལོ་ཟླ་རིང་རིང་ཞིག་འདི་ལྟར་ཚར་ཀྱང་།།

མིག་ཆུ་ཤར་ཤར་དེའི་ཕྲེང་ཐག་མ་ཆད།།

ཉིན་ཞག་མང་མང་ཞིག་འདི་ལྟར་རྫོགས་ཀྱང་།།

སྙིང་གཅེས་ལོག་ལོག་དེའི་འཕར་ལྡིང་མ་འཇགས།།

 

ཁྲེལ་མེད་ཁྲམ་པ་ཞིག་བྱེད་བསམ་མེད་ཀྱང་།།

དབང་མེད་ལས་རླུང་ཞིག་འདི་ལྟར་གཡུགས་སོང་།།

མི་མེད་དབེན་པ་ཞིག་སྙེག་འདུན་མེད་ཀྱང་།།

སེམས་མེད་ལྕགས་སྒྲོག་ཅིག་དེ་ལྟར་ཐེབས་སོང་།།

 

སྙིང་རྗེ་མེད་གི་ཞེས་བཤད་ཀྱང་ཆོག་གོ།

རྒྱུ་འབྲས་སྣོག་གི་ཞེས་སྨད་ཀྱང་རུང་ངོ་།།

བདུད་དང་དུད་འགྲོ་ཞེས་སྡིགས་ཀྱང་མི་ཁྲོ།།

འདི་ལ་ལུང་རིགས་ཀྱི་རྩོད་ལན་མེད་དོ།།

 

དགའ་བའི་རི་མོ་ཞིག་ནང་ན་ཡོད་ཀྱང་།།

རི་མོ་འུ་གཉིས་ཀྱིས་མ་གཏོགས་མི་ཤེས།།

བདེན་པའི་བྲོ་བ་ཞིག་གཏིང་ན་ཡོད་ཀྱང་།།

བྲོ་བ་རང་གཉིས་ཀྱིས་མ་གཏོགས་མི་ཚོར།།

 

ཁྱོད་ཀྱི་དགའ་བ་དེ་དཀར་པོ་དུང་ཡིན།།

ཁྱོད་ཀྱི་མཛའ་བ་དེ་དམར་པོ་ཁྲག་ཡིན།།

ཁྱོད་ཀྱི་སྣང་བ་དེ་འཇམ་པོ་བལ་ཡིན།།

ཀླད་མེད་སྨྱོན་པ་ངས་ཁྱོད་རང་བརླགས་སོང་།།

 

མྱི་ཁའི་མེ་འོབས་ནས་ཁྱོད་རང་མ་བསྐྱབས།།

དྲན་པའི་འདབ་རྫབ་ནས་ཁྱོད་རང་མ་འཐེན།།

རང་ཉིད་གཅིག་པུ་རུ་རྒྱང་ལ་འཁྱར་བའི།།

སྙིང་མེད་ཅོལ་ཆུང་ངས་ཁྱོད་རང་བརྫད་སོང་།།

 

གུ་ཡངས་བཟོད་སྒོམ་གྱིས་འཁྲིད་ཤེས་མ་བྱས།།

གཅེས་བྱམས་དགའ་དུང་གིས་སྐྱོང་ཤེས་མ་ཐུབ།།

རང་གི་བྱས་ཉེས་ལ་ཞིབ་ཏུ་བསམས་ན།།

འགྱོད་དང་ནོངས་པ་ལས་གང་ཡང་མི་འདུག།

 

མགར་བ་སྟོབས་རྒྱལ་དང་ཡེ་ཤེས་ལྷ་མོ།།

ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ།།

ཁྱོད་དང་ང་གཉིས་ཀྱི་ལས་སྐལ་འདི་སོགས།།

ལྷ་ཡིས་གཏན་འཁེལ་ཞིག་བྱས་པ་ཡིན་འདྲ།།

 

ཁོ་བོ་དྲན་དྲན་དེ་ཁྱོད་རང་འཆོལ་སོང་།།

ང་རང་བསམས་བསམས་ནས་ཁྱོད་ཉིད་ནོགས་སོང་།།

རང་ཚུགས་ངའི་ཕྱིར་དུ་སྟོར་བར་གྱུར་པའི།།

རང་བཞིན་དེ་ལ་ཡང་སེང་རྡོར་ཕངས་སོང་།།

 

ལུས་དྲི་སྤོས་དཀར་བཞིན་ཞིམ་པ་དྲན་གི།

ཤ་ཁ་ཚར་དཀར་བཞིན་འཇམ་པ་དྲན་གི།

ནུ་ཟུང་སྤྲིན་དཀར་བཞིན་བསིལ་བ་དྲན་གི།

ཡོད་ཚད་ཁོ་བོ་ལ་གཏད་པ་དྲན་གི།

 

ལྷད་མེད་མིག་ཟུར་གྱིས་བལྟས་པ་དྲན་གི།

འཛེམ་མེད་འཁྱུད་སྦྱོར་ལ་རོལ་བ་དྲན་གི།

དུག་མེད་མཆུ་གཙང་གིས་རེག་པ་དྲན་གི།

ཐམས་ཅད་ང་རང་ལ་དབང་བ་དྲན་གི།

 

གཞན་དག་སྡང་མིག་གིས་དེད་པ་དྲན་གི།

ང་རང་དགའ་འཛུམ་གྱིས་བསུས་པ་དྲན་གི།

གཞན་ཚོར་ཅི་ཐུབ་ཀྱིས་གཡོལ་བ་དྲན་གི།

ཁོ་བོར་གང་ནུས་ཀྱིས་བཅར་བ་དྲན་གི།

 

སྟོབས་ལྡན་གཞན་ཡུལ་དུ་ཕྱིན་པ་མིན་ན།།

དབྱངས་ཅན་གཞན་དབང་དུ་འགྲོ་བ་མི་སྲིད།།

སེང་རྡོར་དེ་དུས་བཞིན་བསྡད་པ་ཡིན་ན།།

ཚེ་དབྱངས་དེང་དུས་ཀྱང་གཞན་ལ་མི་དབང་།།

 

ལོ་སར་ཚེས་གཅིག་གི་ཉིན་མོ་དྲན་གི།

ཁམས་བདེ་སྙུན་འདྲི་ཞིག་བརྗོད་ན་འདོད་གི།

མཛའ་བརྩེའི་དུས་ཆེན་གྱི་མཚན་མོ་དྲན་གི།

དཔྲལ་བར་འོ་ཆུང་ཞིག་བྱས་ན་འདོད་གི།

 

ཞོགས་པར་མལ་ཁྲི་ལས་ལངས་དུས་དྲན་གི།

མལ་ན་འཛུམ་གོར་རེ་ཡོད་ན་འདོད་གི།

དགོང་དྲོར་གོ་ཁ་རུ་འཛོམས་དུས་དྲན་གི།

གམ་ན་གཉོམ་དུང་ངེར་བཞུགས་ན་སྙམ་གི།

 

ཇ་ཐུན་རེ་རེ་ལ་ཡིད་ལ་ཡོང་གི།

མཉམ་བཟའ་མཉམ་འཐུང་ཞིག་འོང་ན་འདོད་གི།

གར་སོང་ས་ཆ་ནས་སེམས་ལ་འཆར་གི།

མཉམ་འགྲོ་མཉམ་འདུག་ཅིག་རེག་ན་འདོད་གི།

 

དགུན་ཁའི་རླུང་ཆེན་ཞིག་གཡུགས་དུས་དྲན་གི།

ཚེ་དབྱངས་འཁྱག་འགྲོ་བའི་སེམས་ཚེགས་ཆེ་གི།

དབྱར་ཁའི་ཚ་ཉིན་ཞིག་བསླེབས་དུས་དྲན་གི།

སྙིང་སྡུག་ངར་འགྲོ་བའི་དོགས་སེམས་འཆང་གི།

 

ཆམ་ནད་ལྕི་མོ་རེ་གོ་དུས་དྲན་གི།

འགོས་ནད་ཚབས་ཆེན་རེ་ཐོས་དུས་དྲན་གི།

རང་ཉིད་གཤོག་ལྡན་གྱི་བྱ་ཞིག་ཡིན་ན།།

ཁྱོད་ཉིད་ཚང་མལ་དུ་རུམ་ན་འདོད་གི།

 

གཟུགས་མེད་ནུས་པ་ཞིག་ཡོད་ན་འདོད་གི།

སྒྲ་མེད་སྤྲུལ་པ་ཞིག་ལྡན་ན་སྙམ་གི།

ཉིན་མཚན་དབྱེར་མེད་དུ་ཁྱོད་ཀྱི་མཐའ་ནས།  །

མངོན་མེད་སྲུང་བ་ཞིག་བྱས་ན་འདོད་གི།

 

ང་གཉིས་མ་འཕྲད་པར་ལོ་ངོ་བདུན་རེད།།

ཉིན་ཞག་སྟོང་ལྔ་དང་ཉག་མ་བཞི་བཅུ།།

དུས་ཚོད་ཁྲི་དྲུག་དང་བཞི་བརྒྱ་བརྒྱད་ཅུ།།

སྐར་ཆ་དུང་ཕྱུར་གྱི་ཡུན་ཞིག་འགོར་སོང་།།

 

ལུས་པོ་ཅི་རྒས་ཀྱང་སེམས་པ་མ་རྒས།།

དུས་ཚོད་ཅི་སོང་ཡང་བརྩེ་བ་མ་སོང་། །

ལོ་ཟླ་ཅི་རྙིང་ཡང་མཛའ་བ་མ་རྙིང་།།

རྣམ་ཤེས་གསོན་པོ་ཞིག་ད་དུང་ལྷག་ཡོད།།

 

ཐོགས་མེད་རེག་མེད་ཀྱི་དྲན་ཚོར་ཞིག་གིས།།

ཁོ་བོས་ཁྱོད་རང་ལ་དཀྲིས་སྐོར་བརྒྱབ་ཅིང་།།

རབ་དཀར་རབ་གཙང་གི་སྣང་བ་ཞིག་གིས།།

ཁྱོད་ཀྱིས་ང་རང་ཡང་དམ་དུ་བཅིངས་ཡོད།།

 

མཆོད་མེ་ཆུང་ཆུང་གི་འོད་ངོགས་ཤིག་ནས།།

འགྲམ་པ་ཆུང་ཆུང་གཉིས་མཉམ་དུ་གླན་ཏེ།།

ཁྱིམ་གཅིག་བཟའ་ཚང་ལ་སྨོན་ལམ་བཏབ་ཡོད།།

ཚེ་གཅིག་ལུས་གཅིག་ལ་འགྲོགས་རྒྱུ་བྱས་ཡོད།།

 

བཅུ་དྲུག་མེ་ཏོག་དེ་ང་ལ་གཏད་ཡོད།།

ཚོགས་དྲུག་སེམས་པ་དེ་ང་ལ་ཤོར་ཡོད།།

གཏད་པའི་མེ་ཏོག་དེ་ད་རུང་ཡག་གི།

ཤོར་བའི་སེམས་པ་དེ་ད་རུང་གཙང་གི།

 

མཆི་མའི་མིག་ཁུང་ནས་ཁྱོད་ལ་བལྟས་ཡོད།།

དྲན་པའི་ཡིད་ཁོང་ནས་ཁྱོད་ལ་བསྒུགས་ཡོད།།

གཟུགས་པོ་ཐལ་རྡུལ་དུ་མ་སོང་བར་དུ།།

འདུན་པ་གས་ཆག་ཏུ་མི་འགྲོ་ཁོ་ཐག།

 

ལུས་ཀྱི་དགོས་མཁོ་ཞིག་སྐོང་བའི་ཆེད་དུ།།

རྫུན་གྱི་གཏམ་རིང་ཚོད་ཚོད་འཐེན་པའི།།

བ་གླང་དུད་འགྲོ་ཡི་སྤྱོད་ཚུལ་དེ་དང་།།

ང་ཡི་མཛའ་སེམས་གཉིས་ཁྱོན་ནས་མི་འདྲ།།

 

དངུལ་གྱི་ཁེ་ཕན་ཞིག་རེག་པའི་ཆེད་དུ།།

རང་གཤིས་དར་ལྕོག་ལྟར་འགྱུར་བ་སྐྱེན་པའི།།

སློབ་གྲྭ་ཆེ་འབྲིང་གི་བུ་མོ་ཁོ་ཚོས།།

ཁྱོད་ཀྱི་རྣམ་དག་གི་དཔལ་ལ་མི་དོ།།

 

སྟེས་དབང་ཐབས་མེད་ཀྱི་རྐྱེན་ཚོགས་ཤིག་གིས།།

ངེད་གཉིས་གཞན་ཞིག་གི་ཡིན་ཡིན་ལྟར་ཡང་།།

ལག་པ་བྲང་ཁ་ལ་བཞག་སྟེ་བསམ་ན།།

ངེད་གཉིས་ངེད་གཉིས་ལ་མ་གཏོགས་མི་དབང་།།

 

སྐྱོ་བ་རི་རབ་བཞིན་ང་ལ་ལྕི་འོ།།

དྲན་པ་རྒྱ་མཚོ་བཞིན་བདག་ལ་ཟབ་བོ།།

འགྱོད་པ་སྨུག་ལོང་བཞིན་འདི་ལྟར་འཐིབས་ཀྱང་།།

རང་སྡུག་རང་མྱོང་ཞིག་ཡིན་པ་ཤེས་གི།

 

ཁོ་བོ་ཅི་སྡུག་ཀྱང་རང་གིས་ལན་ནོ།།

ཁག་འགེལ་ལེ་འདེད་ཅིག་བྱེད་ས་མེད་མོད།།

ཁྱོད་ཀྱང་ང་བཞིན་དུ་སྡུག་པ་ཡིན་ན།།

སེམས་པའི་གཏིང་ས་ནས་བཟོད་ཐབས་མི་འདུག།

 

གློ་བ་གཅིག་འདྲིས་ཀྱི་སློབ་བུ་གངས་སྨྱོན།།

བརྩེ་བ་རུས་སིམ་གྱི་ཕ་མ་སྤུན་སྲིང་།།

ཅི་ཡོད་གང་ཡོད་ཀྱང་ཁྱོད་རང་མེད་ན།།

འཁོར་བའི་བྱེ་ཐང་འདི་བརྒལ་རྒྱུ་དཀའ་འདུག།

 

འོན་ཀྱང་སྙིང་སྡུག་ཁྱོད་སྤྲོ་ཞིང་སྐྱིད་ན།།

ད་ལྟའི་འཚོ་བ་ལ་དྲོད་ཁོལ་ལྡན་ན།།

ཁོ་བོས་བླང་བྱ་དང་ཆ་རྐྱེན་མི་འདོན།།

ལྷག་ཏུ་ཨུ་ཚུགས་དང་སྒེར་གཅོད་མི་བྱེད།།

 

ནམ་ཞིག་ཤི་མིག་གིས་ཡང་ཡང་བལྟས་ནས།།

ཆུང་འདྲིས་ཚེ་དབྱངས་ཞེས་ཐེངས་གསུམ་བོས་ཏེ།།

ཕྱི་མའི་འཕྲང་རིང་ལ་རྐང་པ་བཞག་ཚེ།།

དཀར་འདོན་མིག་ཆུ་ཞིག་ཡོད་ན་དེས་ཆོག།

 

༢༠༠༧༤ ༢

 

*རྩོམ་པ་པོའི་བྱིས་དུས་ཀྱི་མིང་ཞིག

 

 

 

 

ཆུང་འདྲིས་བུ་མོ།

ཡར་གྱི་བྲག་དཀར་སྤང་ཐང་གན་ནི་ང་དང་ཁོ་མོའི་རྩེད་ས་སྟེ། །

རྒྱུན་པར་ཁོ་བོ་དེ་རུ་ཕྱིན་ཏེ་ཕྱིར་དྲན་སྒོམ་ལ་ཞུགས་པ་ཡིན། །

དེ་རུ་མིག་ཟུང་ཅུང་ཟད་བཙུམས་ཚེ་ཟླ་བ་འདྲ་བའི་བུ་མོ་ཁོང་། །

ང་ཡི་སྔས་དང་ང་ཡི་པང་ནས་མཛའ་གླུ་ལེན་ཞིང་གཅེས་དགོད་བྱེད། །

 

ལོ་དང་ཟླ་བ་ཇི་ལྟར་ཚར་ཀྱང་ཁོ་བོས་ཁྱོད་རང་བརྗེད་ཀྱིན་མེད། །

ངེད་གཉིས་སོང་སའི་ལམ་ཕྲན་དག་ཏུའང་ཁོ་བོ་ད་དུང་འགྲོ་བཞིན་ཡོད། །

སུ་ཡང་མེད་དུས་ཁྱོད་ཀྱི་འདྲ་པར་སྙིང་གའི་ངོས་སུ་སྦྱར་བྱས་ཏེ། །

སྐད་སྒྲ་མེད་པའི་མིག་ཆུ་རེ་རེ་རང་དབང་མེད་པར་ལྷུང་གིན་ཡོད། །

 

ཕ་ནི་མ་ཤི་མ་ནི་མ་འདས་མིང་སྲིང་དག་ཀྱང་འཚམས་མོད་ཀྱང་། །

ཁྱོད་རང་མེད་པས་བདག་གི་ཁྱིམ་ལ་བཀྲ་ཤིས་ཉིན་ཞིག་ཡོད་མ་མྱོང་། །

དབྱར་དགུན་ཉིན་ཞག་ག་ཚོད་ཕྱིན་ཀྱང་ངས་ནི་ཅི་ཡང་མི་ཚོར་ཏེ། །

ཁེར་རྐྱང་མལ་ན་ཁྱོད་ཀྱི་ཕྱིར་དུ་དྲན་གདུང་ན་བས་གཟིར་གྱིན་ཡོད། །

 

ཅི་ཞིག་གྱོན་པའི་སྲེད་པ་མེད་ལ་གང་ཞིག་བཏུང་བའི་འདུན་པ་མེད།

སུ་ལ་འགྲན་པའི་སྤོབས་པ་མེད་ལ་གཞན་ཞིག་བསྒྲུབ་པའི་འཆར་གཞི་མེད། །

མ་ཤི་ཙམ་དུ་འཚོ་བ་འདི་ཡང་ཁྱོད་ཀྱི་ཕྱིར་དུ་འཚོ་ཙམ་སྟེ། །

མིན་ན་ཁོ་བོ་གསོན་དུ་སྡོད་པའི་ཡང་སྒོས་སྙིང་བོ་ཅི་ཞིག་ཡོད། །

 

ཁྱོད་རང་གཞན་དུ་ལོས་སྐྱིད་བསམ་ན་ང་ཡང་ཅུང་ཟད་སྐྱིད་གྱུར་མོད། །

ཁྱོད་ཀྱང་གཞན་དུ་མི་སྐྱིད་བསམ་ན་ང་ཡང་ཤིན་ཏུ་མི་སྐྱིད་དེ། །

མི་འབྲལ་བསམ་བཞིན་བྲལ་བར་གྱུར་ལ་ལོས་འཕྲད་བསམ་བཞིན་མི་འཕྲད་པའི། །

སྡུག་གི་གོད་ཆག་འདི་འདྲ་མཐོང་ཚེ་མཁས་པས་ཀྱང་ནི་ལས་དབང་དྲན། །

 

ང་གཉིས་འགྲོ་སའི་ཟ་ཁང་དེ་ན་ད་ལྟ་ཁྱོད་རང་མི་འདུག་གི  །

ངེད་གཉིས་དགའ་སའི་ཟ་མ་དེ་ཡང་ད་ལྟ་ཁྱོན་ནས་མི་ཞིམ་གི །

གང་ལྟར་བཙལ་ཀྱང་ཁྱོད་ཀྱི་སྟེང་གི་ཆ་ཤས་ཙམ་ཡང་མི་རྙེད་གི །

ང་ཡི་སེར་ཆེན་མེ་ཏོག་ཁྱོད་ཉིད་ད་ལྟ་གང་ན་བཞད་ཀྱིན་ཡོད། །

 

ཁྱོད་དང་ང་ཡི་སྙིང་གཏམ་བཤད་འཕྲོ་སུ་ཡིས་མ་མཐུད་ད་དུང་ཡོད། །

བྲག་དཀར་ཐང་གི་རྩྭ་དང་ཆུ་ཡིས་ད་དུང་མ་བརྗེད་སྐྱོར་བཞིན་ཡོད། །

ཆུང་ཆུང་ལོ་ཟླ་དྲན་ཐེངས་རེ་ལ་ཆུང་འདྲིས་མ་ཁྱོད་ལྷག་པར་དྲན། །

དྲན་པའི་དྲིལ་ཆུང་ད་དུང་མི་འཇགས་ཡ་ཁོག་སྙིང་ན་སིང་སིང་སིང་། །

 

ངས་ནི་ཁྱོད་རང་ཁུར་ཏེ་སོང་བའི་རི་དེའི་ལ་ངོས་ཨེ་དྲན་ནམ། །

ཁོ་བོའི་སྐྲ་མཐའི་རྔུལ་ཆུའི་ཐིགས་པ་ཁྱོད་ཀྱིས་ཕྱིས་པ་ཨེ་བརྗེད་དམ། །

མ་འཁོན་མ་འགྲས་སོ་སོར་གྱེས་པའི་སྡུག་གི་མུན་པ་ནམ་ཞིག་སངས། །

དགའ་བཞིན་དྲན་བཞིན་ཁ་ཁར་སྡོད་པའི་རྐྱེན་གྱི་ཡུར་བ་ནམ་ཞིག་བསྐམ།།

 

ཀྱེ་མ་ཆུང་འདྲིས་བུ་མོ་ཁྱོད་ལ་རྨ་མེད་སེམས་ཤིག་ཡོད་གྱུར་ན། །

ད་ལྟ་དྲང་གཏམ་ཚིག་གསུམ་སྨྲ་བར་དོགས་སྣང་དེ་ཙམ་མ་དགོས་ཏེ། །

ལུས་པོ་ཤེལ་ལྟར་མ་དྭངས་ཆོག་ལ་མཛེས་པ་སྔོན་ལྟར་མིན་ཀྱང་རུང་། །

མཐའ་ན་སྲང་མདོའི་བཤང་མར་གྱུར་ཀྱང་ཁོ་བོ་ད་དུང་ཁྱོད་ལ་དགའ། །

༢༠༠༦  ༡༢  ༡༩

 

རྨི་ལམ་ནང་གི་ཆུང་མར་ཕུལ་པ།

ཡིད་འཕྲོག་ཞལ་གྱི་ཟླ་བ་ནི་ང་ལ་འཁོར་ནས་དགོད་པ་དང་།།

མཛེས་སྡུག་མིག་གི་སྐར་ཆེན་ནི་ང་ལ་བལྟས་ནས་འཛུམ་པ་ཡི།།

སྙིང་སྡུག་སྲོག་གི་དུམ་བུ་ལགས་མ་སྐྱོ་མ་སྡུག་བཞུགས་རོགས་དང་།།

འཁོར་བའི་སྨུག་ལུང་འགྲིམ་པ་ལ་བདག་གིས་ཁྱོད་ལ་ས་མཁན་བྱེད།།

 

སྲོད་དུས་ཁྱེད་ཉིད་མ་ཚེགས་ལགས་ཁ་ཟས་གཡོ་སྐོལ་ང་ཡིས་བྱེད།།

ཞོགས་ཀྱང་ཁྱེད་ཉིད་མ་ངལ་ལགས་ཕྱུགས་ཟོག་ལྷས་མཐར་ང་ཡིས་འདེད།།

ལུས་ཀྱི་འདེགས་ཤུགས་ལྕི་ན་ལྕི་མི་ཁའི་མནར་གཅོད་མང་ན་མང་།།

ལྕི་འཕུད་ཤེད་གསོག་ང་ཡིས་བྱེད་བཀལ་འཁེལ་ཐགས་འཐག་ང་ཡིས་བྱེད།།

 

ཆར་རླུང་ཁྲོད་དུ་མ་ཕེབས་ཀྱེ་ཁྱོད་ཀྱི་ལུས་པོ་འཁྱག་འགྲོ་ལགས།།

ས་རྡུལ་ནང་དུ་མ་ཞུགས་ཀྱེ་ཁྱོད་ཀྱི་ལག་ཆུང་བསྣད་འགྲོ་ལགས།།

ཞིམ་པའི་ཟས་ནི་ཁྱེད་ཀྱིས་བཞེས་མཛེས་པའི་གོས་ཀྱང་ཁྱེད་ཀྱིས་གསོལ།།

ཁྱིམ་འདིའི་བདག་མོ་ཁྱོད་རང་ཡིན་གཞིས་འདིའི་ཡོད་ཚད་ཁྱོད་ཀྱི་ཡིན།།

 

དབུ་ལོ་ང་ཡི་བྲང་དུ་སྙེས་ནག་སྣུམ་ལན་བུ་ཤད་པར་བྱ།།

རྐང་ཆུང་ང་ཡི་མདུན་དུ་སྲོངས་དྭངས་བསིལ་ཆུ་ཡིས་བཀྲུ་བར་བྱ།།

བདག་གིས་ཁྱེད་ལ་ལྭ་བ་བསྐོན་བདག་གིས་ཁྱེད་ལ་སྐ་རགས་བཅིང་།།

མཇུག་མཐར་དཀར་བའི་འགྲམ་པ་ལ་འཇམ་པོའི་འོ་ཡང་བྱེད་པར་འདོད།།

 

ཨེ་ཧོ་མཐུན་གྲོགས་མི་མོ་འདི་སུ་ཡིས་ཆེད་དུ་སྤྲུལ་པ་བཞིན།།

མཛེས་ཀྱང་མཛེས་ལ་དགའ་ཡང་དགའ་དུང་ཡང་དུང་ལ་སྤྲོ་ཡང་སྤྲོ།།

དེའི་ཕྱིར་འདི་ལ་འགྲོགས་པའི་ཚེ་སྲུང་བྱ་མེད་ལ་འཛེམ་བྱ་མེད།།

དགག་བྱ་འདོར་བྱ་གང་ཡང་མེད་བཅོས་མའི་བརྫུ་བག་ལར་ནས་མེད།།

 

