རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེའི་རྣམ་ཐར།
དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་ནི།
ཡོང་ཁུངས། ངེད་དྲ་བ། ཕྱོགས་སྒྲིག་པ། ཚེ་དབང་བསོད་ནམས།
ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་དགེ་སློང་འཇམ་དཔལ་ཚུལ་ཁྲིམས་ལ་མདའ་ཁའི་ཞལ་ཆེམས་གནང་བའི་ནང་དུ།
འདི་ནས་ཤར་ཕྱོགས་གསེར་ལྡན་ཆུ་ཡི་འགྲམ། །མདའ་བསྣུན་དཔའ་བོས་བཟུང་བའི་ལྗོངས་ཀྱི་ཆར། །ལྷུན་ཆགས་སེང་གེ་འགྱིངས་པའི་ཕང་པ་རུ། །དཔལ་གྱི་རི་ལ་ཨ་དང་ཐུབ་ཀྱིས་བརྒྱན། །ས་ཡི་ཁྱིམ་དུ་ཆོས་དཀར་རྗེའུའི་རིགས། །འཇིག་རྟེན་མཁའ་འགྲོའི་ལྷུམས་སུ་གནས་མལ་མཐོང་། །གླང་གི་ཉའམ་བྱི་བ་ལོ་པ་ཞིག །ཨ་ཏི་ཁྱམ་བརྡལ་ཀུན་བཟང་མཁའ་དབྱིངས་ལས། །སྣང་རིག་ཟུང་འཇུག་ཡེ་ཤེས་སྒྲོན་མེ་ཆེ།་།རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེར་འབོད། །ཞེས་པ་ལྟར།
ཕྱིར་ལོ་༡༩༢༤་ཟླ་བ་བརྒྱད་པའི་ཚེས་བཅུ་བཞི་ཉིན་སྡེ་དགེ་འདན་ཁོག་ཨ་ཐུབ་ཚང་གི་ཁྱིམ་དུ་ཡབ་ཨ་ཐུབ་ཚེ་དབང་ཕུན་ཚོགས་དང་ཡུམ་སྐལ་བཟང་ཆོས་སྒྲོན་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས།
རྫོགས་ཆེན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས། ཐོག་མར་ལྷུམས་སུ་བཞུགས་སྐབས་ནས་བྱང་ཆུབ་སེམས་པའི་སྤྲུལ་པ་ཞིག་ཡིན་པ་ངོས་འཛིན་དང་། སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་གཟིམ་ལམ་དུ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ། ཕྱག་རྡོར་དྲིལ་བསྣོལ་ཐབས་དང་། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་བཅས་འཁྲུངས་གཞིས་ཨ་ཐུབ་ཚང་གི་གཟིམ་ཁང་ཐོག་ཏུ་བཞུགས་པ་གཟིགས་པ་དང། ལྷུན་ཆགས་སེང་གེ་འགྱིངས་པའི་ཕང་པ་རུ་རྗེ་གོང་མའི་འདའ་ཀའི་ཞལ་ཆེམས་ཨང་ཡིག་ཏུ་ཡོད་པ་གཞན་གྱིས་ཤེས་མ་ནུས་ཀྱང་། དཔལ་སྤུངས་མཁྱེན་སྤྲུལ་རིན་པོ་ཆེས་ཞིབ་གཟིགས་ཀྱིས་གཏན་འབེབས་གནང་བ་གཉིས་དགོངས་པ་གཅིག་ཏུ་གྱུར་ནས། ༧ གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་སྙན་འབུལ་ཞུས་སྐབས། གོང་གསལ་ངོས་འཛིན་རྣམས་དང་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་གྱུར་ནས།
ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད། དགུང་གྲངས་བདུན་པའི་སྐབས། བྱམས་མགོན་སི་ཏུ་དང་།འཇམ་མགོན་ཀོང་སྤྲུལ་རྣམ་གཉིས་ཆེད་ཕེབས་ཀྱིས། ཐོག་མར་སྐུ་ཚེ་ཡུན་དུ་བརྟན་པའི་ཆེད་ཚེ་དབང་དང་། ཁྲུས་གསོལ། ན་བཟའ་མཚན་གསོལ་དང་། དགེ་བསྙེན་གྱི་སྡོམ་པ་ཕུལ། ལྕགས་ལུགས་ཟླ་༡ ཚེས་༢༧ ཉིན། དཔལ་སྤུངས་མཁྱེིན་སྤྲུལ་རིན་པོ་ཆེ་དང་། མཚུར་ཕུའི་གཟིམ་ཚབ་པ་བཅས་ནས་ཐོག་མར་ཁྲུས་གསོལ་གྱིས་དབུ་ཞྭ་འབུལ་བ་སོགས་རྟེན་འབྲེལ་གྱི་སྒོ་འཕར་ཟབ་དགུ་ཕྱེས་ཏེ་མཇལ་ཁ་གནང་། ཚེས་༢༩ ཉིན་སངས་རྒྱས་མཉན་པ་རིན་པོ་ཆེས་མཇལ་ཁ་ཞུས། ཟླ་༢ ཚེས་༡ ཉིན་ཆིབས་ཞལ་དཔལ་སྤུངས་ཕྱོགས་བསྒྱུར་བའི་ལམ་བར་ནས་འདན་རྣམ་རྒྱལ་གླིང་དུ་བཞུགས་ཤིང་། དགོན་དེའི་དགེ་འདུན་པ་རྣམས་ནས་མཇལ་ཁ་ཞུས་པ་དང་། མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་གླིང་ཚང་གིས་ཕེབས་བསུ་དང་མཇལ་ཁ་ཞུས། ཟིས་ཕ་ཝ་ཏ་སོར་སྡེ་དགེའི་གཞུང་ཞབས་པ་རྣམས་ཆིབས་བསུ་དང་པོ་བཅར། རྨོག་མདར་ཆིབས་བསུ་གཉིས་པ་བཅར། ཕེབས་ལམ་རིམ་བརྒྱུད་ཀྱིས་སྡེ་དགེའི་རྒྱལ་ས་ལྷུན་གྲུབ་སྟེང་དུ་ཕེབས། སྡེ་དགེ་ཆོས་རྒྱལ་ཚེ་དབང་བདུད་འདུལ་དང་། ནང་ཆེན་བཙུན་མོ་གཡུ་སྒྲོན་གཙོས་གཞུང་ཞབས་མི་མང་བཅས་མཇལ་བཅར་བྱིན་རླབས་མཛད། ཕེབས་ལམ་དུ་ལྕང་ར་ཕོ་བྲང་ནས་ཀུན་བཟང་རྩེས་གདན་ཞུས་མཇལ་ཁ་གནང་ནས་རྩེ་ཟུར་མདོར་ཨ་ལོ་དཔལ་འབྱོར་དགོན་གྱིས་ཕེབས་བསུ་དང་། མགོན་ལྕེར་དགེ་འདུན་པ་རྣམས་ལ་མཇལ་ཁ་བསྩལ། མགོ་སེ་ལར་དཔལ་སྤུངས་ཀྱི་དགེ་འདུན་པ་རྣམས་ཀྱིས་གཙོས་ཆིབས་བསུ་སེར་སྐྱ་དྲུག་བརྒྱ་བརྒལ་བ་བཅར། ཏ་ཡི་སི་ཏུ་བྱམས་མགོན་པདྨ་དབང་མཆོག་རྒྱལ་པོ་ཆེད་ཕེབས་གནང་སྟེ། མཇལ་དར་འབུལ་བཞེས་གནང་། དེ་ནས་ཟླ་༢ ཚེས་༨ ཉིན་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གདན་ས་ཆེན་པོར་ཕེབས་བསུ་ཟབ་རྒྱས་ཞུས་ནས། གདོང་ལྔས་བཏེག་པའི་ཁྲི་འཕང་མཐོན་པོར་བཞུགས་སུ་གསོལ་བ་དང་ཆབས་ཅིག་སི་ཏུ་རིན་པོ་ཆེ་ནས་མཎྜལ་རྟེན་གསུམ་དང་སྦྲགས་ཞབས་བརྟན་འབུལ་བར་མཛད་ཅིང་། སླར་ཚེས་༡༢ ཉིན་ཡིད་དགའ་ཆོས་འཛིན་གྱི་གཞལ་མེད་ཁང་ཆེན་པོར་སེང་གེས་བཏེག་པའི་ཁྲི་ལ་མངལ་གསོལ་ཟབ་རྒྱས་ཀྱི་མདུན་སར། མདོ་སྔགས་གཞུང་རིགས་ལ་གཟིགས་པའི་སྤྱན་རས་ཡངས་པ་རྣམས་ཀྱིས་རྒྱུད་དང་། གཞུང་ཆེན་རྣམས་ཀྱི་ཚོགས་བཤད་འབེལ་བས་ཆོས་ཀྱི་མཆོད་པས་སྣ་དྲངས་ཏེ། མདོ་སྨད་ཁུལ་ཡོད་རིས་མེད་ཀྱི་བླ་སྤྲུལ་དགོན་སྡེ། དད་སྦྱིན། རྒྱལ་བློན་དང་བཅས་པ་རྣམས་དང་། ལྷག་པར་ཀཾ་ཚང་གི་རིང་ལུགས་འཛིན་པའི་བླ་སྤྲུལ་དགེ་འདུན་པ་རྣམས་ལྟ་ཅི་སྨོས། གྲུབ་མཐའ་བཀའ་བརྒྱུད་པ་ཡོད་དོ་ཅོག་ནས་ཁྲི་འབུལ་གྱི་བཀོད་པ་རྒྱ་ཆེན་པོ་ཕུལ་བ་དང་འབྲེལ། ཇི་སྲིད་འཁོར་བ་མ་སྟོང་བར་དུ་ཞབས་པད་བརྟན་པ་དང་། ཟབ་ཅིང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པས་མཚོན། བསྟན་དང་འགྲོ་བའི་དོན་རླབས་པོ་ཆེ་འབྱུང་བའི་ཕྲིན་ལས་ཀྱི་སྒོ་བརྒྱ་ཕྱེས་སོ། །
དགེ་བའི་བཤེས་གཉེན་བཀྲིས་ཚེ་རིང་གི་དྲུང་ནས་ཐོག་མར་འབྲི་ཀློག་སྦྱང་བའི་དབུ་བཙུགས། ས་ག་ཟླ་བའི་ཚེས་གཅིག་ཉིན་ཐུགས་རྗེ་ཆེན་པོ་དཔལ་གསང་བ་འདུས་པའི་ཚོགས་དབུར་ཕེབས། ཚེས་བཅོ་ལྔ་ཉིན་བཀའ་དབང་དང་མཇལ་ཁ་གནང་། ཟླ་བ་དེའི་ཚེས་༢༢ ཉིན་སྒྲུབ་བརྒྱུད་བསྟན་པའི་ཆུ་མགོ་གཅིག་པུར་གྱུར་པ་འོག་མིན་ཐུགས་ཀྱི་གནས་མཆོག་མཚུར་མདོ་བོ་ལུང་གི་གཙུག་ལག་ཁང་གི་ཆོས་ཀྱི་ཁྲི་འཕང་མངོན་མཐོར་མངའ་གསོལ་བའི་ཕྱིར། སི་ཏུ་རིན་པོ་ཆེ་མཆོག་དང་། དཔལ་སྤུང་མཁྱེན་སྤྲུལ་རིན་པོ་ཆེ་བཅས་ལྷན་དུ་དཔལ་སྤུངས་ནས་ཆིབས་བཏེག