དྲན་པའི་མིག་ཆུ་མ་འཕོ་དང་ཚེ་གང་མཉམ་འགྲོ་མཉམ་འདུག་བྱེད།།

སྐྱོ་བའི་སེམས་སྡུག་མ་བྱེད་དང་སྐྱིད་སྡུག་མཉམ་མྱོང་མཉམ་འཁུར་བྱེད།།

ཀུ་རེ་དགོད་གཏམ་གང་ཞིག་ཀྱང་ཁོ་བོས་ཁྱོད་ལ་གྲོགས་དན་བྱེད།།

མི་ཚེའི་དུས་སྐར་ཕོན་ཆེ་བ་བསམ་བཞིན་ཁྱོད་ལ་ཕུད་པ་ཡིན།།

 

དགའ་བའི་འཛུམ་དཀར་ང་ལ་སྟོན་སྨྲེང་བའི་སེམས་གཏམ་ང་ལ་ཤོད།།

ཆགས་པའི་གཡེར་བག་ང་ལ་བྱོས་སྡང་བའི་ཁྲོ་མིག་ང་ལ་སྐོར།།

ཁྱོད་ཀྱི་སྟེང་གི་ཚེར་མ་ཡང་ང་ལ་མཚོན་ན་མེ་ཏོག་ཡིན།།

དེའི་ཕྱིར་ཁྱོད་ཀྱིས་ཅི་བྱས་ཀྱང་ཁོ་བོ་གཏན་དུ་དགའ་བ་ལགས།།

༢༠༠༦  ༩  ༡༦

 

ཤ་ངུ་པགས་ངུ་།

__ སྙན་ཚིག་འདི་ཀ་སྦྱོར་དུས་མིག་ཆུ་ནི་ཟློག་མེད་དུ་འབབ་ཀྱིན་ཡོད།

ཚེ་ཡི་ཉི་མ་ཇེ་ཐུང་ཇེ་ཐུང་རེད།།

གྱེས་པའི་ཁ་ཐག་ཇེ་རིང་ཇེ་རིང་རེད།།

མི་འཕྲད་ལས་ཀྱི་དར་ལྕོག་ཇེ་རྙིང་རེད།།

མི་བརྗེད་སེམས་ཀྱི་ཡིག་ཆུང་ཇེ་གསལ་རེད།།

 

འདས་པའི་ལོ་ཟླ་ཡིད་ལ་ཇེ་དྲན་རེད།།

བྱིས་པའི་ངོ་གདོང་བློ་ལ་ཇེ་ཡག་རེད།།

སྙིང་གི་འཕར་ལྡིང་ཇེ་མགྱོགས་ཇེ་མགྱོགས་རེད།།

རྐང་གི་དུངས་པ་ཇེ་གཙང་ཇེ་གཙང་རེད།།

 

རང་བྱས་ལས་ལ་འགྱོད་པ་ཇེ་ཆེ་རེད།།

ཅི་བྱས་ཀུན་ལ་ས་ཆོད་ཇེ་ཆུང་རེད།།

ཁྱོད་ཉིད་ཤོར་བ་བདག་གི་རྒུད་པ་སྟེ།།

སྲོག་མེད་བགྲེང་གཟུགས་ཙམ་དུ་ཁོ་བོས་ཤེས།།

༢༠༠༧  ༢  ༡༩

 

 

མཛའ་འཕྲིན་གྱི་སྡོམ།

 

ཁྱོད་ཀྱི་ཆེད་དུ་འདམ་གྱིས་སྦགས་ན་འདམ་དང་ཁོ་མོར་འབྲེལ་བ་མེད།།

རྡུལ་དང་བཅས་པའི་བུ་མོ་དེ་ནི་ད་དུང་ཁྱོད་ལ་དྭངས་གཙང་ཡིན།།

སྐྱི་པགས་གཞན་ལ་རེག་མིན་ཙམ་གྱིས་དྭངས་གཙང་དུངས་པ་འཇོག་མིན་ཏེ།།

ཁོག་ན་ལྡིང་བའི་སྙིང་ཆུང་དེ་ལ་ཚ་དྲོད་ཡོད་མེད་ཁོ་ནས་བལྟ།།

 

ཤི་བྲལ་བྱུང་བའི་མེ་ཏོག་ལྷ་མོ*ཚེ་དབྱངས་ཡིན་པའི་ཉམས་སྣང་བྱུང་།།

གསོན་བྲལ་ཐེབས་པའི་ཚེ་དབྱངས་ལགས་ཀྱང་མེ་ཏོག་ལྷ་མོར་ཤེས་པར་གྱུར།།

སྣང་བའི་ཡིད་ཤེས་ཕྲ་མོ་འདི་ཉིད་སྒྱུ་རྩལ་ཐང་དུ་འཕྱན་གྱུར་ནས།།

འགལ་འདུའི་བྲག་གི་སྣ་བ་ཞིག་ལ་དག་གཙང་དར་དཀར་ཡུག་གཅིག་བྲན།།

 

དུ་མར་སྣང་ཡང་གཅིག་ཏུ་འགྲོ་སྟེ་གཅིག་ཀྱང་དུ་མར་འཕེལ་བར་འགྱུར།།

མི་འདྲའི་དོན་རྣམས་འདྲ་བར་བྱེད་ལ་འདྲ་ཡང་མི་འདྲའི་ཚུལ་དུ་སྤེལ།།

དོན་དང་བཏགས་པ་རེས་ཀྱིས་འགྱུར་བའི་ཤིན་ཏུ་འགལ་པའི་གཏམ་བརྗོད་ཅིག།

རྟོག་ཚོར་སྐུད་སྣེ་གང་ལ་བཀྲམས་ན་ཁབ་ཀྱི་རྩེ་ཡང་དེ་ན་ཡོད།།

 

༢༠༠༧  ༡༢  ༡༩

 

 

*རང་གི་སྙན་ཚིག<<ཕྱིར་དྲན་གཏམ་འདི་མ་ཎི་ཚར་གཅིག་གི་ཚབ་ཡིན>>ཞེས་པར་གསལ།

 

 

ཚན་པ་གསུམ་པ། ཤེས་རབ་གླེན་ལྐུགས། ཐ་སྙད་གླེན་ལྐུགས།

 

 

སྟོང་བ་ཉིད་ཀྱི་བསྟན་བཅོས་བཞུགས་སོ།།

ཀ་ནས་དག་པའི་ས་ཞིག་ཡོད་ན་དེ་ཡི་གཏད་སོ་མ་ཞིག་གོ།

ཁ་ནས་ཐོན་ཚད་དོན་དུ་འགྱུར་ན་དེ་ཡི་སྣང་བ་མ་འགག་གོ།

ག་ལེར་འགྲོ་སའི་གནས་ཤིག་མཐོང་ན་དེ་ལ་སྟོང་ཉིད་མི་ཉེ་འོ།།

ང་དང་ང་ཡི་འཛིན་པ་ཅན་ལ་ལྷག་ཏུ་དབུ་མ་ག་ལ་ཡོད།།

 

ཅ་ནེ་ཆུང་ཞིང་སླ་ང་ཆེ་ན་བདེན་རྫུན་འོབས་སུ་ལྷུང་བ་ཡིན།།

ཆ་དང་ཡ་ལ་མང་ཉུང་ཡོད་ན་འཁྲུལ་པའི་འདམ་དུ་འགྱེད་པ་ཡིན།།

ཇ་དང་གཅིན་གྱི་བྲོ་ཁྱད་ཤེས་ན་ཐ་སྙད་ཐང་ནས་སྨྱོས་པ་ཡིན།།

ཉ་རུ་མི་འཛིན་ཆུ་རུ་མི་རྟོན་དབུ་མ་རིག་པ་རོ་གཅིག་ཡིན།།

 

ཏ་ཐཱ་ག་ཏའི་བསྟན་པ་དེ་ཡང་དབུ་མའི་སྐབས་ན་ཤུལ་ཙམ་མེད།།

ཐ་ན་རྒྱུ་འབྲས་དཀོན་མཆོག་སོགས་ཀྱང་དབུ་མའི་དུས་ན་རྡུལ་ཙམ་མེད།།

ད་དུང་མེད་པ་མེད་པར་མི་འཛིན་མི་འཛིན་ཞེས་ཀྱང་མི་འཛིན་ལ།།

ན་མོ་དབུ་དང་སྭོ་ཧ་མཇུག་ཀྱང་སྟོང་བ་ཉིད་ལ་མཁོ་ཡེ་མེད།།

 

པ་པིར་ཚིག་གི་ཤགས་འགྱེད་ཙམ་ཡང་དབུ་མ་འདི་ལ་ཡེ་ནས་མེད།།

ཕ་མཐའ་མི་དམིགས་རྟོག་པའི་རྒྱ་མཚོ་ཞི་བའི་རླབས་ཀྱིས་ཞི་བར་བྱེད།།

བ་འོ་ཞིམ་ཞིང་དུག་ལོ་ཁ་བའི་འཁྲུལ་ཤེས་དེ་ཡང་རྩ་ནས་མེད།  །

མ་ཡིན་དགག་དང་མེད་དགག་སོགས་ཀྱང་མཉམ་ཉིད་དབྱིངས་སུ་འདྲེས་པར་འགྱུར།།

 

ཙ་རི་བྲག་ནས་སྒོམ་དུ་ཡོད་ན་དབུ་མ་མ་ཡིན་ཀུན་བཏགས་ཡིན།།

ཚ་དང་འཁོར་གསུམ་སྐོར་དུ་ཡོད་ན་དབུ་མ་མ་ཡིན་བཟུང་འཛིན་ཡིན།།

ཛ་ཡའི་བསྟན་ཞེས་དམིགས་སུ་ཡོད་ན་ད་དུང་འདི་སྣང་ཆུ་བོ་ཡིན།།

ཝ་ལེར་མི་འཆར་གསལ་ལེར་མི་མཐོང་དབུ་མ་རིག་པ་རང་གྲོལ་ཡིན།།

 

ཞྭ་དང་ལྷམ་གྱི་ཧེ་བག་ཙམ་ཡང་གཏན་དུ་མི་ཤེས་བརྗེད་པ་ཞིག།

ཟ་རྒྱུ་གྱོན་རྒྱུའི་ཁྱད་པར་ཙམ་ཡང་ལར་ནས་མི་མཐོང་འདྲ་བ་ཞིག།

འ་ཅག་རང་གི་གཟུགས་གཞི་འདི་ཡང་ཡོད་ཡོད་འདྲ་ལ་མེད་མེད་ཅིག།

ཡ་མཚན་སྣང་བ་དེ་འདྲ་བྱུང་ན་དབུ་མའི་ལམ་སྣེ་ཟིན་པར་བརྩི།།

 

ར་བ་ཁང་ཁྱིམ་ཕྱི་ནང་འདི་ཚོ་རྡུལ་ཕྱེ་ཙམ་དུ་གཟིགས་པར་མཛོད།།

ལ་དང་ལུང་གི་པོ་ཏི་འདི་ཚོ་ཤོག་སྙིགས་ཙམ་དུ་བསམ་པར་བྱོས།།

ཤ་ཁྲག་ལུས་ཀྱང་སིལ་བུར་འཐོར་པའི་རུས་ཆག་ཙམ་དུ་མཐོང་བ་ན།།

ས་གནམ་ངོ་བོ་གཅིག་ཏུ་སོང་བའི་ལྷུན་གྲུབ་སྣང་བ་གཞན་ཞིག་འོང་།།

 

ཧ་ཅང་མཚར་བའི་གནས་ཤིག་ཡིན་པས་འདི་འདྲ་གཞན་གྱིས*རྟོགས་པ་མེད།།

ཨ་དོན་སྐྱེ་མེད་ནམ་མཁའི་དབྱིངས་ལ་སུ་འཇུག་དེ་ཡི་བགོ་སྐལ་བྱེད།།

༢༠༠༦  ༡༠  ༧

 

ཀུན་ལ་ཁྱབ་པའི་སྣང་སྟོང་།

ནམ་ཞིག་ཡོད་ཡོད་མེད་པར་འགྱུར་བ་འདུས་བྱས་དངོས་པོའི་སྟོང་ཚུལ་ཡིན།།

ད་ལྟ་མཐོང་མཐོང་དངོས་སུ་ཡོད་པ་སྣང་བའི་ཚད་མ་འཇོག་ཚུལ་ཡིན།།

བཏུང་བའི་ཟས་སྐོམ་སྙིགས་མར་འགྲོ་བའི་སྟོང་བའི་གནད་ཀ་ཤེས་ན་ཡང་།།

སྣང་བའི་གཡོས་སྦྱོར་ངལ་བས་བྱེད་པ་ལྟག་སྤྲོད་རིག་པའི་ལྟད་མོ་ཡིན།།

 

དབང་རིག་ཡུལ་ལ་སྣང་བ་ཙམ་པོར་ཚད་མའི་གཅེས་ཀ་བྱེད་པ་ཡིན།།

བྱིས་པས་བཟོས་པའི་ལྷ་ཀླུ་སོགས་ནི་སྣང་བ་ཙམ་ལའང་རུང་བ་མིན།།

སྣང་བ་སྤྱི་ལ་སྣང་ཚུལ་འདི་ཡིན་སྟོང་ཡང་སྤྱི་ལ་སྟོང་ཚུལ་དེའོ།།

འདི་ཡང་ཟབ་ཟབ་ཡིན་མདོག་ཁ་བོས་སུ་ཡིས་སྒེར་གཅོད་བྱེད་རྒྱུ་མེད།།

 

སྣང་བའི་རྗེས་སུ་ཤེད་ཀྱིས་བརྒྱུག་ན་སྐྱོ་བའི་མནར་གཅོད་རྒྱུན་མར་འོང་།།

སྟོང་བའི་མལ་དུ་ལྷོད་ཀྱིས་ཉལ་ན་ཚེ་ཡི་བར་ཆད་བསྟུད་མར་ཡོང་།།

སྣང་བ་ཆེད་དུ་འགོག་དགོས་མེད་ལ་སྟོང་བ་ཆེད་དུ་བསྒོམ་དགོས་མེད།།

མི་ཡི་ལམ་ལ་དྲང་བོར་ཞུགས་དང་སྣང་སྟོང་ཉིན་མཚན་རེས་ཀྱིས་འགྲོ།

 

སྐྱེས་ནས་ཅིས་ཀྱང་ཤི་བ་དེ་ནི་སྣང་བའི་རྗེས་ཀྱི་སྟོང་བ་རེད།།

ཤུལ་བཞག་རྐང་རྗེས་མོག་པོ་དེ་ནི་སྟོང་བའི་འཕྲོ་ཡི་སྣང་བ་རེད།།

སྣང་བའི་ཚེ་ལ་སྟོང་བའི་བཞི་ཤད་དུས་དང་དུས་སུ་མ་བཀོད་ན།།

མི་རུ་སྐྱེས་པའི་ལེགས་ཉེས་ཁྱད་ཀྱང་འཛིན་པའི་གཏད་སོ་མེད་པར་འགྱུར།།

 

མི་རིང་མི་སྡོད་སྟོང་བར་འགྱུར་བའི་སྣང་བའི་རང་བཞིན་ཤེས་གྱུར་ན།།

མི་ཡུལ་མཚར་སྡུག་སྨུག་པའི་ཐང་ལ་ལྷག་ཏུ་ཞེན་ཞིང་ཆགས་པར་འགྱུར།།

མི་ཡི་དགའ་སྐྱོ་ཆགས་སྡང་སོགས་ཀྱང་རང་བབ་ངང་གིས་བྱུང་གྱུར་ཏེ།།

མི་དོན་བསྒྲུབ་པའི་སེམས་པ་དག་ཀྱང་ཤིན་ཏུ་སྟོབས་དང་ལྡན་པར་འགྱུར།།

 

སྟོན་པའི་དགོངས་པ*ཡིན་ས་ཡོད་ལ་མ་ཡིན་དེ་དང་འགལ་ས་ཡོད།།

ཀླུ་སྒྲུབ་ལུགས་དང་མཐུན་ས་ཡོད་ལ་མི་མཐུན་དེ་དང་ལྡོག་ས་ཡོད།།

ཚད་གྲུབ་མིན་པའི་ཚད་མ་ཞིག་ཀྱང་ཕྲ་ཞིབ་རིག་པས་འཇོག་བཞིན་ཡོད།།

དབུ་མ་མིན་པའི་དབུ་མ་ཞིག་ཀྱང་མི་ཡི་སྤོབས་པས་སྒྲོག་བཞིན་ཡོད།།

 

སུ་ཡིས་སྲིད་པའི་དར་རྒུད་ཤེས་ན་དེ་ལ་འདི་ན་རྩོད་པ་མེད།།

ཁ་ལ་དབུ་མ་ཟེར་མིན་སུས་ཀྱང་འདི་ཡི་དགོས་དོན་མཁྱེན་པར་འགྱུར།།

མི་ཡང་ཡིན་ལ་ཐལ་ཡང་ཡིན་པའི་རང་གི་སྣང་ཚུལ་མི་ཤེས་པའི།།

སྐྱེ་བོ་དག་ལ་རེ་ཞིག་དཀའ་ཡང་ནམ་ཞིག་ཅི་ནས་རྟོགས་པར་འགྱུར།།

 

ང་ཡིས་བཤད་པའི་སྣང་བ་འདི་དང་ཆོས་པའི་སྣང་བ་དེ་མི་འདྲ།།

བདག་གིས་སྨྲས་པའི་སྟོང་བ་འདི་དང་ཆོས་ཀྱི་སྟོང་བ་དེ་མི་གཅིག།

དབུ་མར་བཏགས་པའི་མཐུན་བརྗོད་དེ་ཡང་ཁོ་བོའི་འདི་དང་ཡེ་མཚུངས།།

ཀུན་ལ་ཁྱབ་ཀྱང་ཀུན་གྱིས་རྟོགས་དཀའི་རིག་པའི་འཛིན་མཚམས་ཤིག་ལ་ཟེར།།

 

འདི་ཙམ་ཤེས་པས་ཤེས་གོ་ཆོད་ཡོད་མི་ཚེ་དེ་ལ་གཟད་དགོས་མེད།།

དབུ་མར་སྦྱངས་ཞེས་ཁ་ཕོ་མཐོན་པོས་སྨྲ་ལྕེ་འུར་ལ་བསྐུར་དོན་མེད།།

ཀླུ་ཟླ་འཕགས་སངས་ཐལ་རང་ལ་སོགས་ཟེར་སྒྲོས་ཉོག་པོས་ཅི་ཞིག་བྱ།།

རང་གི་གཤིས་དང་འཕྲོད་པར་གྱིས་དང་བདེན་པའི་ནང་སྙིང་དེ་ན་གདའ།།

 

བྱི་ལའི་ངག་ནས་སྒྲོལ་མ་ཐོས་པའི་ལས་ལྡན་སྐྱེ་བོ་ཁོ་ཚོས་ནི།།

གནས་ལུགས་ཤོག་ཆུང་འདི་འདྲ་ཞིག་ལ་སྤྲོ་བར་བྱེད་པ་མི་སྲིད་ཀྱང་།།

བཀྲེན་པའི་མིག་ཟུང་བདག་ལ་ཅེར་བའི་ཕྱི་ཐོགས་ཤེས་ལྡན་དེ་ཚོ་ལ།།

རིག་པའི་རྐྱང་བའི་འབེལ་གཏམ་འདི་དག་སྔོན་གྱི་དེ་ལས་མི་དམན་ཙམ།།

 

དབུ་མ་ཀླུ་སྒྲུབ་གཅིག་པུའི་མིན་ལ་ཚད་མ་ཆོས་གྲགས་ཁོ་ནའི་མིན།།

རྩ་ཤེས་མིན་པའི་དབུ་མ་ཡོད་ལ་རྣམ་འགྲེལ་མིན་པའི་ཚད་མ་ཡོད།།

རྟ་དང་བོང་བུའི་གཟུགས་དབྱིབས་འདྲ་ཡང་རྨིག་པའི་ལེན་ཚུལ་མི་འདྲ་སྟེ།།

རྡུལ་གྱི་ཀ་བ་གྱེན་ལ་སློང་བའི་འགྲོས་མགྱོགས་ཅང་ཤེས་ཁོ་བོ་ཡིན།།

 

༢༠༠༧  ༢   ༩

* གྲགས་པ་སྒྲ་ཡི་རྗེས་འབྲངས་ཀྱི་ཚུལ་དུ་བལྟ་བ་ལས།སྟོན་པ་དངོས་ཀྱི་གསུངས་སུ་མི་གོ་བར་འཚལ།

 

ཐ་སྙད་པ་དང་ཐ་སྙད།

___དངོས་གཤིས་མཐར་ཐུག་པ་མཚོན་པར་བྱེད་དུས་ཡིད་རིག་དང་ཐ་སྙད་བར་ནས་འཇིགས་སུ་རུང་བའི་དམག་འཁྲུག་ཅིག་ཐོན་པར་འགྱུར་རོ། །

 

མི་ཡི་སེམས་ཀྱི་འཆར་སྒོ་ཟེར་པ་ཡི་གེའི་ལམ་ནས་མཚོན་པར་དཀའ།།

དགའ་སྐྱོའི་ཚོར་བ་ཕྲ་མོ་དག་ནི་ཉི་ཟེར་ནང་གི་རྡུལ་ལྟར་འཚུབ།།

དེ་དག་རེ་རེ་གྲངས་སུ་བཀོད་ན་སྐྲ་དང་བ་སྤུའི་མི་ཚད་དེ།།

ཚིག་ཉོག་འགའ་ཡིས་མཚོན་པར་བྱས་ན་ལྷག་ཏུ་སྙིང་བོ་མི་འདུག་གོ །

 

གློ་བའི་ཞབས་ན་འོད་མདོག་དང་བཅས་རིག་པའི་དྲི་མ་ཐུལ་པ་དེ།།

སྐྱེ་བོའི་ངག་ལ་ཐོན་ཙམ་ཉིད་ནས་རང་གི་ངོ་བོ་ཤོར་འགྲོ་ཞིང་།།

ལྡབ་ལྡིབ་བྱིས་པའི་ངག་འཁྱལ་ཙམ་ཞིག་མི་འདོད་བཞིན་དུ་སྨྲ་དགོས་པ།།

ཤེས་རབ་ལྐུགས་པས་ཕམ་དུ་བཅུག་པའི་མཁས་ཆེན་རྣམས་ལ་རྒྱུན་དུ་འབྱུང་།།

 

རང་གིས་བཤད་པ་རང་གིས་དགག་ཅིང་རང་གི་ཕྱོགས་སྔ་རང་གིས་བྱེད།།

འགལ་བ་མང་པོས་འཚང་ཁ་རྒྱག་ཅིང་རེ་རེར་གདོང་གཏུག་ཛ་དྲག་བྱེད།།

མིང་ཚིག་ཕལ་ཆེར་མཐོར་གྲབས་བྱེད་ལ་དབྱངས་དང་ཡི་གེ་ལྕིག་ལྕིག་འདར།།

ཐ་སྙད་གྲོང་གི་འཇིགས་པ་ཟེར་བ་ཀྱེ་མ་བདག་གིས་ད་རེས་མཐོང་།།

 

མིང་ཚིག་ཀུན་པོ་འདམ་ལྟར་བརྫིས་ན་བརྡ་ཙམ་འཕྲོད་པ་ལོས་བདེན་ཀྱང་།།

ཕྲ་བའི་དོན་རྣམས་ཇི་བཞིན་ཤོད་པ་སྐད་ཆའི་རྒྱལ་པོའི་ལུགས་ལ་མེད།།

སྒྲུང་དང་སྙན་ངག་གང་ཞིག་ཡིན་རུང་ངོ་མཚར་ཟེར་པ་སྟོང་ལྡན་ཡང་།།

གཏིང་ནས་བྲུས་ཏེ་ལག་ལ་བཞག་ལྟའི་ཡིད་ཚིམ་དེ་འདྲ་མི་རྙེད་ལགས།།

 

2008.1.9

 

ཁ་མི་གྲགས་པའི་སྟོན་པ།*

* རྩོམ་ཐུང་འདི་དང་།<<སྟོན་པ་སངས་རྒྱས་ལ་ཕུལ་པའི་མེ་ཏོག>>  <<གནང་བཀག>>ཅེས་པ་གསུམ་པོར་ཁ་ཁ་སོ་སོར་བལྟས་ན་བག་ཙམ་འགལ་པ་འདྲ་ཞིག་ཡོད་ཀྱང་།ཕན་ཚུན་དཔྱད་སྟོབས་ཀྱིས་མཐུད་དེ་བཀླགས་ན་ཤེས་རྒྱུ་མི་འདྲ་བ་གཞན་ཞིག་ཡོད་པ་ཡིན་ལ།དེ་ལྟར་ཀྱང་གོ་གི་མིན་ན། <<ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང>>སོགས་ལ་ཞིབ་ཏུ་མཇལ་རོགས་ཞུ།

 

དབྱངས་གསལ་སུམ་ཅུར་སྦྱོར་ཀློག་ཐུབ་ཚོད་མ་རེད།།

མེས་དབོན་རྣམ་གསུམ་གང་ཡིན་རྟོགས་ཚོད་མ་རེད།།

ནགས་ན་ཞི་བ་ཆེན་པོས་མཉམ་བཞག་མཛད་པའི།།

ཐུབ་ཆེན་དམ་པས་གྲངས་འདྲེན་ནུས་ཚོད་མ་རེད།།

 

ས་དགེ་བཀའ་རྙིང་རྣ་ལ་ཡོད་ཚོད་མ་རེད།།

ཆ་བཞི་བརྒྱ་བཞི་ལག་ནས་འོང་ཚོད་མ་རེད།།

ནགས་ན་དཀྱིལ་མོ་དཀྲུང་གིས་མངོན་པར་བཞུགས་པའི།།

ཐུབ་ཆེན་དམ་པས་གྲོང་ཆོག་ཤེས་ཚོད་མ་རེད།།

 

གཉིས་བཞི་དྲུག་བརྒྱད་ལ་སོགས་གྲངས་ཀྱི་དབྱེ་བ།།

དོན་གྱི་ངོ་བོ་ཡིན་སྙམ་ཡིད་ལ་མེད་ཅིང་།།

བཤད་སྦྱར་རྩ་འགྲེལ་ལ་སོགས་གཏམ་གྱི་རྙོག་མ།།

སྟོན་པའི་ལག་རྗེས་ཡིན་ན་སྨྲེང་རྒྱུ་ཡོང་ངོ་།།

 

 

ཤེས་རབ་མོག་པོ།*

* རྩོམ་ཐུང་འདི་ནི་ཕ་ཡུལ་གྱི་སྲིད་ཁག་ཅིག་ལ་ཕུལ་བའི་གོ་རེ་ཐལ་སྲེག་མ་ཞིག་གི་ཚུགས་དབྱིབས་ཡིན་ཀྱང་།མ་བསམ་ས་ནས་ད་ཆ་དྲ་ངོས་སུ་ཡང་མི་གཤིས་ཀྱི་གྲིབ་ནག་གང་འདྲ་མངོན་སུམ་མཐོང་དུ་ཡོད་པས།དེ་དག་ལའང་བསུ་མགྲོན་ཐེངས་གཅིག་གི་དཔེ་ཚབ་ཡིན་ཞེས་རྩོམ་མཁན་ཉིད་ནས་ཁ་གསལ་པའོ།།

 

རྐང་གི་དེ་ཉིད་ལ་ལྟོས་པ་མེད་པར།།

ཤུན་པའི་བབ་ཚུལ་ཙམ་དོན་དུ་གཉེར་བའི།།

བསམ་བློ་སྒེར་གཅོད་ཀྱི་མི་བུ་མང་པོས།།

རང་དབང་བདེ་ཆེན་གྱི་ཐར་ལམ་བཀག་ཡོད།།

 

དེ་ཚོས་ཀུན་སྤྱོད་ཀྱི་ཐོ་བ་འཕྱར་ཡོད།།

མ་ཟད་གོམས་སྲོལ་གྱི་སྐམ་པ་བཟུང་ཡོད།།

ཉེས་མེད་ཉེས་འགེལ་ཀྱང་མི་བྱེད་ཟེར་དཀའ། །

ཡིན་པའི་མྱུ་གུ་ལ་སྐྱེ་དབང་མི་འདུག།

 

བདེན་པ་རང་ཁྱིམ་ནས་འཁྲུངས་པར་གྱུར་ན།།

རྣམ་འགྱུར་དྲང་བོ་ཞིག་འཛིན་རྒྱུ་དཀའ་བས།།

ཁ་ཞེ་གཏིང་འགལ་དུ་སོང་བ་མང་ཞིག།

ཚུལ་མིན་སྦྱོར་བ་ལ་གོམས་པར་བྱེད་དོ།།

 

སེམས་པ་གུ་ཡངས་ཀྱི་སྟོང་ཆེན་གནམ་ལ།།

དཔེ་ལུགས་ན་བུན་ཞིག་ཅི་སྟེ་འཁྲིགས་ན།།

རང་དབང་རུས་པ་ལ་འཁྱག་རེངས་ཐེབས་འགྲོ།

དབང་ཤེས་དྲིལ་ཆུང་ལ་སིང་སྒྲ་མི་གྲགས།།

 

ཕྱི་ནང་སྙན་ངག་གི་སྤྲིན་སེར་དཀར་དམར།།

འཆར་ཡན་རྒྱ་མཚོ་ལ་ཤད་ཀྱིས་འཐེན་སོང་།།

ཡིན་མིན་དབྱེ་མཚམས་ཀྱི་ཉ་པ་གྲུ་ཁེམ།།

རིག་པའི་རླབས་ཞགས་ཀྱིས་རྒྱང་ལ་དེད་སོང་།།

༢༠༠༧  ༤  ༢༨

 

ནུབ་ལ་འཁྱུགས་པའི་གློག

ཨེ་ཇེབ་ཤེས་རིག་ལྕགས་ལོང་བསྟར་མའི་དམ།།

ཡོ་རོབ་དཔལ་ཡོན་བརྐོས་བཀྲོལ་རི་མོའི་ཡག།

སྔོ་རྩྭ་དུད་དྲེག་ཅན་ལ་མེ་འབར་བས།།

ནུབ་གླིང་རྒྱ་མཚོའི་མཐའ་ནས་ཆུ་རྡུལ་འཁྲིགས།།

 

བྱེ་རླུང་སྔོན་པོའི་ཁྲོད་ཀྱི་ཆོས་ཁང་ལ།།

མི་བུའི་རུས་རྐང་གཙང་མས་འཐབ་རྒོལ་བྱས།།

ཁྲག་ཆར་དུས་རིང་བབས་པའི་མས་མཐའ་ནས།།

རང་དབང་ལྷ་མོའི་ཟླ་མཚན་ཡིན་པ་བྱུང་།།

 

སྙུང་གཟུགས་བང་སོ་རྔུལ་ཁྲག་ཆུ་ཡིས་ཤན།།

མཱོ་ན་ལི་ས་དབུགས་དབྱུང་ཁབ་ཀྱིས་གཙགས།།

ཐོང་གཤོལ་ས་ལ་དྲུད་པའི་གཡུལ་ཁ་ནས།།

འཚོ་བའི་མེ་ཐབ་གཅིག་ཏུ་འབར་བར་གྱུར།།

 

མགོ་བོ་རྩྭ་གྲིས་གཏིབ་ཀྱང་རང་དབང་སྨྲ།།

གློ་མཆིན་ཁྱི་ལ་འཕང་ཡང་རང་དབང་སྨྲ།།

འོས་ལངས་ཀི་བསྭོ་ལོ་ཟླའི་འཕྲང་ནས་བཏབ།།

རྩིས་ཐང་དཔྱིད་ཆུ་ད་གདོད་ཟགས་པར་གྱུར།།

 

ཁབ་ལ་སྐུད་པ་བརྒྱུས་ཏེ་ལྷན་པོ་འཚེམ།།

ཆུ་ལ་ཚྭ་ཁུ་བསྲེས་ཏེ་བག་ལེབ་བཟའ།།

ཤིན་ཏུ་ཕལ་བ་བ་གླང་རྔ་རྩིད་ལས།།

སྟོང་ཆེན་གནམ་གྱི་ཟད་མཐའ་ཤེས་པར་འདུག།

 

ས་རྒོད་སྟེང་ལ་ཁེམ་དང་སྟེའུ་བཙུགས།།

ཆུ་འཁྱག་ནང་ལ་ཟན་དང་སྐུད་དྲྭ་བཞག།

རྩྭ་ཞྭའི་འོག་གི་ཉ་གྱུ་རིང་བོ་ཞིག།

སྐམ་སའི་ལམ་རྟགས་སྔ་བར་མི་རྣམས་འདོད།།

 

བློ་རྟུལ་མུན་པའི་བསྐལ་པ་རིང་དུ་བརྒྱུད།།

སྙིང་མེད་ཀླ་ཀློའི་དུས་ཀྱང་རྟག་ཏུ་འབྱུང་།།

རྟོག་རིག་གནམ་གྱི་སྐར་མ་ཁྲ་གསལ་ལེར།།

སང་དགོང་འཆར་སྙམ་ཡིད་ལ་སིམ་པ་མེར།།

༢༠༠༧  ༡༠  ༡༡

རྡོ་བ།

རླུང་བུས་བརྡེག་ཀྱང་བརྡེག་ཏུ་འཇུག།

ཆུ་མོས་བཀྲུས་ཀྱང་བཀྲུ་རུ་འཇུག།

གང་བྱས་ལན་གྱིས་ཕོངས་པ་ཡི།།

རྡོ་བ་དག་ལ་ངེས་པ་ཅི།།

 

འགོམ་སྟེ་སོང་ཡང་འཕག་རྒྱུ་མེད།།

བརྫིས་ཏེ་སོང་ཡང་འགུལ་རྒྱུ་མེད།།

གནའ་ཡང་སྲ་ལ་ད་ཡང་སྲ།།

གནའ་ཡང་རྡོ་ལ་ད་ཡང་རྡོ།།

 

ལ་ལ་སྐྱེས་ཤིང་ལ་ལ་བཞུར།།

འགའ་ཞིག་སྨིན་ཞིང་འགའ་ཞིག་གཡོ།།

རྡོ་བ་མི་སྐྱེས་རྡོ་བ་ཡིན།།

རྡོ་བ་མི་བཞུར་རྡོ་བ་ཡིན།།

 

མེ་ཏོག་བཙུགས་ན་མི་ཚུགས་ཤིང་།།

ལོ་ཏོག་བཏབ་ན་མི་ཐོབ་པའི།།

ཚུར་ལེན་ཕར་གཏོང་མི་ཤེས་པའི།།

བདག་མེད་རྡོ་བ་མང་ཙམ་མཆི།།

 

གཅེར་མོས་བྱིལ་བྱིལ་བྱས་ན་ཡང་།།

ནུ་མས་རེག་རེག་བགྱིས་ན་ཡང་།།

ཟེ་འགུལ་ཙམ་ཡང་མི་བྱེད་པའི།།

རྡོ་བ་འདི་ཚོར་རྣམ་ཤེས་མེད།།

 

༢༠༠༧  ༤  ༡

 

སྦྲུལ་ཚང་།

བལྟས་ན་མི་མཐོང་སྲིད་ཀྱི་རི་རྒྱབ་ཏུ།།

བླུན་པོས་བླུན་པོ་བཏེགས་པའི་རིང་ལུགས་ཡོད།།

ཡར་ལ་བརྩེགས་ཏེ་ཕུག་པའི་ཁ་རུ་ཐོན།།

མར་ལ་བསྣན་ཏེ་ས་ཡི་གསེང་དུ་ཟུག།

འཇའ་ཡི་མི་དང་རླུང་གི་སྐད་ཆ་ཡོད། །

ཟིལ་བའི་དར་དང་ཝུ་བའི་ཆོ་ལོ་ཡོད།།

རང་གི་སྒལ་ཚིགས་གཞན་གྱི་གདན་བྱེད་པའི།།

སྐེ་ན་ལྕགས་ཐག་མེད་པའི་ཁྱི་ཡང་ཡོད།།

ཤར་ནས་བསྒུལ་ན་ནུབ་ནས་ལྕིག་ལྕིག་འདར།།

འགབ་ནས་བླངས་ན་སྟེང་ནས་ཐར་ཐོར་འདྲུལ།།

མུ་ཁྱུད་སྐུད་པས་སྦྲེལ་བའི་དྲྭ་བ་འདི།།

མཐུད་མཚམས་མདུད་མཚམས་མེད་པའི་ཨ་ལོང་ཡིན།།

རྐུན་མས་རྐུན་མར་གནས་ལུགས་ཅི་ཞིག་བཤད།།

ཁྲམ་པས་ཁྲམ་པར་རྒྱུ་མཚན་གང་ཞིག་འདྲེན།།

ཟོག་པོས་ཟོག་པོར་སློབ་གསོ་ཇི་ལྟར་གཏོང་།།

མདོར་ན་དམར་ཟས་བཅད་པའི་སྤྱང་ཀི་མེད།།

ཆེ་བ་གསེར་དང་དངུལ་གྱི་ལྟག་སྒོ་ནས།།

ཆུང་བ་ལུག་དང་ཁྱི་གུའི་མདུན་སྒོའི་བར།།

ཕོ་མགོ་མོ་འདོམས་མང་པོ་ཚལ་བར་གཤགས།།

ཕོ་རུས་མོ་གཤིས་མང་པོ་ཐལ་བར་བཏང་།།

མིག་གཉིས་མེད་ན་རྡོག་ལམ་ཇི་ལྟར་རྙེད།།

མདུན་དང་རྒྱབ་ཀྱི་དབྱེ་བ་ག་ལ་ཁོར།།

ལོང་པར་ལོང་པར་ས་མཁན་འོང་བ་མེད།།

ཞ་ར་ཁྱུ་གཅིག་སྟག་ཚང་ཁ་ན་འགྲོ།།

ནམ་ཡང་བྱི་ལ་རྣམས་ནི་སྟག་ཡིན་ཅེས།།

སྤྱན་གཟིགས་ར་བར་ཁྲིད་དེ་སྟོན་པར་བྱེད།།

གཞར་ཡང་འབྲོང་རྒོད་དག་ནི་ཁྱི་རེད་ཅེས།།

བྱང་མཐའི་མྱ་ངམ་ཐང་ལ་མངགས་པར་བྱེད།།

སོང་བའི་རྗེས་ཤུལ་ཐམས་ཅད་ཚེར་མ་ཡིན།།

བྱིན་པའི་ཟོས་གོས་དག་ཀྱང་གཡེར་མ་ཡིན།།

གཞན་གྱི་སྣ་དེ་གཞན་ལ་བྱིན་གྱུར་ན།།

སྐྱེ་བོ་སྣ་མེད་དེ་ཚོ་གང་ལ་འགྲོ།།

བརླ་ཤ་བཅད་དེ་སྤྱི་བོར་ལྷན་པོ་བརྒྱག།

ཁ་ཆུའི་ཚབ་ཏུ་མིག་ཆུ་རུང་བར་བཤད།།

ཕྱེད་ཅིག་བཏུམ་ན་ཕྱེད་ཅིག་མི་ཐུམ་པའི།།

རས་ལྷབ་འདི་ལ་ཁྱད་ཆོས་མང་ངོ་ཟེར།།

སྒོ་ཡོལ་དྲ་ཡོལ་གཉིས་ནི་ལྕགས་ལ་བྱས།།

ས་གཅལ་གནམ་གཅལ་གཉིས་ཀྱང་ལྕགས་ལ་བྱས།།

ཐ་ན་སྐར་ཁུང་ཙམ་ཡང་མེད་པ་ན།།

དགུ་སྟུག་མུན་པའི་འོབས་དོང་འདི་མིན་ཅི།།

ཆུ་ལ་མེ་ཡིས་མགོ་སྐོར་གླེང་འདེབས་བྱེད།།

ཁྲག་ལ་འོ་མས་བཙན་ཚུགས་ཨུ་ཚུགས་བྱེད།།

བྱས་དང་མ་བྱས་གོ་ལྡོག་སྨྲ་བ་ཡང་།།

གླེན་པ་ལྕགས་གདོང་ཅན་གྱི་རང་བཞིན་ཡིན།།

དུག་གི་མཚོ་ལ་འོ་མའི་སྤྲིས་ཞག་ཅན།།

སྦྲུལ་གྱི་ཚང་ལ་སྨན་གྱི་ཁ་བཀབ་ཅན།།

འཛུམ་ལ་མཚོན་ཆ་སྦས་པའི་སྐྱེ་བོ་དག།

གར་ཡོད་མི་ཤེས་རིག་པས་དོགས་འཛེམ་དགོས།།

༢༠༠༧  ༢  ༤

 

ཤིན་ཏུ་དཔའ་བའི་མགུར།

___<<གྲུ་ཟུར་གྱི་གསལ་སྒྲིབ>>པར་འདོན་བྱས་མ་ཐག་ཏུ་རྐང་ཚའི་ཡུལ་ལ་འུར་ཟིང་ལངས་སོང་།

 

ཀ་ཤོད་པ་དང་ཟུར་ཁང་གཉིས་ཀྱིས་རིག་པའི་དཔའ་བོ་བསླུས་པ་བཞིན།།

ཁ་དང་བསམ་པ་གཏིང་ནས་འགལ་བའི་བྲེད་པོ་འགའ་ཡང་འདི་ན་འདུག

ག་ལེར་མཁས་མང་མཉམ་དུ་བསྡུས་ཏེ་ཁོ་བོ་གཏན་དུ་གཞོམ་དགོས་ཞེས།།

ང་ཡི་སྔོན་གྱི་གྲོགས་པོ་རྣམས་ཀྱིས་ང་ལ་ཆེད་དུ་གནག་པ་ཐོས།།

 

ཅ་ཅོ་སྒྲོག་པའི་བུ་རུལ་འགའ་ཡིས་ཁ་པར་ནང་ནས་སྡིགས་སྐད་འདོན།།

ཆ་འཇོག་མེད་པའི་བླུན་རྒན་འགའ་ཡིས་ཡིན་མིན་འོལ་ཚོད་མང་དུ་བྱེད།།

ཇ་ཞིམ་བཞེས་པའི་མཁན་སྤྲུལ་དག་ལའང་གཉིད་ཀྱང་འོང་གི་མེད་སྐད་ཐོས།།

ཉྭ་སུག་འདར་བཞིན་སྒོར་ཁར་འོང་སྟེ་ཕྱིར་དུ་འབྲོ་མཁནའང་ཡོད་པ་འདྲ།།

 

ཏཱ་ར་ན་ཐ་དངོས་སུ་བསླེབ་ཀྱང་བདེན་པའི་རི་བོ་འཇིག་རྒྱུ་མེད།།

ཐ་ན་རང་གི་ལུས་སྲོག་གཉིས་ཀྱང་བདེན་པའི་ཆེད་དུ་འདོར་རྒྱུ་ཡིན།།

ད་དུང་ཕྱི་རབས་ཤེས་ལྡན་རྣམས་ལ་བདེན་པའི་གཟི་བརྗིད་འདི་འོ་ཞེས།།

ན་ཆུང་རང་གི་ཤེས་རབ་རྩལ་གྱིས་འཆི་ཁའི་གཏམ་ཡང་ལབ་རྒྱུ་ཡིན།།

 

པ་ཕ་ཨ་མས་ཁ་ལྕེ་གནང་བ་རྡོ་རྗེའི་མཚོན་གྱི་རྣོ་ཞིག་ཡིན།།

ཕ་མཐའ་ཡས་པའི་རིག་གཞུང་ཤེས་པ་མ་ཕམ་གཡུ་མཚོའི་མང་ཞིག་ཡིན།།

བ་གླང་མིན་པའི་མཁས་པ་ཡོད་ན་ད་ལྟ་མྱུར་དུ་སླེབས་ཤོག་དང་།།

མ་ཡི་བུ་ཆུང་སེང་གེ་རྡོ་རྗེས་འདི་ན་ཁྱོད་ལ་སྒུག་སྟེ་ཡོད།།

 

ཙ་རི་བྲག་གི་སྒོམ་ཆེན་ཡོད་ན་ཟངས་ཐལ་རིག་པ་སྟོན་དུ་ཤོག །

ཚ་དང་འཁོར་གསུམ་བསྐོར་མཁན་ཡོད་ན་དེ་ཡང་དེ་དང་མཉམ་དུ་ཤོག །

ཛ་ཡའི་བསྟན་གྱི་ཕྱག་རྩོམ་ཡོད་ན་ཅིས་ཀྱང་མ་བརྗེད་སྣོམས་ལ་ཤོག །

ཝ་བྲོས་མི་བྱེད་རུ་དམར་བཞིན་དུ་སེང་རྡོར་འདི་ན་འགྱིང་སྟེ་ཡོད།།

 

ཞབས་འདྲེན་འགའ་ལ་དངོས་སུ་ཐུག་ན་གདོང་དུ་བལྟ་ཡང་མི་ཕོད་མོད།།

ཟ་མས་བརྒྱགས་པའི་བུ་ཆུང་བཞིན་དུ་ལྐོག་ཏུ་ཁ་ཕོ་ལབ་པ་ཐོས།།

འ་ཅག་རང་གི་ཁོར་ཡུག་འདི་ན་མི་ཤེས་ས་ཞིག་གང་ན་ཡོད།།

ཡ་མཚན་རིག་པའི་འཕེལ་ཁ་ཅན་ཞིག་ཁོ་བོས་ད་སྔ་གཅིག་མ་མཐོང་།།

 

རྭ་ལྟར་གྱོང་བའི་གྲོགས་ངན་འདི་ཚོ་ཀྱེ་མ་བདག་གིས་སྙིང་རེ་རྗེ།།

ལ་རྒྱའི་དོན་ལ་གྲོགས་ཀྱང་བསླུ་བའི་སྤྱོད་ངན་འདི་ནི་སྐྱུག་རེ་བྲོ།།

ཤ་ཁྲག་གདོས་བཅས་མི་ལ་གྲུབ་ཀྱང་མི་ཡི་ཚུལ་ལ་མི་གནས་པའི།།

ས་ཡི་སྐྱེ་འགྲོ་ཕལ་མོ་ཆེ་ཞིག་འདི་ལྟར་སྐྱེས་ཤིང་འདི་ལྟར་འཆི།།

 

ཧ་ལའི་དུག་གི་རྫུབས་རོལ་ཞིག་ནས་ཆིག་ཐུབ་དཀར་པོ་ང་འདྲ་སྐྱེས།།

ཨ་དོན་སྐྱེ་མེད་ནམ་མཁའི་དབྱིངས་ལའང་ཆིག་ཐུབ་དཀར་པོ་ང་འདྲ་འགྲོ*

 

2006 10 18

*སྐད་ཆ་འདི་འདྲ་བ(ང་རྒྱལ་གྱི་སྐད་ཆ)མང་ཙམ་ཡོད་པ་ནི། ཁོ་བོའི་བརྩམས་ཆོས་དག་གི་ཞན་ཆ་ཆེ་ཞིག་ཡིན་པས། རྗེས་སོར་གང་མགྱོགས་ཀྱིས་མནོ་བསམ་གཏོང་རྒྱུ།

ཆང་དམ།

___  KTV གཞས་བྲོ་ཁང་ཞིག་གི་ཡེར་སྣང་།

ཡོམ་ཡོམ་ཤིག་ཤིག་འདར་འདར་ལྕིག་ལྕིག །

མག་མོག་རབ་རུབ་ལམ་ལམ་ཁྱུག་ཁྱུག །

འཁོར་ཟེར་མཆོང་ཟེར་བཞད་སྒྲ་ཐག་ཐག །

བྲོ་ཁང་དམར་པོ་བྲོ་ཁང་སེར་པོ། །

 

མིག་ཆུ་ཤམ་ཤམ་རྔུལ་ཆུ་ཁྲོམ་ཁྲོམ། །

ལག་ཟུང་ཚུབ་ཚུབ་རྐང་ཟུང་གཡུགས་གཡུགས། །

སྐྱིད་ཟེར་སྡུག་ཟེར་ཀི་སྒྲ་ལྡིར་ལྡིར། །

གར་ཁང་གསལ་པོ་གར་ཁང་མོག་པོ། །

 

འོད་ཀྱི་མུན་པ་མུན་པའི་འོད་ཟེར། །

བཅོས་མའི་གཏམ་ཡན་མ་བཅོས་འཆར་ཡན། །

བཀད་འདྲ་གཏོར་འདྲ་འུར་འུར་ཤང་ཤང་། །

གླུ་ཁང་སྐྱིད་པོ་གླུ་ཁང་སྡུག་པོ། །

 

 

ཆང་དཀར་པི་ཙེ་འཐུང་རེས་འཕོ་རེས། །

ཆང་འཐུང་ཕོ་མོ་འཁོན་རེས་འཆོར་རེས། །

བཟི་འདྲ་སྨྱོས་འདྲ་ཤབ་ཤུབ་ལྡབ་ལྡིབ། །

ཆང་ཁང་ཚ་པོ་ཆང་ཁང་འཁྱག་པོ། །

2007.6.9

 

མི་རབས།

ས་ལ་འཁྱིལ་བའི་འབྲུག་གི་སྐྱུག་པ་ཡི།།

ཆུ་བོའི་གཏེར་ཁ་ལྟ་བུའི་དམག་སྡེ་དག  །

མེ་ཡི་ཨག་ཚོམ་འབར་པས་བསྐམས་པ་ན།།

རླུང་གི་རྒྱལ་མཚན་རླངས་པའི་ཟོལ་དུ་འཁྲིགས།།

__  དགེ་འདུན་ཆོས་འཕེལ།

གངས་རི་དཀར་པོ་གནམ་ལ་ཟུག་ཅིང་ཉི་ཟླ་གཉིས་ཀ་མཉམ་དུ་འཆར།།

ལུག་ཁྱུ་དཀར་པོ་ས་ལ་འཐོར་ཞིང་གཡག་རོག་ཟེ་བ་རི་ལྟར་མཐོ།།

སྒོ་དར་དཀར་པོ་རླུང་གིས་བསྐྱོད་པའི་དྲག་བཙན་བོད་ཀྱི་རྒྱལ་ཁབ་ཅིག

ས་སྒང་འདི་ལ་དངོས་སུ་བྱུང་བ་གནའ་གཏམ་ཙམ་ཞིག་མ་རེད་ལགས།།

འོད་སྟོང་འབར་བའི་མི་རིགས་ཟེར་ན་སྨྱོ་རྟགས་ཤིག་ཀྱང་འདྲེས་སྲིད་མོད།།

རང་གི་ཚོད་ཀྱི་ངར་ཙམ་ཡོད་པ་ཕལ་ཆེར་བདེན་པ་ཡིན་འདུག་སྟེ།།

རྒྱལ་རབས་སུམ་ཅུ་བཞི་ཅུ་ཙམ་ཞིག་ནོར་ཁྱུ་ཞིག་གིས་འོང་ཚོད་མེད།།

གནམ་གྱི་སྲས་པོ་ཁྲི་ལས་ཕབ་པའང་གཡག་རྒན་ཞིག་གིས་ག་ལ་ནུས།།

དེ་དུས་ལྷ་སའི་བར་སྐོར་འདི་ན་གཅིན་སྐྱག་འདི་ཙམ་མ་ཡོད་དེ།།

པོ་ཏ་ལ་ཡི་ལྕགས་སྒོ་དེ་ཡང་རང་དགར་ཕྱེས་ཀྱང་ག་ལ་ཡིན།།

སྡེ་བ་གཞུང་གི་ཁ་དུག་ཟེར་ན་རྒྱང་ནས་གོ་ཡང་འདར་སྤྱད་ཡིན།།

སྤྱན་རས་གཟིགས་ལ་ཀོ་ཐུམ་བརྒྱབ་སྟེ་ཆུ་ལ་བསྐུར་པ་མ་གསན་ནམ།།

འོན་ཀྱང་ད་ལྟ་དཔའ་གཏམ་བཤད་ན་བདག་ཅག་ཤིན་ཏུ་ངོ་ཚ་སྟེ།།

མཐའ་མི་དག་གིས་ལག་པ་བསྲིངས་ཏེ་མཆོད་མེའི་ནང་ནས་ཁ་ཞག་ལེན།།

སྤོ་ཁ་ཚ་བའི་གཞི་བདག་ཚོ་ཡང་བསམས་ན་གང་ནས་ཤི་ཟིན་ཏེ།།

ཇོ་ཁང་ནང་དུ་འཁྲིག་སྤྱོད་བྱེད་མཁན་ཉིན་རེ་ལས་ཀྱང་ཇེ་མང་རེད།།

ཡིན་ཡང་རིགས་ཀྱི་བུ་རྒོད་སྐོར་ཞིག་འདི་ན་ནན་གྱིས་དགྱེ་བཞིན་པ།།

སྲབ་མདའ་བཅད་དེ་རི་ལ་ཤོར་བའི་རྟ་ཡན་ཞིག་དང་འདྲ་ཙམ་ཡོད།།

ལུང་སྟོང་བྲག་ཅ་རྐང་ལ་བབས་པའི་ཡིད་ཤེས་ཁོལ་བོ་འཁྱག་ན་ཡང་།།

སྲོག་གི་སྟག་རིས་ནོགས་སུ་མེད་པ་བཙན་རབས་དཔའ་བོའི་གཤིས་ལ་འདུག

༢༠༠༧  ༡༡   ༢༠

 

མགུར།

___རང་གི་ནང་མི་རྣམས་ལ་ཞུས་པ།

 

ཟས་སྤྱོད་ཀྱི་འཕྲོད་བསྟེན་མ་ལེགས་པས། །

དྲག་དཀའ་བའི་ནད་ཅིག་ང་ལ་བྱུང་། །

དེ་ཡིན་ཡང་ནོངས་འགྱོད་ཡོད་པ་མིན། །

ལོ་ཉེར་ལྔའི་རིན་ཐང་བཞག་ནས་ཡོད། །

 

གཏམ་བདེན་པ་སྨྲས་ཤིང་བདེན་པ་བྲིས། །

ལས་བདེན་པ་བྱས་ཤིང་བདེན་པ་བསྒྲུབས། །

མིའི་ཡན་དུ་མེད་ཀྱང་མན་དུ་མེད། །

ད་ཅི་ཞིག་བྱུང་ཡང་དགའ་བ་ཡིན། །

 

སྙན་གྲགས་ཀྱི་འུར་སྒྲ་ཆུང་རྒྱུ་མེད། །

ཤུལ་འཛིན་གྱི་སློབ་བུ་ཉུང་རྒྱུ་མེད། །

བུ་འདྲ་འདྲའི་ཚོད་ཀྱིས་མི་འདྲ་བའི། །

བན་སེང་རྡོར་ཤི་ཡང་སྟག་ཤི་ཡིན། །

 

ན་བ་ལ་སྐྲག་རྒྱུ་ཅི་ཞིག་ཡོད། །

འཆི་བ་ལ་ལྷག་ཏུ་འཇིགས་རྒྱུ་མེད། །

མི་དབང་ཆེན་གྲགས་ཆེན་སུ་ཡིན་ཀྱང་། །

མ་ཤི་བར་བསྡད་པ་གཅིག་ཀྱང་མེད། །

 

མི་ཚེ་ནི་སྐད་ཅིག་སྐད་ཅིག་ཙམ། །

འཚོ་བ་ཡང་སྐད་ཅིག་སྐད་ཅིག་ཙམ། །

ཡུན་ཐུང་གི་རྨི་ལམ་འདི་ཙམ་ནི། །

མིའི་སྐྱེ་བ་བླངས་པའི་དོན་སྒོར་སྣང་། །

 

སྙིང་ཉེ་བའི་མ་བུ་གསོན་འབྲལ་བྱེད། །

དེ་མིན་རུང་ཅིས་ཀྱང་ཤི་འབྲལ་བྱེད། །

འདུས་འདུས་པའི་མཐའ་མར་འབྲལ་དགོས་པ། །

འབྱུང་ངེས་པ་ཡིན་པས་སྐྱོ་རྒྱུ་མེད། །

 

སུ་གང་ལ་ལེ་བདའ་བྱེད་རྒྱུ་མེད། །

ཕྱི་མིག་དང་ཞེན་ཆགས་ལྷག་ཏུ་མེད། །

གང་གང་བའི་མཐའ་མར་ཟག་དགོས་པ། །

སྲོག་ལྡན་གྱི་ཆོས་ཉིད་ཟེར་པ་རེད། །

 

ཕན་ཚུན་ལ་སྡུག་སྣང་མ་བཞག་པར། །

མི་འོས་པའི་གནོད་ཀྱང་མ་བསྐྱལ་བར། །

ཡིད་དགའ་དགས་མིག་གཉིས་བཙུམ་ཐུབ་ན། །

ཚེ་མཇུག་གི་རེ་བ་དེ་ཙམ་ལགས། །

 

གསོ་དཔྱད་ལ་ཆ་རྒྱུས་མེད་པ་ཡིས། །

གསལ་གསལ་ཅིག་བཤད་རྒྱུ་མ་ཡོད་མོད། །

ཟླ་འགའ་འམ་ཡང་ན་ལོ་འགའ་ལས། །

གསོན་དཀའ་བའི་རྟགས་ཤིག་འོང་གིན་གདའ། །*

 

ཁ་ཆེམས་དང་སྐྲག་གཏམ་བརྗོད་པ་མིན། །

སེམས་གཙོ་པའི་ཐོ་ཅོ་ལབ་པ་མིན། །

འཆི་བ་ལ་གོ་བ་ལེན་ཚུལ་ཞིག །

གྲོགས་དག་ལ་ཆེད་དུ་ཞུས་པ་ཡིན། །

 

2006.7.28

 

*རྩོམ་ཐུང་འདི་ཀློག་དུས་རྒྱན་ཚིག་དང་དོན་དངོས་ཀྱི་བར་མཚམས་གོ་བར་འཚལ།

 

སྡོད་མི་ཚུགས་པ།

__ཕུན་ཚོགས་དབང་རྒྱལ་གྱི<<མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར>>ཅེས་པ་དང་། ཉི་གཞོན་གྱི<<9.11རྗེས་དྲན་དང་ཞར་བྱུང་སེམས་ཁྲལ>>ཅེས་པའི་ལྗགས་རྩོམ་ཟུང་ལ་བལྟས་པ།

 

རུས་པའི་གཏིང་ལ་འགྲོ་བ་ཞིག །

རྐང་གི་ནང་ནས་གོ་བ་ཞིག །

སྙིང་ཁ་ཚ་བོ་རེག་པ་ཞིག །

སྙིང་གི་དྲག་ལྡིང་གསན་པ་ཞིག །

གནས་ལུགས་སེམས་ལ་བསྐུས་པ་ཞིག །

དྲང་བདེན་ལག་ལ་བཞག་པ་ཞིག །

སྲོག་གིས་ཉེན་བརྡ་བཏང་བ་ཞིག །

ཁྲག་གིས་གདུ་འཕྱུར་བརྒྱག་པ་ཞིག །

ཞལ་ལ་ཆུ་འཁྱག་གཏོར་བ་ཞིག །

ངོ་ལ་མཛུབ་མོ་གཏད་པ་ཞིག །

རྣ་ལ་དུང་ཆེན་བོས་པ་ཞིག །

མནལ་ལམ་ནས་ཀྱང་སད་པ་ཞིག །

སེམས་ནས་སེམས་ལ་སྤྲད་པ་ཞིག །

རྩ་ཡིས་རྩ་ལ་བརྒྱུད་པ་ཞིག །

མིག་ཆུ་དབང་མེད་འཆོར་པ་ཞིག །

གློ་བ་སྟེང་འོག་བརྗེ་བ་ཞིག །

གནམ་མཐའ་རིག་པའི་བློ་སྒོ་ཞིག །

རྡོག་ལམ་ནོན་པའི་རྐང་རྩལ་ཞིག །

རེ་བ་རབ་ཏུ་འོས་པ་ཞིག །

མཁོ་བ་ཤིན་ཏུ་འབབ་པ་ཞིག །

མི་ངོ་མི་ལ་སྟོན་བྱེད་ཅིག །

རང་ངོ་རང་ལ་འཕྲོད་བྱེད་ཅིག །

བྲང་ཁོང་དྲོད་ཀྱིས་ཁྱབ་བྱེད་ཅིག །

དྲོད་ལ་མེ་སྟག་མཆེད་བྱེད་ཅིག །

ས་ཁོད་ཡངས་པའི་རྩྭ་ཐང་ཞིག །

ཟེར་འོད་འཕྲོ་བའི་གངས་རི་ཞིག །

གསོན་ཤུགས་རྡོལ་བའི་གླུ་སྒྲ་ཞིག །

ཁ་དན་ཆེ་བའི་མི་རབས་ཤིག །

 

 

༢༠༠༦ ༡༢ ༣༠

 

ཟུར་བཀོད་འབོལ་རྩོམ་རེ་གཉིས།

 

 

<<རུ་སྔན་ལོ་རྒྱུས>>ཀྱིས།

བདག་གི་གསེར་ལས་དཀོན་པའི་དུས་ཚོད་བརླགས་སོང་།

 

ཕྲན་གྱིས་མི་བུ་རྣམས་ལ་ལྷན་སྐྱེས་སུ་ཡོད་པའི་གཉིད་དང་རྨི་ལམ་གྱི་ཁེ་དབང་ཡང་རྩིས་མེད་དུ་བཏང་ནས་མཚན་ཞག་གང་བོར་དཔེ་ཆར་ལྟ་བ་ཡིན་ལ། ཤེས་རབ་ཅན་གྱི་མིག་རྒྱང་དང་། ཤེས་རབ་ཅན་གྱི་མི་གཤིས། ཤེས་རབ་ཅན་གྱི་སྙིང་སྟོབས་སོགས་ཀྱིས་མི་བུའི་བསམ་གཞིགས་ཀྱི་སྒོ་མོ་འབྱེད་ཅིང་དཔྱོད་ཤེས་ཀྱི་འོད་སྣང་སྩོལ་པས་ན། དེ་ལས་ལྷག་པའི་དོན་ཆེན་ཞིག་ག་ན་ཡོད། དེ་བས་ངས་རང་གི་ཞག་མ་རེ་རེ་ནི་གཞན་གྱི་གསེར་དངུལ་ལས་ཀྱང་དཀོན་པོ་ཞིག་རེད་བསམ་གྱིན་ཡོད། ཡིན་ནའང་། དཔེ་དེབ་ཁ་ཤས་ཤིག་ཏུ’རྙིང་ཞེན’དང་། ‘སྒེར་གཅོད’ ‘གུ་དོག’སོགས་ཀྱི་ཐལ་སྤུང་གང་སར་བརྒྱབ་འདུག་པར་མ་ཟད། ‘ཡིད་སྐྱོ་བ’དང་། ‘ཞེ་ཕམ་པ’ ‘སེམས་སྡུག་པ’སོགས་ཀྱི་ཟུག་ཚོར་ཀྱང་གཅིག་རྗེས་གཉིས་མཐུད་དུ་བསྐྱལ་འོང་པ་རེད།

སྐབས་དེར་དཔེ་ཆའི་ཁ་བསུམས་ཏེ་ངལ་གསོ་ཞིག་བྱེད་བསམ་ཀྱང་། དཔེ་ཆ་དེའི་ནང་གི་བདེན་དོན་མ་ཡིན་པ་དང་། གནས་ལུགས་མ་ཡིན་པ། རང་དབང་མ་ཡིན་པ་སོགས་ཀྱི་སྐད་ཆ་དེ་དག་འུར་སྒྲ་དང་ཟིང་སྒྲའི་ཚུལ་དུ་གྲག་འོང་པས། སོས་དལ་བག་ཕབ་ཀྱི་གཉིད་རྒྱུ་ཞིག་ག་ལ་འོང་། དེ་ལས་ལྡོག་སྟེ་མི་རིགས་ག་གེ་མོ་དང་ས་ཆ་ག་གེ་མོའི་འདུ་ཤེས་ཀྱི་ཉམས་ཉེས་དང་། ཀུན་སྤྱོད་ཀྱི་ཉམས་ཉེས་སོགས་གཟུགས་ཅན་བཞིན་དུ་མངོན་འོང་སྟེ་རྨི་ལམ་ནས་ཀྱང་སྔངས་འདར་བྱེད་དགོས་ཚོད་རེད།(འགན་ཁུར་གྱི་འདུ་ཤེས་ཡོད་པའི་སྐྱེས་བུ་དག་མ་གཞི་ནས་འདི་འདྲ་ཞིག་ཡིན་ཨང)

<<རྨ་བྱང་རུ་སྔན་ལོ་རྒྱུས་མཐོང་བ་ཀུན་གསལ>>ཞེས་པའང་ཏག་ཏག་སྔངས་ལོག་བྱེད་སྤྱད་ཀྱི་དཔེ་དེབ་དེའི་གྲས་ཀྱི་གཅིག་རེད།

ཐིག་ཕྲེང་རེ་ན་ཡིག་ནོར་ལྔ་དྲུག་རེ་མཐོང་རྒྱུ་ཡོད་ཅིང་། བློ་རྣལ་མས་བརྟགས་ཤིང་དཔྱད་ན་ཚིག་དོན་ལ་སྐྱོན་ཅུང་ཟད་ཀྱང་མེད་པ་ཞིག་ཕལ་ཆེར་འཚོལ་དུ་མེད་པས་ན། དེ་ལ་ལྟ་ཀློག་གི་རིན་ཐང་དང་དགོས་ངེས་ཀྱི་རང་བཞིན་མེད་པ་ནི་བཤད་མི་དགོས་པ་ཞིག་རེད་མོད། མིའི་རྩིས་ཐང་དང་རང་དབང་གི་གོ་རྟོགས་ཡོངས་སུ་སད་པའི་དུས་རབས་ཉེར་གཅིག་པའི་དུས་ན་ཡང་། བོད་པ་ཚོས་སྔར་བཞིན་ག་གེ་མོ་ལ’ནག་ལྡང’དང་། ཆེ་གེ་མོ་ལ’ཁྲ་ཞར’སོགས་ཀྱིས་མི་གཤིས་ཁྱད་གསོད་ཀྱི་སྦྱོར་བ་ལྷུར་དུ་བླངས་ན། དཔལ་ཡོན་ལྡན་པའི་མི་རིགས་གཞན་དག་གིས་ང་ཚོར་ཁོང་དགོད་དང་ཟུར་ཟ་མི་བྱེད་དམ། དེ་ལས་ཀྱང་སྐྱུག་བྲོ་བ་ཞིག་ནི་གཞན་གྱི་དུ་ཆང་གང་རུང་གི་པར་དབང་ཚོན་རིས་ཤིག་རྫུན་བཟོ་བྱས་ཡོད་པ་འདི་རེད།

འདི་འདྲའི་གཡོ་ཟོལ་དང་ཕྱི་ཚུལ་རིང་ལུགས་ཀྱིས་དཔེ་སྐྲུན་ལས་རིགས་ལ་ཆ་རྒྱུས་དྲུང་ནས་མེད་པའི་ཀློག་མཁན་དག་ལ་མགོ་སྐོར་ཆེན་པོ་གཏོང་ཐུབ་ཀྱང་སྲིད་མོད། ང་བཞིན་ཉིན་མཚན་གཉིས་ཀ་དཔེ་ཆའི་ནང་ནས་ཚར་གྱིན་པའི་མི་བུ་ཚོས་རྫུན་ལས་དེ་འདྲ་གཏན་ནས་ཁས་མི་ལེན། གལ་ཏེ་དཔེ་སྐྲུན་མ་དངུལ་སོགས་ཀྱིས་ཁག་པ་ཡིན་ན། ནང་ཁུལ་རྒྱུ་ཆའི་དོད་དུ་བཀྲམ་ཡང་མི་ཆོག་པ་མེད་པས། དེ་འདྲའི་དཀར་ནག་གོ་ལྡོག་གི་སྣོག་ལས་བྱེད་དགོས་དོན་ཅི་ཡོད། རང་ཉིད་སྲིད་འཛིན་ལས་བྱེད་དང་ཤེས་ལྡན་མི་སྣར་ཁས་འཆེས་བཞིན་དུ་འདི་འདྲའི་རྐུ་བཤུ་རྫུན་བཟོའི་ལས་ཀྱང་བགྱིད་དུ་རུང་ན། མང་ཚོགས་ཕལ་བ་ཚོས་བྱ་ངན་སྤྱོད་ངན་ཕྲན་ཙམ་བཟོས་པ་ལ་ཡ་མཚར་རྒྱུ་ཨེ་ཡོད་དམ།

བོད་ཀྱི་ལོ་རྒྱུས་ཀྱི་ཚད་གཞིར་འཛིན་ཞིང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རླུང་ལྟར་གྲགས་པའི་རྒྱལ་རབས་དེབ་ཐར་དཀར་པོ་ལ་ཡང་ཤོག་ངོས་བརྒྱ་ཙམ་ལས་མེད་ཀྱང་། ཨ་ཨ། དཔེ་ཆ་འདི་ཇི་འདྲའི་མཐུག་པ་ལ། ཅི་ཟེར་རམ། རྩོམ་སྒྲིག་པ་འདི་ཚོས་ང་ཚོ་རུ་སྔན་ཚང་ལ་བོད་གངས་ཅན་གྱི་ལོ་རྒྱུས་ཀྱི་ལྷག་ཅིག་ཡོད་ཟེར་འདོད་དམ། ང་ཚོའི་ལོ་རྒྱུས་ཀྱིས་འཛམ་གླིང་ཅི་ཉི་སིའི་ཟིན་ཐོ་བརྒལ་སོང་ཟེར་འདོད་པ་ཡིན། བསལ་གསེས་དང་འདོར་ལེན་ཅི་ཡང་མེད་པའི་ལས་ཀ་འདི་འདྲ་བྱེད་དགོས་ཚེ། གཡག་ལུག་ར་ཕག་སོགས་ལ་ཡང་ལོ་རྒྱུས་རི་བོའི་གཏོས་དང་མཉམ་པ་ཞིག་འབྲི་རྒྱུ་ཡོད་ཁོ་ཐག་རེད།

ཀྱེ་མ། འུར་བསྟོད་དང་ཚུལ་འཆོས་ལ་དགའ་བའི་མི་རིགས་འདི་ཇི་འདྲའི་སྙིང་རྗེ་བ་ཞིག་རེད་ཨང་།

གང་ལྟར། ཕྱི་ཤིན་དང་བོངས་ཚོད་ཙམ་ལས་མེད་པའི་དཔེ་དེབ་འདིའི་རིགས་ནི་མཐོང་མ་ཐག་ལ་ཅུང་མཛེས་པ་ལྟར་སྣང་ཡང་། ཞིབ་ཏུ་དཔྱད་ཚེ། རྡོ་ཡིས་བྱས་པའི་སེང་གེ་དང་། གཟིག་ལྤགས་བཀབ་པའི་བོང་བུ། ཚེ་སྲོག་མེད་པའི་རྩྭ་གཟུགས་བཞིན་དུ་དུས་ནམ་ཡང་འགྲེང་ཚུགས་ཐུབ་པ་ཞིག་མ་ཡིན་ལ། དེ་དང་ཆབས་ཅིག་ངས་རང་གི་དཔེ་ཀློག་གི་བུ་ཆུང་ལ་ཞུ་འདོད་པ་ཡང་། དུས་ཚོད་དང་སྒོར་མོ་གཉིས་ཀ་ཆུད་ཟོས་སུ་གཏོང་བའི་དཔེ་དེབ་འདི་འདྲ་ལ་དུས་གཏན་དུ་མི་མཇལ་པའི་སྨོན་ལམ་དང་། རང་གི་གསེར་ལས་ལྷག་པའི་ཞག་མ་གཅིག་འདི་ལྟར་ཆུད་ཟོས་སུ་སོང་བ་ལ་ཡང་མྱ་ངན་ཆེན་པོ་བྱེད་པ་ཡིན་ནོ། །

༢༠༠༦ ༧ ༢༩

 

བདུད་ལྷ་རྒྱལ་རྩོམ་རིག་གི་ཚད་ཤིང་མིན།

 

མངོན་སུམ་གྱིས་གྲུབ་པ་ལ་སུས་ཀྱང་སྙོན་དུ་མེད་པས། དེ་ལས་རླིངས་པའི་ཚད་མ་ཞིག་གང་དུ་ཡོད།

____ ཀློ་བོ་བསོད་ནམས་ལྷུན་གྲུབ།

ལར་བདུད་ལྷ་རྒྱལ་ལགས་ཀྱི་དཔྱད་བརྗོད་མང་ཤོས་ཅུང་ཟད་ཡག་པོ་ཡོད་ཅིང་། ལྟ་རིན་ཡོད་པའི་ལེགས་རྩོམ་མི་ཉུང་ཙམ་སྤེལ་བའང་ཕལ་ཆེར་བདེན་དུ་མཆི། འོན་ཀྱང་། རྒད་པོ་སྐོར་ཞིག་གིས་བདུད་ལྷ་རྒྱལ་གྱི་ཡི་ག་དང་མ་འཚམས་ན་ཅི་མི་སྙམ་དུ་རྩོམ་གྲས་སུ་འཕུད་གྲབས་བྱེད་པ་ནི་མེས་པོ་ཚོ་དབྱུག་པ་ཅན་ལ་ཞེད་མྱོང་པ་དང་ཨ་ན་མ་ན་རེད།

ཉེ་སྔོན་གངས་ཞུན་གྱིས་ང་ལ<<འཁོར་བའི་སྙིང་བོའི>>བསྟན་དོན་དེ་བདུད་ལྷ་རྒྱལ་གྱིས་ཇི་བཞིན་དུ་བསྔོག་མ་ཐུབ་པའམ་བསམ་བཞིན་དུ་འཁྱོག་པོར་བཟོས་འདུག་ལ། དེར་བལྟས་ན་ཚེ་གྲུབ་ཀྱི་དཔྱད་ཐུང་དེ་བག་ཙམ་ལེགས་པོ་ཞིག་འཁྱོངས་ཡོད་ཚུལ་བཤད་བྱུང་། (ངས་སྐབས་འདིར་གངས་ཞུན་གྱི་སྙན་ངག་དེའི་ལེགས་ཉེས་དང་ཁྱད་ཆོས་སོགས་འཆད་པ་ཡེ་མ་ཡིན་པར།<<འཁོར་བའི་སྙིང་བོ>>ཞེས་པའི་རྩོམ་དེར་སུས་བལྟས་ནའང་དམར་པོ་སེར་པོའི་ཁ་དོག་མ་ཡལ་ཞིང་མ་ཎི་སྒྲོལ་མའི་བྲོ་བ་མ་བཏང་བ་ཞིག་རེད་ཅེས་པ་ནི་ཡོངས་ཁྱབ་རེད་ལ། འདི་ནས་ཀྱང་ཆོས་ལུགས་ལྡོག་ཕྱོགས་ཀྱི་གོ་དོན་ཞིག་རྙེད་གི་ཟེར་ན། རྒན་བདུད་ལྷ་རྒྱལ་ལགས་ནས་མ་འོངས་པར་སྐྱབས་འགྲོ་དང་ལྟུང་བཤག་སོགས་ལའང་ཆོས་ལུགས་ཀྱི་ཁ་གཏད་ཡིན་པའི་འགྲེལ་བ་གསུང་རྒྱུ་ལོས་ཡིན་སྙམ་སོང་ཞེས་པ་དེ་ཁོ་ནའོ། །)

སྐད་ཆ་དེས་སྐྱབས་ཆེན་བདེ་གྲོལ་གྱིས”བོད་ཀྱི་དེང་རབས་རྩོམ་རིག་ནི་བྱིས་པ་སློབ་གྲྭར་འགྲོ་མ་མྱོང་བ་ཞིག་ལ་ཨ་མ་བཙན་པོ་ཞིག་ཡོད་པ་དང་འདྲ་ལ། སྐབས་འདིའི་ཨ་མ་ཟེར་བ་དཔྱད་བརྗོད་པ་བདུད་ལྷ་རྒྱལ་སྟོན་པ་ཡིན”(<<མཆོད་མེའི་དྲ་ཚིགས>>སུ་གསལ)ཟེར་བའང་གསར་རྟགས་ཁོ་ན་ཞིག་མིན་པ་ར་སྤྲོད་བྱས་ཚར།

དངོས་གནས་སྐུ་ཞབས་ཐེ་ཀོར་ལགས་ཀྱིས”སྙན་ངག་ལ་ཆག་གྲུམ་བཟོ་མཁན་གཙོ་བོ་ནི་དགེ་རྒན་ཆེན་མོ་ཁོ་ཚོ་ཡིན་ཏེ། དེ་རྣམས་ཀྱིས་སྙན་ངག་ལ་གསལ་བཤད་འབྲི་བ་དང་། དཔེ་ཁྲིད་སྐབས་སུ་འགྲེལ་བ་མང་པོ་བྱེད་ཀྱིན་ཡོད་པས་སོ། །ཀྱེ་མ། སྙན་ངག་མཁན་གྱིས་མཛད་པའི་སྐད་ཆ་སྙན་ངག་རང་སྟེང་ནས་རྙེད་ཐུབ་པས། ཁྱོད་ཀྱི་བློ་ཁུག་ལས་གཡོར་དགོས་དོན་ག་ལ་ཡོད”(<<ཁྱིམ་དུ་གནས་པའི་ཐེ་ཀོར>>ལས་དྲངས)སོགས་གསུངས་པ་ནི་ཅིས་མ་བདེན་ཨང་།

ཁྱད་པར་དུ། བདུད་ལྷ་རྒྱལ་རང་ཉིད་ཀྱིས། ”དཔྱད་བརྗོད་ཀྱི་ཚད་ཐིག་འདང་ཡོད་པ་ཉུང་ཤོས་རེད་སྙམ་པའི་ཕངས་སེམས་ཡོད།”ཅེས་པ་དང་། ”རང་གི་སེམས་སུ’གླེན་བཤད’བྱས་པ་མང་འདུག་སྙམ”ཅེས་པ་དང་། ”བདེན་ལུགས་ནི་འདིའོ་དང་ཡང་དག་པ་ནི་འདིའོ་སྙམ་པའི་གདེང་ཚོད་དང་ཁ་ཚོན་ནི་ཡེ་ནས་མེད”(<<འཚོལ་རྟོག་སྙིང་སྟོབས>>ལས་དྲངས)ཅེས་པ་སོགས་ཀྱིས་ཁོའི་དཔྱད་བརྗོད་དུ་ནོར་འཆུག་འཁྲུལ་གསུམ་ཡོད་པ་ཁོང་རང་ཉིད་ཀྱིས་ཀྱང་ཁས་ལེན་ཞིང་དེ་ལ་སྐྱོན་བསལ་དག་འདོན་མཛད་རྒྱུ་ནི་རྩོམ་མཁན་རང་ཉིད་ཀྱི་དགོངས་པའང་ཡིན་འདུག

ངས་ལྟས་ན་བདུད་ལྷ་རྒྱལ་གྱི་སྟེང་ན་ཨ་མཚར་ཟེར་བ་ཞིག་ཡོད་ན་ཡང་ཏན་ཏན་རང་ཉིད་བཤམས་སྟོན་བྱེད་ཕོད་པའི་བློ་དཀྱེལ་ཆེན་པོ་འདི་འདྲ་ཡིན་ངེས་རེད།

དེ་བས་བདུད་ལྷ་རྒྱལ་ལགས་ཀྱི་ཕོ་བས་ཞུ་ཐབས་མེད་པའི་བརྩམས་ཆོས་རེ་ཟུང་ད་ལྟ་ཡང་ས་འོག་གི་གསེར་བཞིན་དུ་མང་པོ་ཞིག་གི(ཀློག་མཁན་མང་དག་ཅིག་ལ་ངེས་པར་དུ་ཞར་འཁྲིད་པ་ཞིག་དགོས་ཚོད་རེད)སྤྱོད་ཡུལ་དུ་གྱུར་མེད་པ་དང་། ཁོང་གིས་མཚམས་རེར་གོ་དོན་ལོག་འགྲེལ་གྱི་བགྱི་བ་ལྷུར་དུ་བླངས་པའང་ཡོད་པས་བོད་ཀྱི་རྩོམ་རིག་བདེ་ཐང་ངང་འཚར་ལོངས་འབྱུང་པར་ནུས་པ་དྲང་ལྡོག་གཉིས་ཀ་ཐོན་ངེས་རེད་སྙམ་སོང་།

འོ་ན། ད་ནས་བཟུང་བདུད་ལྷ་རྒྱལ་གྱིས་འུ་ཚོའི་ཡ་ཁའི་སྣབས་སྟོན་པ་དང་ཆབས་ཅིག་འུ་ཚོས་ཀྱང་ཕྱིར་བདུད་ལྷ་རྒྱལ་གྱི་ཁ་སྤུའི་ནང་གི་རྩམ་སྐྱ་དེ་ཕྱི་ཆོག་གི་ཡོད་ན་འགྲིག ནང་སྒོས་སུ་འུ་ཚོའི་རྩོམ་འབྲིའི་དམིགས་ཡུལ་ནི་དབྱུག་པ་ཅན་གྱི་རྐང་རྗེས་འདེད་རྒྱུ་དང་བདུད་ལྷ་རྒྱལ་གྱི་ཁ་གཡང་ཐོབ་རྒྱུ་ཞིག་རྩ་བ ཉིད་ནས་མ་ཡིན་པར།

སྤུན་ཟླ་རྣམས་ཀྱི་དཀའ་སྡུག་གི་འཚོ་བ་འདི་ལ་མཐོང་རེག་ཡོད་པའི་བཞི་ཤད་ཅིག་འབྲི་རྒྱུ་དེའོ། །

2008.1.2

 

 

ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་།

__ སངས་རྒྱས་ཆོས་ལུགས་ཐད་ཀྱི་ཟིན་བྲིས།

ཧུའོ་ཨེར་པ་ཧོ་ན་རེ།*1ཆོས་ལུགས་ནི་ཕཱན་ཏུའུ་ལའི་སྒམ་ཡིན་ཞིང”བཀྲ་མི་ཤིས་པའི་སྒམ”དེའི་ཁ་ཕྱེས་བྱུང་ཟེར། ཁོ་བོ་ན་རེ། ཆོས་ལུགས་ནི<<ས་རྡུལ་ཞོད་འཇགས>>*2ནང་གི་མེ་ཏོག་རྒྱ་མེན་དེ་ཚོ་ཡིན་ཞིང”དོན་མི་འགྲུབ་པའི་མེ་ཏོག”དེ་ཁ་བཀད་བྱུང་།

<<དག་ཡིག་གསར་སྒྲིག>>ནང་གི་ཆོས་ལུགས་ཀྱི་མཚན་ཉིད་དེ་ལ་ང་ཞེ་དྲགས་འཐད། མཚན་ཉིད་དེས་འོལ་ཚོད་དང་བློ་བཅོས་སོགས་ཀྱི་སྐུ་དྲིན་ལས་ཆོས་ལུགས་རིན་པོ་ཆེ་ཚར་རྒྱུ་མེད་པ་ཞིག་ཐོན་ཚུལ་ལ་དམར་འགྲེལ་མཁོ་སོད་པ་ཞིག་བརྒྱབ་ཡོད་རེད།

ལྷ་རིག་སྨྲ་བའི་རྨ་ཐོག་ལ་ཤར་སེ་འགྲོ་བའི་སྐད་ཆ་སྙིང་ཚིམ་པ་ཞིག་བཤད་ཡོད་རེད། ཅི་ཟེར་ཀྱང་ཆོས་ལུགས་རིན་པོ་ཆེ་ཆོས་ལུགས་ཡིན་ཚུལ་ལ་ངེས་ཤེས་རྣལ་མ་སྐྱེས་ཐུབ།

__ ཐོག་མའི་གླེང་སྒོའི་དོད་དུ།

 

A. མི་གསོད་པ་དང་། བཙན་གཡེམ་བྱེད་པ། རྫུན་སྨྲ་བ་སོགས་ལ་ཡང་ལུང་རིགས་ཀྱི་རྒྱབ་དཔུང་ཡོད།

 

‘ལུང’ཞེས་པའི་ཡིག་འབྲུ་འདི་གཅིག་པོ་སྲང་ལམ་ཁག་ཅིག་ན་ཡོད་པའི་ཨ་ཅེ་རྐུབ་རྗེན་ཚོ་དང་འདྲ་བར་སུ་ཡིས་ཁྲིད་ཀྱང”ལེགས་སོ”དང”འོ་ཡ”བྱེད་པས། དེ་ལའང་བདག་པོ་ངེས་གཏན་པ་ཞིག་ཡོད་ཟེར་ན་ངས་རྦད་དེ་ཤེས་གི་མ་རེད།

ནང་སྒོས་སུ་གཟུགས་འདས་རིག་པའི’ལུང’འདི་དག་འབྱར་རྫས་ཤིག་དང་གཅིག་ལ་གཅིག་ཡིན། ཟེར་མཁས་ན་གང་ལ་སྦྱར་ཀྱང་མི་འཕྲོད་མི་འགྲིག་ཅེས་པ་ཞིག་ཧ་ལམ་མེད་དེ།

“ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །”(<<དབུ་མ་འཇུག་པ>>ལས་དྲངས)ཅེས་པའི’ལུང’འཇམ་པོ་ཐང་སིན་བླ་མ་ལྟ་བུ་ཡོད་ལ། “ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་ཡང་། །འདི་ཡི་ལམ་གྱིས་གྲོལ་གྱུར་ཏེ། །སྡིག་གིས་གོས་པར་མི་འགྱུར་རོ། །”(<<ཀུན་བཟང་བླ་མའི་ཞལ་ལུང>>ལས་དྲངས)ཞེས་པའི’ལུང’ཁོག་ནག་རུས་དཀར་བདུད་མོ་འདྲ་བ་ཡང་ཡོད།

ད་དུང་། ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན། །རིག་མ་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། །ཟེར་པའི’ལུང’འདོད་ཆེན་ཧ་ཤང་ཕག་མགོར་མཚུངས་པ་ཡང་བགྲང་མི་ཚར་པ་ཞིག་འཚོ། །དེའི་རྐྱེན་གྱིས་རྭ་ལོ་ཙ་པ་མྱི་གསོད་དུ་གྱུར་ཀྱང་འུ་ཚོས་གུ་ཡངས་བྱེད་ཐུབ་གི་རེད་ལ། གུ་རུས་ཕྱག་རྒྱ་མ་བཅུ་གྲངས་ཤིག་བླངས་ཀྱང་འུ་ཚོར་ཅི་ཡང་མ་བྱུང་བ་དང་འདྲ།

ཞིབ་བུར་བསམས་ན་འབྲུག་པ་ཀུན་ལེགས་ཀྱི་ཤ་དང་ཆང་ནས་བཟུང་སྟེ་མགོ་ལོག་ཟླ་བྷེ་གི་ཤོབ་དང་གླུ་ཡི་བར་དུ་སངས་རྒྱས་ཀྱི་དགོངས་པ་མིན་ས་ཅི་ཞིག་ཡོད།

དེས་ཀྱང་ཚད་གི་མ་རེད། རྨེ་སྤྲུལ་སོགས་ཀྱི་ཆོས་སྲིད་ཟུང་འབྲེལ་བྱེད་པ་དང་། རྒྱ་གྲོལ་སོགས་ཀྱི་ནང་བསྟན་དཔལ་འབྱོར་རིག་པ། སྒོ་ཤེས་རབ་སོགས་ཀྱི་ཆོས་སྲིད་ཐ་དད་གཏོང་བ་གང་ཡིན་ཡང་སངས་རྒྱས་ཀྱི་བཞེད་པ་ཡིན་ཁོ་ཐག་སྟེ། ཁོ་ཚོ་རེ་རེས་ཀྱང་གཞུང་ཆེན་མོ་རྣམ་འགྲེལ་སོགས་ཀྱི’ལུང’དྲངས་ཡོད། བོད་ཀྱི་མཚན་ཉིད་གྲྭ་ཚང་ནས་མི་ལོ་བཅུ་ཕྲག་ཁ་ཤས་ལ་སྦྱངས་པའི’རིག་པ’དྲི་མ་མེད་པས་རྒྱས་བཏབ་ཡོད།

ལྷག་པར་དུ་ཁོང་རྣམས་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའི་དགེ་ཚུལ་སློང་འབའ་ཞིག་རེད་པས། རྫུན་རིང་བོ་དཔེ་ཆར་ལོངས་པ་ཞིག་གཏམ་མི་སྲིད་པ་ཡིན།

ཡང་ཁོ་ཚོར་རོགས་རྒྱག་མཁན་གྱི་ལྷའམ་མྱི་ཡང་འདུག་སྟེ། རྨེ་སྤྲུལ་སོགས་ཀྱི་ཕྱོགས་ན་ཨུ་རྒྱན་པད་མ་དང་ས་སྐྱ་པཎ་ཆེན་སོགས་བཙོག་ཡོད་ཅིང་། རྒྱ་གྲོལ་སོགས་ཀྱི་ཕྱོགས་ན་ཛམ་ལྷ་དང་། ནོར་རྒྱུན་མ་སོགས་ལངས་ཡོད། ཤེས་རབ་སོགས་ཀྱི་ཕྱོགས་ན་མི་ལ་དང་ཀློང་ཆེན་པ་སོགས་འགྱིང་ཡོད་པར་མ་ཟད།

ཨ་ཁུ་ཤེས་རབ་ཀྱི་ཞལ་འབོད་བཞིན། ནམ་ཞིག་ན། ནང་བསྟན་དམག་དོན་རིག་པ་སོགས་ཀྱང་འབྱུང་སྲིད་དེ། ཞང་བོ་ལ་བསྐང་དཔེ་ནར་མོ་ཞིག་ཡོད་པར་དབྱིབས་གསར་བོའུ་ཐུང་དང་། འགད་རྫས་སྣ་ཚོགས་ཀྱི་སྐོར་མི་གསལ་ཙམ་ལས། གསོད་ལུགས་འཐབ་སྟངས་ཀྱི་ཐད་ན་ཞིབ་ཆེ་བ་ལ”དེ་འདྲ་ཡིན་འདུག”སྙམ་པ་ཅི་མང་བདོག་ཅིང་། ཧ་ཅང་ནན་པོར་བཀླགས་དུས་ཚའོ་ཚའོ་འམ་དམག་དཔོན་གང་རུང་ཞིག་གིས་རང་གི་མྱོང་ཐོག་ནས་བྲིས་པ་ཡིན་ངེས་རེད་བསམ་འོང་།

འདི་ཉིད་དང་འདི་ཉིད་ལྟ་བུའི་ཆོས་དཔེ་དག་རང་གི་ཤར་སྣང་ཅི་ནས་ཀྱང་སངས་རྒྱས་ཀྱི་བཞེད་པ་ཡིན་དགོས་པའི་ཨ་ཁུ་དག་ལ་སྤྱན་བསྟར་ཞུས་ན། ཐུན་མོང་མ་ཡིན་པའི་བོད་ཀྱི”ནང་བསྟན་དམག་དོན་རིག་པ”ཞིག་རྩ་འགྲེལ་ཟུར་མཆན་དང་བཅས་ཏེ་སྐུ་འཁྲུངས་པར་འགྱུར་བ་ཁོ་བོས་ད་ལྟ་ནས་ཚོད་ལེན་བྱའོ། །

ནུབ་ཕྱོགས་ཀྱི་མཁས་ཆེན་ཞིག་གིས། ”ལུང་ཚིག་ལ་འགྲེལ་བ་འདྲ་མཚུངས་རྒྱག་མཁན་གཉིས་ཀྱང་རྙེད་མི་ཐུབ”གསུངས་པ་ནི་ཇི་འདྲའི་དོན་ལ་གནས་པའི་སྐད་ཆ་བདེན་པ་ཞིག་རེད་ཨང་།

འུ་ཚོའི”མཐུན་ཐབས་སྨྲ་བ”གསར་པ་སྐོར་ཞིག་གིས་ཆོས་གཞུང་རང་ལྡོག་ནས་ཀྱང་འཇིག་རྟེན་པའི’བདག’དང’མི’སོགས་རྙེད་གི་ཡོད་པ་འདྲ་བས། ། ད་འཕྲོར་བདག་མེད་སྨྲ་བ་ཀླུ་སྒྲུབ་སོགས་ལའང”བདག་གཙོ་རིང་ལུགས”དང”མི་རིག་རིང་ལུགས”སོགས་ཀྱི་ཅོད་པན་འཚེར་འོད་ལྡན་པ་ཞིག་འདོགས་རྒྱུ་ཡིན་ཚོད་རེད།

ཐ་ན”དེང་རབས་ཅན་གྱི་སྐྱབས་འགྲོ”འམ”བྲན་གཤིས་བླངས་པའི་སྐྱབས་འགྲོ”ཞིག་ཀྱང་འབྲི་བ་ལོས་ཡིན་སྙམ་ཞིང་། དེ་དང་དེ་སོགས་ལའང”ལུང་རིགས”ཀྱི་རྒྱབ་དཔུང་གཤར་མི་ཚར་པ་ཞིག་ཡོད་ངེས་པས་ན།

”ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང”ཙམ་འབྱུང་བར་དེ་ཙམ་མཚར་གི་མ་རེད།

 

 

B. རྩོད་ལ་ངར་མི་ངར་དྲིས་པ་ནི། དོན་ལ’སྣོག’བརྒྱབ་ན་ངར་མི་ངར་དྲིས་ནི་རེད།

 

འུ་ཚོའི་མཚན་ཉིད་གྲྭ་ཚང་ན”ཡིན་པ་མིན་པར་བསྒྲུབ་ན་བསྡུས་གྲྭར་བྱང་བའི་རྟགས”དང’མིན་པ་ཡིན་པར་བསྒྲུབ་ན་བསྡུས་གྲྭར་བྱང་བའི་རྟགས”ཅེས་ཐོག་མ་ཉིད་ནས་ཡིན་མིན་གོ་ལྡོག་གི་རིག་ལམ་ཉི་ཚེ་བ་ཞིག་གཉེར་གྱིན་པ་དེས།

རྩོད་ལ་མ་མཁས་ན་ནི་རི་རྭ་མངོན་སུམ་དུ་ཁས་ལེན་དགོས་པ་དྲགས་ཆུང་བྱོས་དང་། ལན་རེ་འདོམ་པ་བཅོ་བརྒྱད་ཙམ་ཁས་ལེན་པའང་གནས་ལུགས་ཡིན་ཡིན་འདྲ་ཞིག་ཆགས་བསྡད་ཡོད། སྤྱིར་རི་བོང་ལ་རྭ་མེད་པ་ནི”ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་ལྟ་བུ”ཞིག་ཡིན་པས། འདི་ལའང་ཡོད་མེད་སོགས་ཀྱི་རྩོད་པ་ཞིག་འོང་གི་ཞེ་ན་གཟས་ནས’སྣོག’བརྒྱག་གི་ཡོད་པ་རེད་དོ། །

དེའི་དཔེ་མཚོན་ལ། རྡོ་སྦིས་དགེ་བཤེས་དང་སྒིས་སྟེང་བློ་བཟང་གཉིས་བཞག་ན་འགྲིག་གི་རེད། ཁོ་གཉིས་ཀྱིས་སོ་སོ་བདེན་པའི་ཕ་ཡབ་ཏུ’སྣོག’བརྒྱབ་པ་གཅིག་ལས་གཅིག་ཐུ་ཞིང་། ཕན་ཚུན་རྫུན་གྱི་ཆུ་ལེན་དུ’སྣོག’བརྒྱབ་པའང་གཅིག་ལས་གཅིག་བཙན།

རྡོ་སྦིས་དགེ་བཤེས་ཀྱི་རྩོམ་ལ་བལྟས་ན། སྒིས་སྟེང་ཞེས་པས་སྐད་ཆ་གཙང་དག་ཅིག་ཀྱང་བཤད་ཨེ་ཤེས་སྙམ་ཞིང་། སྒིས་སྟེང་གི་རྩོམ་ཡིག་བཀླགས་ན་ཡང་། རྡོ་སྦིས་དགེ་བཤེས་ཟེར་བས་སྣབས་ཆུ་ལའང་བདག་མི་ནུས་འདྲ་ཞིག་བྲིས་འདུག་པ་སོགས་ཀྱིས་བོད་ཀྱི་མཚན་ཉིད་མཁས་ཆེན་དག་གི’རིག་ལམ’ལ’སྣོག’འདྲེས་པ་ཤེས་ཐུབ།

‘སྣོག་རིག’ཆུར་ཁུ་འདྲ་བ་འདི་དག་གནས་བརྟན་འོད་སྲུང་གིས་ཀུན་དགའ་བོ་ལ’ཉེས་པ་བརྒྱད’ཀྱི’ཞྭ་མོ’བསྐོན་པ་ནས་མགོ་བརྩམས་ཤིང་། སློབ་དཔོན་ཀླུ་སྒྲུབ་ཀྱིས’ཤེར་ཕྱིན་འབུམ་པ’སྟོན་པའི་གསུངས་སུ་བཅོས་བཟོ་བྱས་པ་ནས་རྒྱ་བསྐྱེད་དེ། ཏག་ཏག་དུས་རབས་ཉེར་གཅིག་པའི་དུས་མགོར་བསླེབས་པ་ན། སངས་རྒྱས་ཆོས་ལུགས་ཅེས་པ”ཅི་ཡང་ཡིན་པ་འདྲ་ལ་གང་ཡང་མིན་པ་འདྲ”ཞིག་ཐོན་སོང་བ་ནི’སྣོག’གི་བྱེད་པ་དང། ‘ཤོབ’ཀྱི་བྱས་པ་མིན་ནམ།

གཞན་ཡང་ཤེར་མདོ་རྐྱང་པ་ལའང’དངོས་བསྟན་སྟོང་ཉིད་ཀྱི་རིམ་པ’དང’སྦས་དོན་མངོན་རྟོགས་ཀྱི་རིམ་པ’ཞེས་གོ་དོན་མི་འདྲ་བ་ཤར་ནུབ་ཀྱི་ཧེ་བག་ཅན་ཁོ་ན་བྲིས་ཤིང་། ‘རྣམ་འགྲེལ་ལུགས་བརྒྱ་མ’ཞེས་གཞུང་ལུགས་གཅིག་ལ་འགྲེལ་སྟངས་སྣ་ཚོགས་བྱུང་པའང་མ་འཇིགས་པར་སྨོས་ན’སྣོག’གི་ཉམས་བཟོ་ཞིག་ཁྲིགས་སེ་ལྡན་ཡོད།

ད་དུང”མཁས་པས་བཤད་ན་ཅི་ཡང་བདེན”ཞེས’སྣོག་མཁན’རྣམས་ལ་ཤེས་བྱ་ཀུན་གཟུགས་ཀྱི་དབང་ཆ་བླ་ནས་བྱིན་སོང་བས། ཆུང་རི་བོང་ལ་རྭ་ཡོད་མེད་ནས་ཆེ་རྣམ་མཁྱེན་ཤེས་བྱ་ཡིན་མིན་བར་དུ’སྣོག’དང’སྣོག’གིས་ཁྱབ་སྟེ་སྡོད། འདི་འང”ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང”ཙམ་ཡོད་པའི་རྒྱུ་ངར་ཤུགས་ཅན་དང་རྐྱེན་འཕེལ་སྟོབས་ཅན་ཡིན།

 

 

C.སངས་རྒྱས་ཆོས་ལུགས་ཀྱི་ཁུངས་ངོ་མ་བོ་མཐར་གཏུགས་ན’རྨི་ལམ’ཞིག་ལ་ཐུག་ཡོད།

 

<<དུང་དཀར་ཚིག་མཛོད>>ནང་། བཀའ་བསྡུ་པའི་སྐོར་བཤད་སྐབས”སངས་རྒྱས་མྱ་ངན་ལས་འདས་ནས་རེ་ཞིག་བར་སློབ་མ་རྣམས་ཆོས་འཆད་ཉན་ལ་སྤྲོ་བ་མེད་པར་གྱུར་པ་ལ་སྐྱེ་བོ་མང་པོ་ཞིག་གིས་འཕྱ་སྨོད་བྱེད་པ་བྱུང”ཞེས་པ་དང་། ”འོད་སྲུང་ཆེན་པོས་ཀུན་དགའ་བོ་ལ་ཉེས་པ་བརྒྱད་བགྲངས་ནས་གནས་དབྱུང་མཛད”ཅེས་པ་དང་།

”ཆོས་ཁྲིམས་བག་ཡངས་སུ་སྤྱོད་པའི་གནས་ཚུལ་དེ་བྱུང་བ་ཡིན”ཞེས་པ་དང་། ”སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་མི་མཐུན་པའི་ལྟ་བ་གསར་བ་མང་པོ་དར་སྤེལ་བྱས”ཅེས་པ་དང་། ”<<སོ་སོ་ཐར་བའི་མདོ>>འདོན་སྐབས། རྒྱུན་ལྡན་གྱི་མདོ་ཚིག་དང་མི་མཐུན་པའི་ཚིག་རིང་ཐུང་སྣ་ཚོགས་ཡུལ་སྐད་མི་འདྲ་བའི་ཐོག་ནས་བཏོན་པས་དོན་ལ་གོ་བ་ལེན་སྟངས་མི་མཐུན་པ་མང་པོ་བྱུང་ནས་ཐོག་མར་གནས་བརྟན་བགྲེས་པའི་ཕྱོགས་གཅིག་དང། གཞོན་པ་མང་ཆེ་བའི་ཕྱོགས་གཉིས་སུ་གྱེས། དེ་གཉིས་ཀྱང་ནང་གསེས་ཕྱོགས་ཁག་མི་འདྲ་བ་མང་པོར་གྱེས”ཅེས་པ་དང་།

”ལོ་དྲུག་ཅུ་རེ་གསུམ་གྱི་བར་རྩོད་གླེང་དྲག་པོ་བྱུང་ཞིང་། སྔ་རྗེས་སུ་རྩོད་གླེང་ཆེ་ཆུང་སྣ་ཚོགས་བྱུང་།”ཞེས་པ་དང་། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས། ”ད་ལྟ་དངོས་སུ་བཞུགས་པའི་ལུང་དུ་འཁོད་པ་རྣམས་ཇི་མ་ཇི་བཞིན་སྟོན་པས་ཞལ་ནས་གསུངས་པར་ལོ་རྒྱུས་རིག་པའི་ཐོག་ནས་ཁུངས་བསྐྱེལ་བྱེད་དཀའ”ཞེས་པ་དང། ”རྩ་བའི་སྡེ་བ་གཉིས་སུ་གྱེས་པ་ལའང་ཡན་ལག་གི་སྡེ་བ་མང་དུ་གྱེས་ཏེ་མཐར་སྡེ་བ་བཅོ་བརྒྱད་ལོངས་པ་བྱུང་པས་མ་ཚད།

ཉན་ཐོས་སྡེ་བ་དེ་དག་ཀྱང་བརྒྱུད་རིམ་མི་འདྲ་བ་དང་། རྒྱུན་རིང་སྙན་བརྒྱུད་ཀྱི་ཚུལ་དུ་བྱོན་པའི་སྟབས་ཀྱིས་བརྗོད་དོན་གཅིག་ལ་བཤད་སྲོལ་འདྲ་མི་འདྲ་སྣ་ཚོགས་པ་ཞིག་བྱུང་སྟེ་ང་ཅག་གི་བཤད་སྲོལ་འདི་ཁོ་ན་སྟོན་པའི་བཀའ་ཡིན་ཀྱང་། ཁྱོད་ཀྱི་བཤད་སྲོལ་དེ་ནི་སྟོན་པའི་བཀའ་མིན་ཞེས་རྩོད་གླེང་བྱས་ཤིང་ཅིག་ཤོས་ཀྱིས་ཀྱང་དེ་ལྟར་རྒོལ་ལན་སློག་པས་དགེ་འདུན་སྡེ་ཕན་ཚུན་བར་རྩོད་གླེང་རྒྱུན་མར་བྱས་རུང་བདེན་རྫུན་དབྱེར་བྱེད་མ་ཐུབ་ཅིང་།

མཐར་ཅི་བྱེད་འདི་བྱེད་མ་རྙེད་པས་རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་སུ་གསལ་བའི་ལུང་བསྟན་ལ་བརྟེན་ནས་རྩོད་རྙོག་དེ་བཞིན་འགྲིག་པར་བྱས་སོ། །”*1ཞེས་པ་སོགས་ཀྱིས་དོན་དམ་པར་གང་ཞིག་མཚོན་གྱིན་ཡོད་ཅེ་ན།

སངས་རྒྱས་ཆོས་ལུགས་ཀྱི་ཁུངས་ངོ་མ་བོ་མཐར་གཏུགས་ན’རྨི་ལམ’ཞིག་ལ་ཐུག་འདུག་པ་དེའོ། །

”ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང”ཞེས་པ་མཐར་གཏུགས་ན”ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང”རྐྱང་ཡིན་པ་དེའོ། །

 

 

D.<<བཀའ་འགྱུར>>ཞེས་པ་ཤཱཀྱ་ཐུབ་པས་གསུངས་ནི་མ་རེད།

 

<<བཀའ་འགྱུར>>གྱི་འོད་སྲུང་གི་ལེའུ་ཞེས་པའི་མདོ་ལས། ”འོད་སྲུང་ཡོད་ཅེས་བྱ་བ་ནི་མཐའ་གཅིག་གོ   །མེད་ཅེས་བྱ་བ་ནི་མཐའ་གཉིས་པའོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དབུ་མའི་ལམ་བརྗོད་དུ་མེད་པ། བསམ་དུ་མེད་པ”སོགས་གསུངས་པ་ནི་ཏན་ཏན་འགལ་པ་ཆེན་པོ་ཞིག་རེད།

གཅིག་ཏུ་ན། འོད་སྲུང་གིས་དབུ་མའི་ལྟ་བ་ཞིག་ལྐོག་ལྐོག་སུད་སུད་ཀྱིས་གསན་རྗེས། ཉན་ཐོས་དག་ལ་ཤི་གསང་རོ་གསང་བྱས་ལ། མཐར་བཀའ་བསྡུ་པའི་ཁྲོད་དུའང་མ་བཞག་པ་འདྲ། དེའི་རྐྱེན་གྱིས་ཉན་ཐོས་དག་གིས་ཐེག་ཆེན་བཀར་མི་བཞེད་པའི་འདོད་ཚུལ་བྱུང་བ་ཡིན་དགོས་ལ། དེ་འདྲ་ཡིན་ཚེ་འོད་སྲུང་སོགས་ཀྱིས་བསྡུས་པའི་བཀའ་མདོ་གཞན་དག་ཀྱང་བདེན་རྫུན་གང་དུ་སྨྲ།

འོད་སྲུང་ནི་བདེ་བར་གཤེགས་པའི་ཉན་ཐོས་ཡིན་གྱི། སྣོག་ལས་དེ་འདྲ་གཏན་མི་བྱའོ་ཟེར་ན། <<འོད་སྲུང་གི་ལེའུ>>སོགས་ནི་ཕྱིས་ཀྱི་དབུ་མའི་སློབ་དཔོན་དག་གིས་རང་རང་གི་ལྟ་གྲུབ་གཞན་གྱིས་ཁས་ལེན་ཆེད་དུ་སྟོན་པའི་གསུངས་སུ་འདྲ་བརྫུ་བྱས་པ་ཞིག་ཡིན་ཤག་ཤག་རེད་ལ། ‘འོད་སྲུང’སོགས་ཀྱི་མཚན་སྨྲས་པ་ནི་ཡག་བཤད་བྱས་ན”པཎྜི་ཏས་ཐུགས་མཉམ་མ་བཞག་པའི་གཏམ”ཡིན་ལ། བཙོག་བཤད་བྱས་ན”ཝ་གཤེད་མཛེས་མར་བརྫུས་ཀྱང་། ཝ་རྔ་ཤད་ལེར་སོང་འདུག”པའི་དཔེ་གསོན་པོ་མ་རེད་དམ།

དེ་ལྟ་ན་སངས་རྒྱས་ཀྱི’རྒྱུད’དང’མདོ’རུ་འབོད་པའི་གླེགས་བམ་གཞན་དག་ཀྱང་ཕྱིས་ཀྱི་མཁས་པའི་རང་བཟོ་མིན་པའི་ཤེས་བྱེད་མི་རྙེད་ལ། ”ཡང་དག་པའི་བཀའ་ནི་འདིའོ”ཞེས་པའི་ཕོ་ཚོད་ཀྱང་སུ་ཞིག་གིས་བྱེད་ནུས།

འདི་ལྟར་བསམས་པར་བྱས་ན’ཤེར་ཕྱིན་འབུམ་པ’སོགས་ཀྱང་ཀླུ་སྒྲུབ་ཀྱིས’གདེང་ཅན་ཡུལ’ནས་སྤྱན་འདྲེན་བྱས་པ་ཞིག་ཏུ་ཡེ་མི་འགྲོ་བར། ཁོ་རང་གིས་རང་བཟོ་བྱས་ཤིང་རང་བཟོ་དེ་དང་མཐུན་པའི’དབུ་མ་རིགས་ཚོགས་དྲུག’སོགས་མཛད་པ་ཡང་ཤེས་ཐུབ། དེས་ན’དེ་མིང་ཀླུ་ཞེས་བྱ་བ་ནི’སོགས་ཀྱི’ལུང་ཚིག’ཀྱང་ཀླུ་སྒྲུབ་རང་གིས་གསར་དུ་བརྩམས་ཏེ’སངས་རྒྱས་ཀྱི་མདོ’ལ་གསབ་འཇུག་བགྱིས་པའམ། ཡང་ན’ལུང་ཚིག’དེ་དག་དང་ལྡན་པའི་མདོ་སོགས་ནི་ཀླུ་སྒྲུབ་སོགས་ཀྱིས་ཐབས་ཀྱིས་གསུངས་པ་ཞིག་ཡིན་པའང་ཤིན་ཏུ་རྟོགས་སླ།

(དབུ་མའི་སྲོལ་འབྱེད་པ་སློབ་དཔོན་ཀླུ་སྒྲུབ་ཡིན་པའི་བཤད་ཚུལ་རྒྱ་བོད་གཉིས་ན་ཡོད་ཅིང་། དུས་དང་དངོས་པོའི་གནས་ཚུལ་ལྟར་ན་ཡང་ཀླུ་སྒྲུབ་ལ་སངས་རྒྱས་ལས་ལྷག་པའི་རྣམ་དཔྱོད་ཀྱང་ཡོད་ཆོག་ཅིང་། སངས་རྒྱས་ཀྱི་དགོངས་པ་མིན་ན་དབུ་མའི་ལྟ་བ་ལ་སྙིང་བོ་མེད་པར་ཡང་ག་ལ་འགྱུར། ཡིན་ནའང། ཀླུ་སྒྲུབ་ཀྱི་ཕྲ་མཛངས་རྣམ་དཔྱོད་དེ་ཁོ་པ་རང་གི་གསུང་རྩོམ་རྣམས་ཕུད། དགེ་ཆོས་ཀྱི<<ཀླུ་སྒྲུབ་དགོངས་རྒྱན>>ལྟ་བུ་ལས་ཤེས་ན་མ་གཏོགས་གཞན་གང་གིས་ཀྱང་ཚབ་བྱེད་དཀའོ། །)

<<ཤེར་སྙིང>>ཡང་ཕྱིས་ཀྱི་དབུ་མ་པ་དག་གིས་མཛད་པ་ཞིག་རེད་སྙམ་སྟེ། གཞུང་དེ་ལས། ”ཤ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་བ་ཉིད”སོགས་གསུངས་ཡོད་ལ། ‘གལ་ཏེ་ཉན་ཐོས་ཤ་རིའི་བུ་སོགས་ལ་ཡང”སྟོང་ཉིད”འཆད་སོང་བ་བདེན་ན། ཉན་ཐོས་དག་གིས་ཐེག་ཆེན་བཀར་མི་བཞེད་པ་དེ་འདྲ་ལྷག་ཏུ་འབྱུང་མི་སྲིད་པ་ཞིག་རེད་པས། ‘ཤ་རིའི་བུ’འདི་དག་ཀྱང་ཀླུ་སྒྲུབ་ཡབ་སྲས་ཀྱིས་སྦེད་མ་ཤེས་པའི་རྟགས་ཤིག་ཨེ་ཡིན་ནམ་སྙམ།

སྔོན་གྱི་དུས་ན་འདི་འདྲ་བ་ཤིན་ཏུ་མང་སྟེ། སློབ་དཔོན་ཐོགས་མེད་ནས་ཀྱང་སེམས་ཙམ་པའི་གྲུབ་མཐའི་སྲོལ་འབྱེད་ཕྱིར<<བྱམས་ཆོས་སྡེ་ལྔ>>སོགས་གསར་དུ་བརྩམས་ཤིང་། ཕྱི་རོལ་ལ་བསྒྲགས་དོན་ཁོ་རང་དགའ་ལྡན་དུ་ཕེབས་ཏེ་རྗེ་བཙུན་བྱམས་མགོན་ལས་གསན་བཞེས་མཛད་པའི་འུད་གཏམ་ལབ་པ་རེད། (བཤད་ཚུལ་གཞན་ལ་རྗེ་བཙུན་བྱམས་མགོན་ནི་སྐབས་དེར་རྒྱ་གར་ནགས་ཁྲོད་ལ་གནས་པའི་མཚམས་པ་ཞིག་ཡིན་ཀྱང་ཟེར།

དེ་ལ་སྐུ་གཅུང་དབྱིག་གཉེན་ཁོང་ཐུགས་ཤིན་ཏུ་མ་དགྱེས་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབ། །ཏིང་འཛིན་མ་འགྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་དགག་ཚིག་གོ་རྒྱུ་ཅན་གནང་ཡོད་ལ།

སྔོན་ཉན་ཐོས་སྡེ་བའི་དུས་སྐབས་ན་ཡང’མདོ’སོགས་གསར་དུ་རྩོམ་མཁན་མང་པོ་ཡོད་དེ། <<མངོན་པ་སྡེ་བདུན>>དུ་འབོད་པ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ཞིག་མ་ཡིན་པར། ཤ་རིའི་བུ་སོགས་ཀྱིས་བརྩམས་པ་ཞིག་ཡིན་ཞེས་རྒྱ་དཔེ་ཁུངས་ལྡན་དག་ན་མང་དུ་བཤད་ཡོད་པ་དང་། ཡང་དཔེ་ལ་ལར། ལི་ཡུལ་གྱི་དགེ་སློང་ཞིག་གིས་<<མདོ་མཛངས་བླུན>>བརྩམས་པ་དང་། ཕལ་ཆེན་པ་རྣམས་ཀྱིས<<འཕགས་པ་དཀོན་མཆོག་བརྩེགས་པ>>བརྩམས་ཚུལ་ཞིག་ཀྱང་བཤད་ཡོད།

གཞན་ཡང་ཆོས་གྲགས་ཀྱི<<ཚད་མ་རྣམ་འགྲེལ>>གྱི་རང་འགྲེལ་དུ།”དེང་སང་ཨུ་རྒྱུན་གྱི་མཁའ་འགྲོ་མ་རྣམས་ཀྱིས’རྒྱུད’གསར་དུ་རྩོམ་གྱིན་འདུག་ཅེས་བཀའ་བཀྱོན་གནང་ཡོད་པར་གཞིགས་ན་ཡང་། ‘མདོ་རྒྱུད’ཕལ་ཆེ་བ་ཞིག་ནི་ཕྱིས་བྱོན་གྱི་མཁས་པ་དག་གིས་མཛད་པ་ཤིན་ཏུ་གསལ་ཞིང་།

རང་རེའི་ཁ་དཔེར་ཡང་། ”རྒྱ་ནག་གིས་མདོ་བརྩམས། བོད་ཀྱིས་རྒྱུད་བརྩམས། སོག་པོས་ཆད་པ་ཁ་བསྐངས”སོགས་ཟེར་པ་མ་ཡིན་ནམ། དེས་ན་ནང་པའི<<བཀའ་འགྱུར>>དུ་གྲགས་པ་ནི་གནའ་མི་ཀླུ་སྒྲུབ་སོགས་ཀྱི་རྩོམ་བཏུས་ལྟ་བུ་ཞིག་མ་རེད་དམ།

དེའི་ནང་དུ་སངས་རྒྱས་ཀྱི་གསུངས་གཅིག་ཡོད་ནའང་འུ་ཚོ་དགའ་ལས་ཆེ་མོད།

ཅི་སྟེ་ཡོད་ཚད<<མངོན་པ་སྡེ་བདུན>>དང<<འཕགས་པ་དཀོན་བརྩེགས>>བཞིན་དུ་དགྲ་བཅོམ་པ་རྫུན་མཁན་དག(ཀླུ་སྒྲུབ་སོགས་ཀྱང་བགྲང)གི་སྣག་རིས་ཡིན་ཚེ་གང་བྱེད་དམ། ”སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །”ཞེས་ཁ་མི་གྲགས་པའི་ཐ་ཚིག་ནན་པོ་གསུངས་པ་ཞིག་ལ་གཞུང་ཆེན་མོ་པོ་ཏི་བརྒྱ་ཕྲག་ཡོད་ཟེར་ན། བསམ་བཞིན་དུ་གླེང་འགེལ་བའམ་ཆེད་དུ’སྣོག’རྒྱག་གི་ཡོད་པ་ཨེ་རེད།

ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས། ”ཀླུ་སྒྲུབ་ཀྱིས་ཞི་ལྷག་གཉིས་གཙོ་བོར་འཆད་བཞིན་དུ་རིགས་ཚོགས་དྲུག་ཏུ་ཞི་ལྷག་གི་ཐ་སྙད་མི་གསལ་པ་དང་། ་་་་་་་་རྩ་ཤེར་ཤེས་རབ་འཆད་བཞིན་དུ་རྩ་ཤེའི་གཞུང་ཚིག་ཏུ་ཤེས་རབ་ཀྱི་ཐ་སྙད་མི་གསལ་པའི་རྒྱུ་མཚན་སོགས་དོགས་པ་གཅོད་དགོས་པ་མང་པོ་འདུག’ཅེས་པ་སོགས་ཀྱིས’མདོ’མ་ཟད’བསྟན་བཅོས’ལའང་རློམ་རྐྱང་བྱེད་མི་ཉན་པ་དེའོ། །

(ངས་བསམས་ན་སྟོན་པ་ནས་ཙོང་ཁ་པའི་བར་གྱི་མི་འདི་ཚོ་གནས་དུས་གཅིག་ལ་འདས་ལོག་བྱས་པའི་དབང་དུ་བཏང་ན། སྔ་མ་སྔ་མས་ཕྱི་མ་ཕྱི་མར་ལེ་བདའ་བྱེད་རྒྱུ་རེད། ཀླུ་སྒྲུབ་སོགས་ལ་གཞན་མིང་གཡར་བརྐུས་ཀྱི་ཁ་རྡུང་དྲག་པོ་གཏོང་ཁོ་ཐག་ཡིན་རྒྱུ་རེད། གང་ལྟར་བཅོམ་ལྡན་འདས་ཀྱིས་རང་གི་དྲན་པའི་ཟུར་ལའང་ཤར་མྱོང་མེད་པའི’བརྒྱད་ཁྲི་བཞི་སྟོང’ངམ’དྲང་ངེས་ལྡེམ་དགོངས’སོགས་མཇལ་ཚེ་དགད་དེ་རྒྱུ་མ་འཆད་པའམ། ངུས་ཏེ་མིག་རིལ་ཡར་འགྲོ་བ་སུ་ཞིག་གིས་ཤེས།)

སངས་རྒྱས་ཁོང་གིས་མི་ཚེའི་ཚད་ཡོད་ཀྱི་རིང་ལ་གཞུང་ལུགས་ཀྱང་ཧ་ཅང་ཚད་ཡོད་ཅིག་ལས་གསུངས་ཡོད་ཚོད་མི་འདུག་ལ།     དེ་དག་ནི’བདེན་པ་བཞི’དང་།      ‘འཕགས་ལམ་ཡན་ལག་བརྒྱད’        ‘རྟེན་འབྲེལ་ཡན་བཅུ་གཉིས’སོགས’ཤིན་ཏུ་གོ་བདེ་ཞིང་འཛིན་སླ་བ་ཞིག་ཡིན་པར་སྣང་ལ། འདི་དག་ཀྱང་ཡུལ་དུས་ངེས་ཅན་པ་རེད་པས་རང་བཞིན་གྱི་ཞན་ཆ་ཡོད་པ་སྨོས་ཅི་དགོས།

(རྒྱ་གར་གྱི་རིགས་བཞིའི་ཀུན་སྤྱོད་དང་སྒོ་བསྟུན་ནས་རྒྱུད་སྡེ་བཞི་གསུངས་པར་བཤད་དེ། བྲམ་ཟེ་གཙང་སྦྲ་དང་། བཟླས་བརྗོད། སྦྱིན་བསྲེག །དཀའ་ཐུབ་ལ་དགའ་བ་རྣམས་ཀྱི་ཆེད་དུ’བྱ་རྒྱུད’གསུངས་པ་དང་། རྗེ་རིགས་ལུས་ངག་ཡུལ་གསུམ་གྱི་རིག་གནས་ལ་དགའ་བ་རྣམས་ཀྱི་ཆེད་དུ’སྤྱོད་རྒྱུད’གསུངས། རྒྱལ་རིགས་དཀའ་སྤྱད་མི་ནུས་ཤིང་བཀར་བཏགས་ཀྱིས་དབང་བསྒྱུར་པར་དགའ་བ་རྣམས་ཀྱི་ཆེད་དུ’རྣལ་འབྱོར་རྒྱུད’གསུངས་པ་དང་། དམངས་རིགས་གཙང་གཙོག་མེད་པར་བཤང་གཅི་ཟ་ཞིང་། རྟེན་གྱིས་སྨད་པའི་ལས་སྣ་ཚོགས་ལ་འཇུག་པར་དགའ་བ་རྣམས་ཀྱི་ཆེད་དུ’རྣལ་འབྱོར་བླ་མེད་རྒྱུད’གསུངས་པར་གྲགས། འོན་ཀྱང་། བོད་པ་ཚོས་ད་ལྟ་ཡང’རྒྱུད་སྡེ་བཞི’ལ་དང་དོད་བླ་ལྷག་གིས་བྱེད་སྐད། དེས་ན་དུས་རབས་གསར་པའི་བོད་པ་ཚང་ན་གནའ་བོའི་རིགས་བཞིའི་སྤྱི་ཚོགས་ཀྱི་ལྷག་འཕྲོ་ཡོད་པ་ཨེ་ཡིན་ནམ། ང་དངོས་གནས་དོགས་པ་ཟ་གི)

ཡིན་ནའང་། རྗེས་སོར་མཁས་པ་མང་པོས་དྲང་དོན་དང་ངེས་དོན། ཐལ་འགྱུར་པ་དང་རང་རྒྱུད་པ། རྣམ་གྲངས་པའི་དོན་དམ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ། ཐེག་ཆེན་དང་ཐེག་དམན་ལ་སོགས་པའི་བློ་བཟོ་ཧ་ལས་པ་བྱས་ཡོད་ཅིང་། (དགོས་པ་ཡོད་མེད་ཅི་རིགས་ཤིག་མཆིས)

དེ་ལྟར་སླ་བ་ལ་དཀའ་བ་དང་། ཆུང་ངུ་ལ་ཆེན་པོར་གཏོང་པའི་རྒྱ་བོད་མཁས་པའི་ཉོག་རྫོབ་འདི་ཚོར་དགོངས་ནས། དཔལ་སྤྲུལ་གྱིས། ཀྱེ་མ་མཁས་པ་རྣམས་ནི་རྟོག་དཔྱོད་དུག ། མྱོང་བཞིན་མྱོང་བཞིན་གཅིག་ལ་གཉིས་སུ་འཁྲུལ། །(<<རྫ་དཔལ་སྤྲུལ་གྱི་གསུང་འབུམ>>དེབ་དང་པོ་ལས་དྲངས)ཞེས་ཀྱང་ཐལ་ཡོད་པ་རེད།

ཐེག་པ་ཆེན་པོ་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་ཡིན་པར་བཙན་ཚུགས་བྱེད་སྤྱད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །ཅེས་པ་ཙམ་ལས་འདྲེན་རྒྱུ་མ་ཡོད་མོད། སུ་ཀུན་གྱིས་རིག་འཆལ་ལུང་འཆལ་མང་པོ་ཞིག་གང་བྱུང་དུ་འབྲི་བཞིན་པ་དེར་གཏད་སོ་ཅི་ཡང་མེད་པ་ད་སྔོན་འཆད་ཟིན་པ་ལྟར་དང་།

དབུ་མ་རྩ་ཤེས་ལ་སོགས་སངས་རྒྱས་ཀྱི་དགོངས་པ་ཡིན་མིན་གང་ལྟར་ཀྱང་། ‘མ་ཡིན་དགག’གི་རིག་ལམ་དེ་ནི་ཆེས་ཁྱད་མཚར་བ་རེད་པས། དུས་ལྟ་ཡིན་ཀྱང་ཀླུ་སྒྲུབ་སོགས་ནི་མིའི་རིགས་ལ་ཆེས་རླབས་ཆེ་བའི་མཁས་པ་དང་དམ་པའི་གྲས་སུ་འཇོག་པར་འོས་ཤིང་། སྤྱིར་བཏང་རིག་གནས་ཀྱི་དབང་དུ་བཏང་ན་གསར་བཏོད་དང་ཁ་གསབ་བྱེད་པ་ནི་ཅིས་ཀྱང་གལ་ཆུང་མ་རེད་པས། ཀླུ་སྒྲུབ་སོགས་ལས་ཐུགས་དྲིན་ཆེ་བ་སུ་ཞིག་ཡོད་དེ་ཁྱོན་ནས་མེད་ཀྱང་།

ང་ཚོའི་རྒྱུན་གྱི་སྐད་ཆ་ལྟར་རྒྱལ་བའི་བཀའ་ལ་བཟོ་བཅོས་ཕྲན་ཙམ་བྱས་ཀྱང’མ་རུང་པ’དང’ལྟས་ངན’ཡིན་པ་འདི་བདེན་ན། འཛམ་གླིང་མཛེས་པའི་རྒྱན་དྲུག་ཏུ་འབོད་པ་དག་ནི’མ་རུང་པ’དང’ལྟས་ངན’ཀུན་གྱི་སྔོན་མ(འདིར་སྔོན་མ་ཟེར་དོན་རགས་ཕྱོགས་ནས་བཤད་པ་ཡིན)ཡིན་པར་མ་ཟད།

”ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང”གི་ཐོན་སྐྱེད་མཁན་གཙོ་གྲས་ཡིན་པའང་ཤེས་པར་གྱིས།

 

 

E. བདག་པོ་མེད་པའི་བརྩམས་ཆོས། ___ སངས་རྒྱས་ཆོས་ལུགས།

 

ཁོ་བོས་ཟེར་འདོད་པ་ནི་སངས་རྒྱས་ཀྱི’བཀའ’དང’ལུང’ཞེས་པ་ཞིག་དོན་དུ་སུ་ཡིས་ཀྱང་རྙེད་བཟོ་མེད་ལ། བོད་རྒྱ་སོག་གསུམ་གྱིས་འཁྱོག་བཟོ་བྱས་པའི’མདོ་རྫུན’དང’ལུང་རྫུན’སོགས་ལ་ཇི་ལྟར་དཔྱད་ཀྱང་འགལ་དང་མ་ངེས་སོགས་ཀྱིས་གཏམས་ཤིང་མེར་རོ། །

ཀླུ་སྒྲུབ་སོགས་ཀྱི’མི་རིག་ཞྭ་མོ’སྟེ’དྲང་ངེས’ཟེར་པ་བཞག་ན་སངས་རྒྱས་མ་ཟད། ཆང་བཟི་རྒན་པོར་ཡང་འགལ་པ་ཆ་ཙམ་འབྱུང་བའི་གནས་མེད་ཅིང་། གལ་སྲིད་དེ་སོགས་མ་བཞག་ན་སངས་རྒྱས་ཀྱི་གསུང་ཞེས་པའང་རྐུན་མའི་རྫུན་སྒྲིག་འདྲ་ཞིག་འོང་པར་འགྱུར་ཏེ། ཤ་སྐྱི་དཀར་ནག་ཡོངས་ཀྱི་ལག་རྗེས་དང་རྐང་རྗེས་ཚང་མ་ཇེ་གསལ་དུ་འགྲོ་ཞིང་། ཟ་དགའ་ཉལ་དགའ་ཀུན་གྱིས་རང་རང་ལ་མཁོ་བའི’མདོ་རྒྱུད’རེ་ནན་གྱིས་བྲིས་ཡོད་པའང་ཤེས་པར་འགྱུར། མཐར་ཁོ་ཚོའི་ལུགས་ཀྱི་སྟོན་པ་དེ’རྒྱ་གར་པ་ཤཱཀྱ་ཐུབ་པ’ཁྱོན་ནས་ཡིན་མི་སྲིད་པའམ་ཡིན་ས་མི་འགྲོ་བ་ཞིག་གོ་རྒྱུ་ཡོད།

དེ་བས་ངས་ཁོ་ཚོའི་ལུགས་ཀྱི་སྟོན་པ་དེ་ལ<<གནང་བཀག>>ཅེས་པའི་ཐ་ཚིག་ཁ་བོ་སྨྲས་ཡོད་ལ། རྒྱལ་བུ་དོན་གྲུབ་ལའང་དཔགས་ཚོད་ཀྱིས<<ཁ་མི་གྲགས་པའི་སྟོན་པ>>ཞེས་པའི་དགོངས་དག་གི་སྐད་ཆ་འགའ་ཞིག་ཀྱང་བཤད་ཟིན་པའོ། །

སྟོན་པའི་དགོངས་པ་ཡིན་པའི་བཀའ་སོགས་མེད་པའི་ཕན་དུ་སངས་རྒྱས་ཆོས་ལུགས་ལ་རིན་ཐང་ཏིལ་ཙམ་མེད་ཟེར་པའང་མིན་ཏེ། རྩོམ་རིག་རིན་ཐང་དང་། སྒྱུ་རྩལ་རིན་ཐང་སོགས་ཚང་པའི་ཞར་ལ། ལན་རེར་སེམས་ངལ་གསོ་པའི་ནུས་པ་ཞིག་ཀྱང་ཡོད་ལས་ཆེ་སྟེ། <<སྤྱོད་འཇུག་ཆེན་མོ>>ཚར་གཅིག་བཀླགས་པས་ཀྱང་དགུན་དུས་ཀྱི་འོ་འཁྱག་ཁམ་གང་འཐུང་པ་ནང་བཞིན་ལུས་སེམས་གཉིས་ཀྱིས་སིམ་ཚོར་མྱངས་མི་མཛད་པ་ཞིག་རྙེད་པ་ཁོ་བོ་རང་ལའང་རྒྱུས་ཆ་ཆེ།

ལར་ཆོས་ལུགས་གང་གི་ནང་ནའང་གྲོང་ཁྱེར་པ་ཚོ་ཇ་ཁང་ལ་སྤྲོ་བ་ལྟ་བུའི་མི་བུའི་དགའ་ཕྱོགས་རིགས་ཤིག་ཡོད་ཅིང་། དེ་ནི་ཞེན་བློ་འཆར་ཡན་གྱིས་མཇལ་རྒྱུ་ཙམ་ཞིག་མ་གཏོགས། ཟབ་མོ་རིག་པ་སོགས་ཀྱིས་དཔྱད་དེ་གཏན་ལ་དབབ་སོང་ཟེར་པ་ཞིག་ཀུན་ཏུ་ཡོད་མི་སྲིད་པས་འཐུས། ཆོས་སྲིད་ཟུང་འབྲེལ་བྱས་ན་ཤིན་ཏུ་ཤིན་ཏུ་མི་འགྲིག་ཅིང་། ཆོས་སྲིད་ཐ་དད་ཅེ་ན་ཡང་བག་ཙམ་ཧ་གོ་གི་མ་རེད།

ཡིན་ནའང་། རིག་གནས་ཀྱི་གོ་དོན་ངེས་པར་བྱས་ནས་ཆོས་ལུགས་རིག་གནས་ཡིན་པར་ཁས་བླངས་ན་ད་གདོད་རྩོད་པ་ཞི་འགྲོ(ཚད་ངེས་ཅན་ཞིག་ནས)གི་རེད། སྤྱིར་རིག་གནས་ནི་མི་བུས་བསྐྲུན་ཅིང་མི་བུས་གཏོར། གང་ཡང་མི་བུ་ནས་ལས་བརྩམས་པ་ཞིག་ཡིན་པས་དེ་ན’ཐམས་ཅད་མཁྱེན་པ’དང’ལྷ་ཆེན་པོ’སོགས་ནམ་ཡང་གཞི་མི་གྲུབ་ལ། རིག་གནས་ཤིག་ཡིན་ཕྱིན་བཅོས་བསྒྱུར་གྱི་ལམ་ཁ་མ་བརྒྱུད་པ་འགའ་ཡང་མེད་པ་དེས། སངས་རྒྱས་ཆོས་ལུགས་ཀྱང་རིམ་གྱིས་རྒུད་ཅིང་ཉམས་པར་འགྱུར་པ་སྨོས་མེད་ཡིན་ཞིང་། འདི་ཙམ་གྱིས་མི་བུའི་རིག་གནས་ལ་གནོད་མི་ཚུགས་པར་མ་ཟད་ལྡོག་སྟེ་ལྗང་མདོག་གི་གསོན་སྟོབས་ཤིག་ཁད་ཀྱིས་བརྟས་འོངས་པ་རེད་དོ། །འོན་ཀྱང་ནང་ཁོག་དང་སྐྱི་པགས་མ་ཚོར་པར་བརྗེས་བཞིན་པའི་ཆོས་ལུགས་ཀྱི་ཤི་འཕྲོ་ཡལ་འཕྲོ་ཞིག་དུས་རྟག་ཏུ་ཡོད་ཀྱང་སྲིད་དེ། དེ་ནི་སྟོན་པ་ག་གེ་མོའི་དགོངས་པ་མ་རེད་ལ། རྗེ་བཙུན་ཆེ་གེ་མོའི་རིང་ལུགས་ཀྱང་རྩ་ནས་མིན་པར<<གེ་སར་སྒྲུང་གླུ>>དང<<རཱ་མ་ཡ་ཎ>>བཞིན་དུ་བདག་པོ་མེད་པའི་བརྩམས་ཆོས་འབའ་ཞིག་སྟེ། ཕན་མི་ཕན་དང་མཁོ་མི་མཁོ་སོགས་ཀྱང”ཁྱི་ཞིག་ལ་ཁྱི་ཞིག་གི་ཚོད་ཀྱི་གཡུས”ཟེར་པ་ལྟ་བུ་རེད་པས།

དེ་ཙམ་ཆོས་ལུགས་གང་ཞིག་དར་ཞིང་འཕེལ་བའི་དཔངས་རྟགས་སུ་བལྟ་ན་རྒྱུན་ཤེས་ཐད་ཀྱི་འཁྲུལ་པ་བསྐྱུར་མི་བླ་བ་ཞིག་གོ །

དེ་ཙམ་མི་རིགས་གང་ཞིག་དཔའ་ཞིང་མཛངས་པའི་དན་རྟགས་སུ་སྙམ་ན”ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང”གིས་སྤྱན་མིག་རུབས་སུ་བཅུག་པའོ། །

 

༢༠༠༨ ༡ ༡༥ _ ༡༦ བར་བརྩམས་གྲུབ་བྱུང་།

 

*1ཧྥ་རན་སིའི་ལྷ་མེད་སྨྲ་བའི་མཁས་ཆེན་ཞིག

*2 ཨ་ལེས་བྲིས་པའི་བརྩམས་སྒྲུང་ཞིག་གི་མིང་ཡིན།

 

 

གནའ་བོའི་བག་ལེབ།

____ཡེ་ཤུའི་ཆོས་ལུགས་ཐད་ཀྱི་ཟིན་བྲིས།

 

དྲི་བ། དེང་སང་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་བོད་རིགས་མང་པོ་ཡོད་ཟེར། ཁྱེད་ཀྱིས་བསམ་ན་འདི་ནི་གནས་ཚུལ་ཅི་འདྲ་ཞིག་རེད། ང་ཚོས་ཡེ་ཤུའི་ཆོས་ལུགས་ཀྱིས་བསྡུས་པའི་ཆོས་ལུགས་དང་གྲུབ་མཐའ་གཞན་དག་ལ་ལྟ་ཚུལ་ག་འདྲ་ཞིག་བཟུང་ན་འགྲིག ཨ་ལགས་ཆེ་གེ་མོས་བཤད་ན<<དམ་པའི་གསུང་རབ>>ཅེས་པ་ཕྱི་རོལ་པའི་དཔེ་ཆ་དངོས་ཤིག་རེད་ཟེར་པ་ཨེ་བདེན་ནམ། འདི་སོགས་ལ་གཟུ་བོའི་དྲིས་ལན་མདོར་བསྡུས་ཤིག་གནང་པར་བཀའ་དྲིན་ཆེ་ཞུ། (བློ་བཟང)

ལན། སྤྱི་ལོ་སྔོན་གྱི་ལོ་སུམ་སྟོང་ལྷག་གི་ཡན་ཆོད་དུ། གླིང་ཆེན་ཨེ་ཤ་ཡའི་ནུབ་ཁུལ་དུ་ཡུག་ཐེའེ་མི་རིགས་ཟེར་པ་ཞིག་ཡོད་མྱོང་། ཁོ་ཅག་གིས་མི་ལོ་བཞི་བརྒྱ་ཙམ་གྱི་རིང་ཨེ་ཅིབ་རྒྱལ་པོའི་བྲན་འོག་ཏུ་བསྡད་ནས་འདམ་དཀྲུགས་པ་དང་སོ་ཕག་བཟོ་བ། ཁྲལ་འཇལ་པ་སོགས་ཀྱི་གནོན་ཤུགས་གྱུ་རུ་ལུགས་སུ་མྱངས།

ཡིན་ནའང་། རྗེས་སོར་ལྟོས་བཅས་ཀྱི་རང་དབང་ཙམ་པོ་རེག་ཅིང་། ཕྱིར་པཱ་ལི་སི་ཐན་དུ་འོང་སྟེ་གྱེན་ལྡོག་གི་སྦྱོར་བ་དངོས་སུ་བརྩམས་པར་མ་ཟད། གཡུལ་འཁྲུག་ཛ་དྲག་བརྒྱབ་ཅིང་རང་བཙན་གྱི་རྒྱལ་ཁབ་ཐོག་མར་བཙུགས། དེ་ནི་ད་ལྟའི་དབྱི་སི་རལ་རྒྱལ་ཁབ་ཟེར་པ་འདིའོ། །

མི་རིགས་འདི་ལ་གྲགས་ཆེ་བའི་ཆབ་སྲིད་པ་དང་། ཚན་རིག་པ། ཆོས་ལུགས་པ་སོགས་ཡོད་མྱོང་སྟེ། དཔེར་ན། མར་ཁེ་སི་དང་། ཨེ་ཡན་སི་ཐན། ཡེ་ཤུ་མ་ཤུ་ཀ་ལྟ་བུ་རེད། ཡུག་ཐེའེ་པས་བྱེ་ཐང་དང་། འཚུབ་རླུང་། དམག་འཁྲུག སྒེར་གཅོད་སོགས་ལ་མཐའ་གཅིག་ཏུ་ཡ་ལན་སྤྲད་པའི་གོ་རིམ་དུ་ཀུན་དབང་གི་དཀོན་མཆོག་ཟེར་པ་ཞིག་ངོ་ཤེས་སོང་སྐད།

ཡ་ལ་ཡུན་གྱིས་དཀོན་མཆོག་གི་བཀའ་ཞེས་པ་ཤེས་མཁན་ཇེ་མང་དུ་སོང་ཞིང་། མཆོད་ཁང་ཕུབ་པ་དང་། གསུང་རབ་འབྲི་བ་སོགས་ཀྱི་ཕན་དུ། ཆོས་སྲིད་ཟུང་འབྲེལ་གྱི་ལས་ཀ་ཡང་འདི་ཞིག་ནས་མགོ་བཟུང་བ་སྟེ། ཆོས་པ་དབང་གྲགས་ཅན་གྱིས་མི་སེར་ལ་གཉའ་གནོན་དང་བཤུ་གཞོག་ག་འདྲ་བྱས་མིན་སོགས་དབྱིན་སྐད་ཀྱི<<Microsoft Encarta Encyc1ope-dia>>ཅེས་པའི་འོད་སྡེར་ན་ཞིབ་ཏུ་གསལ་པས། འདིར་འཕྲོས་དོན་མང་པོ་ཤོད་རྒྱུ་མིན།

ཕྱོགས་གཅིག་ནས་ཆོས་ལུགས་འདི་ལ་ཝ་ཞིན་ཏོན་དང་། ལིན་ཁིན། པོའུ་ཧྲི་སོགས་ཀྱིས་བསྔགས་ཚིག་ཕུལ། ན་ཕོ་ལོན་སོགས་ཀྱིས་རྒྱབ་སྐྱོར་བྱས། ཉིག་ཏུན་སོགས་ཀྱིས་དད་ཕྱག་འཚལ་ལ། ཡང་ཕྱོགས་གཞན་ཞིག་ནས་མར་ཁེ་སི་དང་། ཏར་ཝིན། ནེའུ་ཐིན་སོགས་ཀྱིས་དགག་པ་བརྒྱབ། སི་ཏ་ལིན་སོགས་ཀྱིས་སྡིགས་དམོད་བརྗོད། ཧུའོ་ཨེར་པ་ཧོ་སོགས་ཀྱིས་རྒྱབ་གཏོད་བྱས་པ་སོགས་ཆོས་ཉིད་ཀྱི་འགལ་པ་ལུ་གུ་རྒྱུད་དུ་མཆིས།

<<G1oba1 Statistics Fo A11 Re1igions:2001 AD>>ཞེས་པའི་ཡིག་ཆ་ལས། ཉིས་སྟོང་ལོར་འཛམ་གླིང་ན་ཡེ་ཤུའི་ཆོས་ལུགས་པ་དུང་ཕྱུར(1,999,563,838)ཡོད་པ་དང་། འཛམ་གླིང་མྱི་གྲངས་ཀྱི་བརྒྱ་ཆའི་སོ་གསུམ་དང་གྲངས་བཞི་ལྷག་ཟིན་ཞེས་གསལ་ཞིང་། ཁོ་ཚོས་མིང་གྲགས་ཅན་གྱི་ཧར་ཧྥུ་སློབ་གྲྭ་ཆེན་མོ་དང་། རྒྱ་གྲམ་དམར་པོའི་ཐེབས་རྩ་ཚོགས་པ། གཞན་ཡང་འཕྲོད་བསྟེན་ལས་རིགས་སོགས་ལའང་དྲང་ཕྱོགས་ཀྱི་ཕན་རྐྱེན་མང་པོ་བྱིན་ཟེར་སྐད།

དཔེར་ན། སྤྱི་ལོ369ལོར་ཡེ་ཤུའི་ཆོས་ལུགས་པ་བྷ་ཙེད(Basi1)ཟེར་པས་མིའི་རིགས་ཀྱི་ཆེས་ཐོག་མའི་སྨན་ཁང་དབུ་བརྙེས་སུ་བཅུག་པ་དེས། རྗེས་སུ་གྲོང་ཁྱེར་སོ་སོར་སྨན་ཁང་མང་པོ་ཁྱབ་གདལ་དུ་བྱུང་པ་དང་། སྐྱེ་བོ་རྣམས་ན་ཚའི་སྡུག་བསྔལ་ལས་ཅུང་ཞིག་ངལ་གསོ་རྒྱུ་བྱུང་ཚུལ། དབྱིན་ཡིག་གི<<How Christianity Changed the Wor1d>>ཅེས་པའི་དཔེ་དེབ་སོགས་ན་ཤུགས་ཀྱིས་བྲིས་ཡོད།

དབྱིན་ཇིའི་ཆོས་ལུགས་གྲངས་ཚད་སྨྲ་བ་པཱིའ་རེའེ་ཐི་ལྟར་ན། ཉིས་སྟོང་ལྔ་བཅུ་པར་འཛམ་གླིང་གི་ཡེ་ཤུའི་ཆོས་ལུགས་པ་ད་ཆ་དང་བསྡུར་ན་བལྡབ་གསུམ་ལ་འཕར་འོངས་པར་བཤད། དེས’ཆོས་ལུགས་དད་མོས’ཞེས་པ་སྐོར་ཞིག་ལ་ཆུའམ་ཟ་མའི་མཁོ་ཚད་དང་ཧ་ཅང་འདྲ་པོ་ཆགས་ཡོད་པ་ཤེས་ཤིང་། ང་ཚོ་དབང་བོ་རྣོ་རབ་སྐོར་ཅིག་གིས་དེ་ལ་དགག་སྒྲུབ་བྱས་པར་ཡང་མཚམས་རེར་དུས་ཚོད་བརླགས་སོང་སྙམ་པ་ཞིག་དྲན།

ནུབ་ཕྱོགས་ཀྱི་མཁས་པ་ལ་ལས། ཨ་རིའི་སྲིད་ཁྲིམས་ལའང་ཡེ་ཤུའི་ཆོས་ལུགས་ཀྱི་ཤན་དྲི་སྟུག་པོ་ཐེབས་ཟེར་པ་བདེན་སྙམ་སྟེ། ཐ་ན་སྤྱི་དམངས་དངུལ་ལོར་གྱི་ཐོག་ནའང”ངེད་ཅག་དཀོན་མཆོག་ཉིད་ལ་ཡིད་ཆེས་ཡོད”ཅེས་འཕྱོར་འབྲི་བྱས་ཡོད་མོད། ཚད་ངེས་ཅན་ཞིག་ནས་སྲིད་གཞུང་གིས་ཆོས་ལུགས་ལ་ཐེ་གཏོགས་ཡེ་མི་བྱེད་ཅིང་། ང་ཚོ་ལྟར’ཆོས་ལུགས་ལྟ་རྟོགས་སྡེ་ཁག’སོགས་ཀྱང་བཙུགས་མེད་པ་དེར། ཁོ་ཚོས’ཆོས་སྲིད་ཐ་དད’ཅེས་པའི་གོ་དོན་སྦྱོར་རོ། །

ཡེ་ཤུའི་ཆོས་ལུགས་པས་དུངས་ཞེན་ཤེད་ཆེ་བར་གླེང་དུས། ཁོ་ཚོའི་ཆོས་ལུགས་སུ་མི་བུའི་ཐོབ་ཐང་དང་རང་དབང་ཁས་ལེན་ཅིང་སྤྱི་ཚོགས་འདྲ་མཉམ་བྱེད་པར་རྩལ་སྟོབས་དང་ལྡན་ཞེས་ཀྱང་སྒྲོག །

དཔེར་ན། དུས་རབས་བཅུ་བདུན་པའི་སྨད་ཅིག་ལ་དབྱི་ཇི་ནས་བྲན་གཡོག་ལམ་ལུགས་ཤུགས་ཆེན་དུ་སྤེལ་ཏེ། ཧྥེ་གླིང་གི་མི་ནག་མང་པོར་བརྙས་བཅོས་སྙིང་གཟེར་བ་ཁོ་ན་བྱས། དུས་དེར་ཁཱེ་པིར་རྗི(Cam-bridge)སློབ་གྲྭ་ཆེན་མོའི་ཡེ་ཤུའི་ཆོས་ལུགས་པ་བཱེ་བྷིར་ཧྥོ་སི(Wi-1berforce)ཞེས་པས་དབྱིན་ཇིའི་སྲིད་གཞུང་ལ་ངོ་རྒོལ་དྲག་པོ་བྱས་ཤིང་། དུས་རབས་བཅོ་བརྒྱད་པའི་དུས་མགོར་བྱ་ལས་ངན་པ་དེ་མཚམས་འཇོག་ཐུབ་སོང་པ་ནི། ཡེ་ཤུའི་ཆོས་ལུགས་ཀྱི་མཛད་རྗེས་གལ་ཆེན་ཞིག་ལ་ཁོ་ཚོས(ཡེ་ཤུའི་ཆོས་ལུགས་པ)བརྩི།

ཡང་། ད་ལྟ’ཡེ་ཤུའི་ཆོས་ཚོགས’ཞེས་པ་བརྩིས་མི་ཚར་ཙམ་ཡོད་ལ། དེ་ཡི་དམིགས་ཡུལ་ནི་གཞན་ལ་བརྩེ་བ་སྟེར་རྒྱུའི་དོན་ཁོ་ན་ཞིག་ཡིན་པར”རིགས་མཐུན”རྣམས་བཟློ་ཞིང་། རྒྱུ་དངོས་ཀྱིས་དད་ལྡན་བསླུ་ཉོ་བྱེད་པ་དང་ཀུན་སློང་དག་པའི་སྒོ་ནས་གཞན་ལ་ཕན་འདོགས་པ་གཉིས་དོན་དག་མི་འདྲ་བ་སོ་སོ་རེད་ཅེས་ཀྱང་ཡེ་ཤུ་པ་རྣམས་ཟེར། འོན་ཀྱང་། ལག་ལེན་དངོས་ཀྱི་ནང་ཅི་དང་ཅི་འབྱུང་མི་བུ་བྱེ་བྲག་པའི་ངོས་ནས་མངོན་དགོས་པས་ཚད་འཛིན་བྱེད་དཀའ་བ་ཞིག་ཨང་།

གཞན། ཀྲུང་གོའི་ནན་ཅིན་གྲོང་ཁྱེར་གྱི་དཔེ་སྐྲུན་ཁང་ཞིག་གིས་ད་ལྟའི་བར་དུ<<དམ་པའི་གསུང་རབ>> ཚར་གྲངས་བྱེ་བ་ལྔ་ལྷག་དཔར་པ་དང་། དེ་ལས་བྱེ་བ་བཞི་དང་ས་ཡ་གཅིག་ཙམ་རྒྱལ་ནང་དུ་བཙོང་ཟིན་ཅིང་། འཕྲོ་མ་ཕྱིའི་རྒྱལ་ཁབ་དྲུག་ཅུ་ལྷག་ལ་འགྲེམས་སྤེལ་བྱས། ད་ལོ་དཔེ་སྐྲུན་ཁང་དེ་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་། དཔགས་ཚོད་ལ་མ་འོངས་པར་ཟླ་རེར<<དམ་པའི་གསུང་རབ>>ས་ཡ་གསུམ་ཙམ་དཔར་འགྲེམས་བྱེད་ཐུབ་པར་བཤད། དེ་བས<<དམ་པའི་གསུང་རབ>>ནི་རྒྱལ་ནང་གི་ཆེས་གྲིན་པའི་དཔེ་ཆའི་སྐོར་རེད་ཅེས(<<Time Magazine;>><<News Right Now>>)ཞུ་བའི་དུས་དེབ་དང་གསར་ཤོག་སྟེང་རེས་མོས་སུ་བཀོད་འདུག

འདི་སོགས་ལ་བསམས་ནའང’ཆོས་ལུགས་དད་མོས’ཞེས་པ་ནི་ནམ་ཡང་ཡོད་ངེས་པ་ཞིག་ཡིན་པར་ཚོམ་དོགས་མ་དགོས་ལ།

བརྟག་པ་མཐའ་བཟུང་གིས་སྨྲས་ན། ཆོས་ལུགས་འདི་ཉིད་ཀྱིས་ཡུལ་དུས་ངེས་པ་ཅན་གྱི་མི་རིགས་ཤིག་གི་ལོ་རྒྱུས་དང་། སྤྱི་ཚོགས། འཚོ་གནས་ལ་སོགས་འཆར་ཡན་རང་བཞིན་གྱིས་མཚོན་ཞིང་སྟོན་གི་ཡོད་ལ། ཆོས་དཔེ་ཁག་ལ་ཚིག་སྦྱོར་དམ་པ་དང་། དཔེ་ཉམས་མཚར་བ། མི་སྣ་དང་བྱུང་རིམ་གྱི་བཞེངས་བཀོད་མང་ཞིང་རྩོམ་ཐབས་ཐུན་མོང་མ་ཡིན་པ་ཞིག་ཆགས་བསྡད་ཡོད་དེ།

དཔེར་ན། ནོ་ཨ་དང་ཡོ་སེབ། ཨབ་ར་ཧམ་སོགས་ཀྱི་ལོ་རྒྱུས་ལས་སྐྲག་སྣང་སྐྱོ་སྡུག་དད་ཞེན་སོགས་ཀྱི་བརྙན་རིས་མང་པོ་ཤར་ཤར་གྱིས་མཐོང་ལ། བག་ལེབ་རྒུན་ཆང་ལུག་ཁྲག་སོགས་ཀྱི་དོན་མཚོན་སྣ་ཚོགས་ཀྱང་འདོད་འདོད་ཀྱིས་རིག་འོང་པ་དེ་འདྲའོ། །

དེ་མིན། ཆོས་ལུགས་འདི་འཛམ་གླིང་གི་ཆོས་ལུགས་ཐམས་ཅད་ཀྱི་ཅུང་སྔ་བ་ཡིན་པའི་སྒྲོས་གཏམ་ཡང་ཤོད་རྒྱུ་འདུག ལྷག་པར་དུ། ད་ལྟ་ཆོས་ལུགས་འདིའི་རྩ་བ་སྟེ<<དམ་པའི་གསུང་རབ>>ཟེར་པ་འཛམ་གླིང་གི་སྐད་རིགས་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཅིག་ལ་བསྒྱུར་འདུག་ཅིང་།

<<དམ་པའི་གསུང་རབ>>ཟེར་པའི་དཔེ་ཆ་དེ་ནི་མིས་བཤད་ནི་ཞིག་མིན་པར་ཁོ་ཚོས(ཡེ་ཤུའི་ཆོས་ལུགས་པ)དམ་བཅའ་བ་རེད།

དཔེ་ཆ་དེའི་ནང་ལ་བལྟས་ན་མིས་བཤད་ནི་ཞིག་མིན་པ་ཤེས་རྟོགས་བྱེད་ཐུབ་ཟེར་ཞིང་། དེ་ལ་བཀླགས་ནས་ཚར་རྒྱུ་མེད་ཟེར་པ་རེད། ཤོག་གྲངས་ཚར་རྒྱུ་མེད་ཟེར་པ་མ་རེད། དེའི་ནང་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་དག་ཐམས་ཅད་པོ་ཚུད་ཡོད་ཟེར་པ་རེད།

དཔེ་ཆ་དེའི་ནང་ན། གནམ་དང་ཉི་མ། ས་དང་སྐར་མ། མི་དང་དུད་འགྲོ་ཀུན་ལ་བཟོ་མཁན་ཞིག་ཡོད་པར་སྨྲ། དེའི་མིང་ལ་དཀོན་མཆོག་འབོད་པ་དང་། དཀོན་མཆོག་དེ་ལ་སྐྱེ་རྒ་ན་འཆི་དང་གཟུགས་སྒྲ་དྲི་རེག་གང་ཡང་མེད་པར་འདོད། དེའི་རྐྱེན་གྱིས་དཀོན་མཆོག་དེ་ལྷ་འདྲེ་མི་སོགས་གང་ལ་ཡང་མི་འདུ། དུས་ཚོད་ཀྱི་ཕྱི་ན་ཡོད་ཅིང་མིའི་རིགས་ཀྱི་ཐ་སྙད་ཀྱིས་མཚན་ཉིདའཇོག་ཐབས་མེད་པའི་ཐུགས་ཉིད་ཆེན་པོ་ཞིག་ཡིན་ཞེས་ཁོ་ཚོས་བཤད། (ཡང་ན་དཀོན་མཆོག་ནི་དཀོན་མཆོག་ཡིན་ཟེར་དགོས་འདུག)

དེ་ལྟ་བུའི་ཐུགས་ཉིད་དེས་ཅི་བསམ་ཀུན་པོ་སྐད་ཅིག་གིས་འགྲུབ་པར་བྲིས་ཡོད་ཅིང་། ཡེ་ཤུའི་ཆོས་ལུགས་པ་རེ་རེ་ཡང་དེ་ལྟ་བུའི་ཐུགས་ཉིད་ཅིག་ལ་བརྟེན་ནས་འཚོ་ཐུབ་པར་སྨྲ།

ཡང་ཁོ་ཚོས་ལས་གང་ཞིག་བྱེད་ཀྱང་དཀོན་མཆོག་གི་ཐུགས་ཉིད་བཞིན་དུ་བསྒྲུབ་དགོས་པ་རེད་ཟེར། ཡེ་ཤུའི་ཆོས་ལུགས་པ་ཞིག་དཀའ་ཁག་གང་རུང་ལ་འཕྲད་ན་རང་གཅིག་པོའམ་ཆོས་གྲོགས་གཞན་དང་ལྷན་དུ་དཀོན་མཆོག་ལ་གསོལ་བ་འདེབས་དགོས་ཚོད་རེད། སྐབས་ཤིག་ལ་བྱ་བ་དེ། འདི་ལྟར་བསྒྲུབ་ན་བཟང་གི་སྙམ་པའི་བློ་ཞིག་དྲན་རྒྱུ་ཡོད་ཟེར། དེའི་མིང་ལ་ཐུགས་ཉིད(མིང་གཞན་ལ་དམ་པའི་ཐུགས་ཉིད་ཟེར)གྱི་སྐུལ་སློང་བཏགས་ཡོད་སྐད། དེས་ན་རིག་རྒྱུ་མེད་པའི་དཀོན་མཆོག་དེ་དམ་པའི་ཐུགས་ཉིད་ལ་བརྟེན་ཏེ་ཤེས་དགོས་སོང་བ་རེད།

ཡང<<དམ་པའི་གསུང་རབ>>ཅེས་པ་ནི་དཀོན་མཆོག་གི་ཞལ་བརྡ་ཡིན་ཟེར་ཞིང་། དཀོན་མཆོག་གི་ཞལ་བརྡ་མིས་ཇི་ལྟར་གོ་སོང་བ་རེད་ཟེར་ན། དམ་པའི་ཐུགས་ཉིད་ལ་བརྟེན་ནས་གོ་བར་བཤད་ཅིང་། དམ་པའི་ཐུགས་ཉིད་ལ་བརྟེན་ནས་ཇི་ལྟར་གོ་བ་རེད་ཟེར་ན།

བསྐལ་པ་ཡ་ཐོག་གི་མི་སྐོར་ཞིག་གི་སེམས་ནང་ལ་དམ་པའི་ཐུགས་ཉིད་ཀྱི་སྐུལ་སློང་ཞེས་པ་ཞིག་འོངས་པར་བཤད་ཅིང་། སྐུལ་སློང་དེ་གས་ཁོ་ཚོར་དཀོན་མཆོག་གི་ལོ་རྒྱུས་མང་པོ་ཤེས་སུ་བཅུག་པ་དང་། ཁོ་ཚོས(དེ་ཚོའི་མིང་ལ་ལུང་སྟོན་པ་ཟེར)དེ་དག་ཡི་གེར་བཀོད་ཅིང་དེབ་དུ་བསྒྲིགས་པ་ལ་གདོད<<དམ་པའི་གསུང་རབ>>ཅེས་འབོད་གི་ཡིན་ཟེར། (ཡང་ན་དཀོན་མཆོག་གི་ཞལ་བརྡ)

<<དམ་པའི་གསུང་རབ>>ཅེས་པའི་ནང་ན། མི་རྣམས་ཀྱི་ཐོག་མ་ཡང་དཀོན་མཆོག་གིས་བཟོས་པར་སྨྲ་ལ། དཀོན་མཆོག་གིས་བཟོས་པའི་མི་ཕྱིར་དཀོན་མཆོག་ལ་འགལ་སོང་པ་དང་། དེའི་རྐྱེན་གྱིས་མི་ཐམས་ཅད་ལ་སྡིག་པ་ཡོད་པར་བསྒྲུབས་ཤིང་། མི་རྣམས་སྡིག་པ་དེ་ནས་སྐྱོབ་པའི་ཆེད་དུ་དཀོན་མཆོག་གིས་རང་གི་སྲས་ཡེ་ཤུ་མ་ཤུ་ཀ་ཟེར་པ་འཇིག་བརྟེན་ལ་བཅུག་པའི་གོ་རིམ་མང་པོ་བྲིས་ཡོད།

དཀོན་མཆོག་དང་དམ་པའི་ཐུགས་ཉིད། ཡེ་ཤུ་མ་ཤུ་ཀ་བཅས་ནི་ངོ་བོ་གཅིག་ལ་རྣམ་པ་གསུམ་གྱི་རང་བཞིན་དུ་བསྟན་ཞིང་། ཡང<<དམ་པའི་གསུང་རབ>>ནང་ན་མི་རྣམས་ལ་ཉེ་བར་མཁོ་བའི་ཕན་ཐབས་ཀྱང་མང་པོ་ཡོད་ཟེར་པ་དང་།དེ་ལ་བརྟེན་ནས་མི་དང་མིའི་བར་གྱི་འབྲེལ་བ་དང་། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་ཐུབ་པར་ནུབ་ཕྱོགས་ཀྱི་མཁས་པ་སྐོར་ཞིག་གིས་འདོད།

དཔེར་ན་མཱར་ཐཱིན་ལི་སིར་གྱི་ཆོས་ལུགས་བཅོས་བསྒྱུར་ཞེས་པའང་དུས་སྐབས་ཤིག་གི་ཆོས་བྱེད་མི་སྣའི་རུལ་སུངས་ཀྱི་བྱེད་སྤྱོད་ལ་སྨྱུག་ཁ་གཏད་པ་ཙམ་ཞིག་རེད་མ་གཏོགས།

ཆོས་ལུགས་རང་ངོས་ཀྱི་རིན་ཐང་དེ་མཱར་ཐཱིན་ལི་སིར་སོགས་ཀྱིས་ཀྱང་ཁས་ལེན་ཞིང་བསྔགས་པ་བྱས་ས་ཡང་འདུག་སྐད། (རྒྱུ་མཚན་ཨེ་ཡོད་དཔྱོད་ལྡན་དག་ལ་ཁྲིགས་ཁྲིགས་ཡིན)

(བར་འདིར་མཱར་ཐཱིན་ལི་སིར་གྱི་ལོ་རྒྱུས་མདོར་བསྡུས་ཤིག་བཅུག་ན་འདི་ལྟ་སྟེ།1483.11.10ཉིན་ལོ་རྒྱུས་སྟེང་ནུབ་ཕྱོགས་ཆོས་ལུགས་བཅོས་བསྒྱུར་གྱི་གཙོ་ཁྲིད་པར་གྲགས་པའི་འཇར་མན་པ་མཱར་ཐཱིན་ལི་སིར་ཅེས་པ་དབུལ་བོའི་ཁྱིམ་ཚང་ཞིག་ཏུ་ལྟེ་ཁྲག་འཐོར་བ་ཡིན་ཞིང་། ནར་སོན་རྗེས་ཡེ་ཤུའི་ཆོས་ལུགས་ཀྱིས་ཡིད་དྲངས་པར་གྱུར་ཏེ། 1507ལོར་ཨེར་ཧྥི་ཏི(Erfurt)དགོན་ཆེན་དུ་ཆོས་སྒོར་ཞུགས་ཤིང་བཙུན་ལྭ་གསོལ་པ་དང་། 1511ལོར་ཝེར་ཐིན་པཱིར་ཁི(Wittenberg)སློབ་གྲྭ་ཆེན་མོར་ཆོས་ལུགས་འབུམ་རམས་པའི་དམ་བཅའ་དངོས་སུ་བཞག་ཅིང་། སློབ་གླིང་དེ་ཀའི་དགེ་རྒན་དུ་བསྐོ་གནང་མཛད།

ཡུན་གྱིས་ཆོས་དཔོན་དག་གི་རྒྱས་སྤྲོས་ཆུད་ཟོས་ལ་ཞེ་མེར་འཁྲུག་པ་དང་། མང་ཚོགས་རྣམས་ཀྱི་སྐྱིད་སྡུག་གནས་བབ་ལ་ཡིད་གདུང་ཚད་མེད་སྐྱེས་ཤིང་། <<དམ་པའི་གསུང་རབ>>ཀྱི་བརྗོད་དོན་ལ་དཔྱད་ཞིབ་ཡང་ཡང་བཏང་མཐར། 1517.10.31ཉིན་རོ་མ་ཆོས་ཁང་ཆེན་མོའི་རྒྱ་སྒོའི་ཐོག་ལ་དགག་ཡིག་དོན་ཚན་གོ་ལྔ་ཅན་གྱི་ཤོག་བྱང་རིང་བོ་ཞིག་མངོན་གསལ་དུ་སྦྱར་པ་རེད།

དེའི་ཤུགས་རྐྱེན་ལ་བརྟེན་ནས་ནུབ་ཕྱོགས་ཆོས་ལུགས་དཀྱེལ་ཡངས་ཀྱི་ལྟ་བ་དེ་ཅུང་རྒྱ་ཁྱབ་ཏུ་འཕེལ་ཞིང་། ཚད་ངེས་ཅན་ཞིག་ནས’ཆོས་སྲིད་ཐ་དད’དམ”མི་བུ་སོ་སོས་ཐད་ཀར་དཀོན་མཆོག་དང་ཁ་བརྡ་བྱས་ཆོག”པའི་གློད་གྲོལ་ཅིག་བྱུང་སོང་པར་འདུག ལས་འགུལ་འདི་དང་ཡོ་རོབ་གླིང་གི་རིག་རྩལ་བསྐྱར་དར་གཉིས་ཀ་ཕལ་ཆེར་དུས་མཉམ་པ་ཡིན་པས་ལོ་རྒྱུས་ཀྱི་ངོས་དང་། རིག་གནས་ཀྱི་ངོས། བསམ་བློའི་ངོས་སོགས་ལ་སྦྱར་ནའང་གོ་རྒྱུ་མང་པོ་མཆིས།)

གོང་གསལ་འདི་ཚོ་ཡེ་ཤུའི་ཆོས་ལུགས་ཐད་ཀྱི་གནས་ཚུལ་འགའ་ཡིན་ལ། ང་ལྟར་ན། དཔེ་ཆ་སྣ་ཚོགས་ལ་བལྟས་ན་འགྲིག་གི་རེད་སྙམ། དཔེར་ན་བོད་ཀྱི་དགེ་ཆོས་ལྟ་བུ། བན་བོན་གང་ལའང་ཕྱོགས་རིས་མི་བྱེད་པར་རིགས་པའི་ལམ་ནས་བརྟག་དཔྱད་གཏོང་པ་ནི་ཅི་བས་ཀྱང་ངོ་མཚར་ཆེ་སྟེ། གཏམ་རྒྱུད་གསེར་ཐང་ལས། རིག་པ་ཡོད་ན་ཕྱོགས་གང་ནས་ཀྱང་གནད་ཆེན་པོ་རེ་རྙེད་ཐུབ་ཅེས་བསྟན་པར་མ་ཟད། ཁོང་ཉིད་རྒྱ་གར་དུ་བཞུགས་རིང་ཡེ་ཤུའི་ཆོས་ཚོགས་ཀྱི་སློབ་གྲྭ་ཞིག་ཏུ་ཕྱག་ལས་གནང་ཞིང་།”མ་ཤུ་ཀ་དང་སངས་རྒྱས་གསུང་རབ་མཐུན” (<<བྷ་བུ་མཐར་ཕྱིན་ལ་གནང་བའི་ཀ་བཤད>>དུ་གསལ)ཞེས་པའི་བཀའ་རྩོམ་ཡང་དེ་དུས་ཤིག་ལ་སྤེལ་པ་འདྲ།

ཡང་། “དབང་ཕྱུག་ཆེན་པོའི་ཞབས་ལ་ཕྱགས་འཚལ་ལོ”(<<འདོད་པའི་བསྟན་བཅོས>>ཀྱི་ཤོག་ངོས་དང་པོ་ན་གསལ)ཞེས་བོད་མི་དག་གིས་གོ་ན་མགོའི་སྐྲ་ཡང་གཟེངས་པར་བྱེད་པའི་སྐད་ཆ་འདི་འདྲ་ཐལ་པ་ལ་ལྷག་ཏུ་གོ་རྒྱུ་ཆེན་པོ་འདུག འདི་དང་འདི་ལྟ་བུ་ཡང་བོད་བཙན་པོའི་དུས་ཀྱི་རང་རིགས་ཀྱི་བློ་ཁོག་ཅེས་པ་དེ་ཡིན་ལ།

དེའི་ཞོར་ལ་རང་ཚུགས་ཟེར་པ་འདི་མི་འབོར་རྒྱུ་ཡང་ཤིན་ཏུ་གནད་ཆེ་སྟེ། ཕན་ཚུན་ལ་ལྟ་ལོག་པ་དང་། མུ་སྟེགས་པ་སོགས་ཀྱིས་དམའ་འབེབས་ཡེ་མི་བྱེད་པར། གུ་ཡངས་པའི་རིག་པ་དང་། དཔྱོད་ཤེས་རྣལ་མས་མཐའ་ཟིན་པར་བྱས་ནས<<དམ་པའི་གསུང་རབ>>སོགས་ལ་ཡང་ཀུན་ནས་བལྟ་རུང་བ་ཡིན། དེ་ཙམ་གྱི་ཁོག་རྒྱ་ཡང་བསྐྱེད་མི་ཐུབ་ན། དུས་རབས་གསར་པའི་བོད་མི་ཞིག་ཡིན་པ་ལ་བདེན་དཔང་ཅི་ཞིག་འདུག

ཡིན་ནའང་། ཆོས་ལུགས་འདི་ཉིད་གནའ་བོའི་ཡུག་ཐེའེ་པ་ཚོར་ནམ་མཁའ་ནས་ལྷུང་པའི་བག་ལེབ་ཅིག་ཡིན་པར་ངེས་པ་འདྲོངས་ན། འུ་ཚོས་དེ་ལ་གདེང་འཇོག་དང་རྣམ་འགྱུར་ཅི་འདྲ་འཛིན་དགོས་པའང་གོ་སླའོ། །

2007.12.20

 

 

 

 

<<རྟུལ་ཕོད>>དང་འབྲེལ་པའི་སྐད་ཆ་ཚིག་གཅིག(མཇུག་བྱང)
གངས་སྨྱོན།
གསར་གཏོད་ཀྱི་སྟོབས་དང་ལྡན་པའི་ཚེ་སྲོག་ནི་ད་གཟོད་དོན་དངོས་ཀྱི་ཚེ་སྲོག་སྟེ། ལྷག་མ་གཞན་དག་ནི་ཚེ་སྲོག་དང་འབྲེལ་པ་མེད་པར་ས་ཁར་གཡེང་བའི་གྲིབ་གཟུགས་ཤ་སྟག་རེད།
___(ཧྥ་རན་སི)ལོ་མན.ལོ་ལན།
གལ་ཏེ་ཅི་ཞིག་ལ་བསམ་བློ་སྒེར་གཅོད་ཟེར་པ་རེད་ཅེ་ན། མི་རིགས་ཞིག་གམ་སྤྱི་ཚོགས་ཤིག་གི་ནང་སེམས་ཀྱི་འདུ་ཤེས་འཛིན་སྟངས་དེ་སྲོལ་རྒྱུན་རྫོང་མཐུག་པའི་ལྟ་བ་སྣ་གཅིག་གིས་གཏན་དུ་འཆིང་ནས་གྲོལ་མ་ཐུབ་པ་སྟེ། ཨུ་ཚུགས་དང་མཁྲེགས་འཛིན་ཁོ་ནས”མི་སུམ་ཅུར་བསམ་པ་སུམ་ཅུ་དང་། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ”ཡོད་དུ་མི་འཇུག་པར”མི་སུམ་ཅུར་བསམ་པ་སྣ་གཅིགདང་། མཛོ་སུམ་ཅུར་རྭ་ཁ་སུམ་ཅུ”ལས་ཡོད་མི་ཆོག་པའི་རྙིང་ཞེན་གྱི་བག་ཆགས་ངན་པ་མཐར་འཁྱོལ་བྱས་ཏེ་སྤྱི་ཚོགས་ཧྲིལ་བོའི་ཁོངས་མི་ཀུན་གྱི་འགྲོ་ལུགས་འདུག་སྟངས་དང་བསམ་ཚུལ་དྲན་ཚུལ་ཐམས་ཅད་སྪ་རྐོང་གཅིག་ནས་བླངས་པ་ལྟར་བསམ་བློ་གཅིག་གི་ནང་དུ་སྡུད་པའམ། འདུ་ཤེས་སྣ་གཅིག་གིས་བདག་གིར་བྱས་ནས་མི་གཏོང་བའི་བསམ་སྤྱོད་སྐྱུག་བྲོ་བོ་དེ་ལ་བསམ་བློ་སྒེར་གཅོད་ཟེར། (དཔེར་ན་སྲོལ་རྒྱུན་ཆོས་ལུགས་བསམ་བློ་ཡིས་བོད་འབངས་རྣམས་ཀྱི་བསམ་བློ་ཐམས་ཅད་སྒེར་གཅོད་བྱས་ནས་ནམ་ཡང་བརྒལ་ཐབས་མེད་པའི་ཆོས་ལུགས་ཀྱི་ར་བ་དོག་མོ་གཅིག་གི་ནང་དུ་འཁོར་བསྐྱིལ་བྱེད་པ་ལས་དོགས་སློང་གི་བློ་རིག་གསར་པ་སྤུ་ཉག་ཙམ་སྐྱེ་ཚེ་སྤྱི་ཚོགས་ཧྲིལ་བོས་མ་རུང་ཐན་ལྟས་སུ་བཅད་ནས་ཟུར་དུ་འཕུད་པ་དང་། བོད་པ་བ་ས་ཡ་འབུམ་ཕྲག་ཚང་མ་དུད་འགྲོ་བཞིན་མགོ་བོ་བསྒུར་ནས་ཡིད་ལ་ནང་བསྟན་གྱི་བསམ་བློ་ཉག་ཅིག་ལས་དྲན་མི་ཆོག་པ་ལྟ་བུ་ནི་བསམ་བློ་སྒེར་གཅོད་ཡིན།)
དེ་དང་ཁྱོད་ཡོངས་ནས་ལྡོག་པ་ནི་བསམ་བློ་རང་དབང་སྟེ། དེ་ཡང་བོད་པ་ཡོད་ཚད་དད་པ་ཅན་ཏག་ཏག་ཡིན་དགོས་པའི་ངེས་པ་མེད་ཅིང་། “ཡུག་ཐེའེ་པ་སུམ་ཅུར་ལྟ་ཚུལ་སྣ་ཁ་སུམ་ཅུ་”ཡོད་དུ་བཅུག་ནས་མི་ཡོད་ཚད་ལ་རང་རང་གི་ལྟ་བ་འཛིན་པ་དང་སྨྲ་བ། གནས་པ་སོགས་ཀྱི་རང་དབང་ཡོད་པར་བྱས་ནས་སྤྱི་ཚོགས་མདུན་དུ་སྐྱོད་པར་རང་རང་སོ་སོའི་ནུས་ཤུགས་གང་ཡོད་འདོན་དུ་འཇུག་པ་དེར་བསམ་བློ་རང་དབང་ཟེར། སྲོལ་རྒྱུན་རིག་གནས་སྣ་གཅིག་གི་བཟི་འཁྱོམ་འཐོམ་སྤྲིད་ཀྱི་འོག་ཏུ་བཙུད་ནས་སྲ་མཁྲེགས་ཨ་འཐས་སུ་མི་སྡོད་པར་དུས་དང་གནས་ལ་འཚམ་པའི་ཕྱི་ཕྱོགས་ཕན་ལྡན་རིག་གནས་དང་ལེན་དང་། མི་རིགས་ཤིག་གི་འཚོ་གནས་རྒྱུན་བསྲིངས་པར་དངོས་ཡོད་ཀྱིས་རིན་ཐང་བསྐྱར་དུ་གཅོད་པའི་རིག་གཞུང་མ་ལག་གསར་བ་གསར་སྐྲུན་བྱེད་པའི་དཀྱེལ་ཡངས་ཀྱི་དགོངས་པ་དེར་བསམ་བློ་བཅིངས་འགྲོལ་ལམ་རིག་གནས་བཅིངས་འགྲོལ་ཟེར།
སྔོན་དུས་ལེགས་པར་མཐོང་བའི་རིག་གནས་ཤིག་ཇི་སྲིད་བར་དུ་ལེགས་པར་འདོད་པའི་མི་རིགས་ཀླ་ཀློ་ཅན་ཞིག་ནི་བསྐལ་པའི་བར་དུ་གནས་ཀྱང་མདུན་སྐྱོད་སྤུ་ཉག་ཙམ་ཡང་ཡོད་མི་སྲིད་ཅིང་། རྣམ་ཀུན་རང་ཉིད་ཀྱི་བསམ་བློ་གཅིག་པུ་མཆོག་ཏུ་བརྩིས་ནས་གཞན་པའི་རྒྱང་མཐོང་གི་ལྟ་བ་ཡོད་ཚད་རྨང་ནས་གཅོད་པའི་མི་རིགས་རྨོངས་རྟུལ་ཅན་ཞིག་ལ་དཔལ་ཡོན་གྱི་ལོ་རྒྱུས་ཇི་ལྟར་རིང་ནམ་ཡང་གནས་གཅིག་ནས’འཁྱིལ་ཆུ’ལྟར་འཁྱིལ་ཏེ་རུལ་མྱག་ཏུ་འགྲོ་བ་ལས། ཡར་རྒྱས་དང་གོང་འཕེལ་ནི་སོར་མོ་གང་ཡང་ཡོད་མི་སྲིད་པས་ན། ནམ་ཞིག་ཨུ་ཚུགས་དང་མཁྲེགས་འཛིན་ཁོ་ནས་གཏན་དུ་རྒུད་དེ་སའི་གོ་ལ་འདི་ཉིད་ཀྱི་སྟེང་ནས་རྩ་མེད་རྗེས་མེད་དུ་འགྲོ་བ་ལས་འོས་གཞན་མེད་ཅེས་ཁ་ཚོན་བཅད་ཆོག་པ་ནི། ང་ཚོས་རྒན་སེར་རྡོར་ལགས་ཀྱི་བརྩམས་ཆོས་ཚ་ལམ་ལམ་ཅན་འདི་དག་ལ་གཟབ་ནན་གྱིས་ཐེངས་ཤིག་མཇལ་ན་ཤེས་ཐུབ་བོ།
2008.1.29

 

 

རྩོམ་པ་པོ། སེང་རྡོར།

 

རྩོམ་སྒྲིག་འགན་འཁུར་པ། འབྲུག་རྒྱལ་མཁར།

 

མདུན་ཤོག་མཛེས་རིས་པ། སེང་རྡོར།

 

དཔེ་སྐྲུན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

 

འགྲེམས་སྤེལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

 

པར་འདེབས། ཟི་ལིང་མི་རིགས་པར་ཁང་།

 

དེབ་ཚད། ཧོ་སྨིས850xཧོ་སྨིས1168  1/32

 

དཔར་ཤོག 6.125

 

ཡིག་གྲངས། ཁྲི 10

 

པར་ཐེངས། 2008ལོའི་ཟླ6པར་པར་གཞི་དང་པོ་བསྒྲིགས།

 

དཔར་ཐེངས། 2008ལོའི་ཟླ6པར་པར་ཐེངས་དང་པོ་དཔར།

 

དཔར་གྲངས། 1~1 000

 

དཔེ་རྟགས། ISBN 978-7-5421-1225-5

 

རིན་གོང་། སྒོར། 18.00

 

 

 

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། རྩེ་དཀར་རྩོམ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་ཡུལ་གྱི་གེ་སར་སྒྲུང་གི་ངག་རྒྱུན་སྐོར།
  • སྡེ་དགེ་རྫ་ཆུ་ཁའི་གནས་ཚུལ་སྙིང་བསྡུས་དང་ཡུལ་སྲོལ་འགའ།
  • བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར།
  • བུད་མེད་ཞིག་གིས་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས།
  • གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།