དཔལ་སྤུངས་ཀྱི་དགེ་འདུན་པ་རྣམས་ཀྱིས་ཕེབས་སྐྱེལ་ཞུས། ལམ་བར་དགོན་སྡེ་ཁག་ཏུ་ཞབས་ཀྱིས་བཅགས་ཤིང་མཇལ་ཁ་གནང་། ནང་ཆེན་རྒྱལ་པོའི་མདུན་ཞབས་ཁ་ཤས་ནས་ས་ཚུགས་མང་པོའི་བར་ཞབས་ཞུ་བཅར། དགའ་ལྡན་དགོན།་ཟུར་མང་རྣམ་རྒྱལ་རྩེ། མཆོག་གླིང་དགོན། གོ་ཆེ་དགོན་བཅས་ལ་ཕེབས། ཁྲ་འུག་གནས་མདོ་སོགས་ཕེབས་ལམ་དུ་མ་འཁེལ་བས་མཇལ་ཁ་ཞུ་བར་བཅར། སྐྱོ་བྲག་ཏུ་ཕེབས་ཤིང་ནང་ཆེན་གྱིས་གདན་ཞུ་དང་། མཚུར་ཕུར་སྒར་ཆེན་གཞུང་གིས་ཕེབས་བསུའི་ཐོག་མ་དགེ་གཡོག་ཆོས་བཟང་ནས་མཇལ་ཁ་ཞུས། དེ་ནས་ནང་ཆེན་རྒྱལ་སྲས་ཀྱིས་གཙོས་པས་དགོན་སྡེ་ཁག་དང་དད་ལྡན་མང་ཚོགས་ཀྱིས་ཆིབས་བསུ་ཞུས་ཏེ། ནང་ཆེན་རྒྱལ་སར་ཕེབས། ཕྱོགས་དེར་འཁོད་པའི་དགོན་སྡེ་སྤྱི་དང་། ལྷག་པར་གདན་ས་བར་གྱི་བླ་སྤྲུལ་ཁག་ཆེད་བཅར་ཞུས། དེ་ནས་དཔལ་ཁ་ལྡེར་མོ་དགོན་བརྒྱུད་དེ་ཡག་དགོན་དུ་ཕེབས། ཟླ་སྤྲུལ་དང་། ས་བཅུ་སྤྲུལ་སྐུ་གཉིས་ཀྱི་དབུས། བླ་སྤྲུལ་དགེ་འདུན་རྣམས་ལ་མཇལ་ཁ་གནང་། སྒི་རྣ་དགོན་དུ་མཚུར་ཕུ་སྒར་ཆེན་བླ་གཞུང་གི་ཕེབས་བསུ་ཟབ་རྒྱས་བསྒྲིགས་ཤིང་། སྒར་ཆེན་མཛོད་པ་སོགས་ནས་མཎྜལ་རྟེན་གསུམ་ཕུལ། གཞན་ཡང་དགེ་རྒྱས་རིག་པ་སྟོད་སྨད་བར་གསུམ་སོགས་ཀྱི་བླ་སྤྲུལ་དགོན་སྡེ། ཡུལ་མི་མཆོག་དམན་ཀུན་ནས་དད་མཇལ་ལྟར་མཇལ་ཁ་གནང་། ཚེས་༡༣ ཉིན་མཐོང་གྲོལ་ཞྭ་ནག་གི་ཅོད་པནཐོག་མར་སྒྲོན་འབུལ་ཞུ་སྐབས། ནམ་མཁར་འཇའ་སྤྲིན་འཁྲིགས་ཤིང་། མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གྱིས་ཡིད་ཅན་མཐའ་དག་གཏན་བདེར་འགོད་པའི་ལམ་སྣེ་ཐོག་མར་སྟོན་པར་མཛད། ཚེས་༡༥ ཉིན་སྒར་ཆེན་ཕེབས་བསུའི་བླ་གྲྭ་རྣམས་ནས་གསོ་སྦྱོང་བཞེས། འབྲོང་པ་ནས་བཟུང་ཕེབས་ལམ་རིམ་བརྒྱུད་ཀྱི་ནག་ཆུར་ཞབས་སོར་འཁོད། མཐོང་གྲོལ་དབུ་ཞྭ་རིན་པོ་ཆེ་མཇལ་སྒྲོན་ཞུས། ཟླ་༧ ཚེས་༡༩ གཉེན་ཆེན་ཐང་ལྷའི་མདུན་དུ་ཕེབས་པ་དང་། རྟེན་རྫས་རྒྱ་ཆེན་དང་། ལྷག་གཡག་དཀར་པོ་ཞིག་ཕུལ་བས། མིས་ཁྲིད་པ་ལྟར་སྒར་ཁྲོད་ནས་ཐང་ལྷའི་རྟེན་མཁར་བར་ཤར་གྱིས་སོང་བ། རྟེན་རྫས་དངོས་སུ་བཞེས་པའི་རྟགས་མཚན་ངོ་མཚར་བ་བྱུང་། དེ་ནས་སྤི་ཆུ་ཁར། མཚུར་སྒར་བླ་གཞུང་གིས་ཕེབས་བསུ་གཉིས་པ་ལ་རྗེ་གོང་མའི་ཐུགས་སྲས་བྱམས་པ་རིན་པོ་ཆེ་མཆོག་དང་། ཆོས་གོང་བླ་བྲང་གི་སྐུ་ཚབ་བཅས་བཅར། ཟླ་༨ ཚེས་༤ ཉིན་མཚུར་ཕུ་ལ་སྟེང་དུ། ཆོས་གོང་རྒྱལ་ཚབ་རིན་པོ་ཆེ་དང་། གནས་ནང་དཔའ་བོ་རིན་པོ་ཆེ། གཞན་ཡང་མཚུར་སྒར་དང་། གནས་ནང་བཅས་ཀྱི་དགེ་འདུན་པ་ཚང་མ་ཆིབས་བསུ་བཅར་ཏེ་རྟེན་འབྲེལ་བཟང་པོ་བྱུང་། དེ་ནས་ཚེས་༥ གཟའ་དང་རྒྱུ་སྐར་སོགས་ཕྱི་ནང་དུས་སྦྱོར་གྱི་རྟེན་འབྱུང་གི་སྒོ་བརྒྱ་ལྷུན་གྱིས་གྲུབ་པའི་ཉིན། གདན་ས་ཆེན་པོ་འོག་མིན་ཐུགས་ཀྱི་གནས་མཆོག་མཚུར་མདོ་བོ་ལུང་གི་གདན་སར་ཞབས་སོར་འགོད་རྒྱུའི་ཐོག་མར་སྐྱེད་ཚལ་བསམ་འགྲུབ་གླིང་དུ། བླ་བྲང་གཞུང་གི་ཕེབས་བསུ་དང་འབྲེལ་རྒྱལ་བ་རིགས་ལྔ་ཞེས་པ་ནས། འདུས་ཚོགས་ནོར་བུའི་ཕྲེང་བས་མཆོད་སྤྲིན་དཔག་ཏུ་མེད་པས་མདུན་བསུས་ཏེ། རྒྱལ་བའི་དབང་པོ་དཔལ་ཀརྨ་པ་རིམ་བྱོན་གྱིས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པའི་གནས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་འོག་མིན་ཐུགས་ཀྱི་གནས་མཆོག་མཚུར་མདོ་བོ་ལུང་གི་གཙུག་ལག་ཁང་གི་གཟིམ་དཀྱིལ་བཀྲིས་ཁང་གསར་དུ་འདུས་པ་ཀུན་གྱིས་མཎྜལ་རྟེན་གསུམ་བརྟན་བཞུགས་ཕུལ། དེ་ནས་ཟླ་༩ པའི་ནང་ལྷ་ལྡན་དུ་ཆིབས་ཞལ་བསྒྱུར་ཏེ། ༧ གོང་ས་སྐུ་ཕྲེང་བཅུ་གསུམ་པའི་མདུན་དུ་དབུ་སྐྲ་གཙུག་ཕུད་ཕུལ་སྐབས་༸ གོང་ས་ཆེན་པོས་འབྲལ་མེད་ཅོད་པན་དབུ་ལ་བཞེས་པའི་གཟིགས་སྣང་གསལ་བར་བྱུང་བ་མ་ཟད། དབུ་ཞྭ་གཏན་ནས་གསོལ་མེད་ནའང་། དེར་བཞུགས་བཀའ་བློན་ཁྲི་མོན་པས། དེ་རིང་མཆོག་སྤྲུལ་རིན་པོ་ཆེས་དབུ་ཞྭ་ཕུད་མ་སོང་ཞེས་ཡབ་རྗེ་ལ་གསུངས་པ་ནི། ཡེ་ཤེས་རང་སྣང་གི་ཅོད་པན་འབྲལ་མེད་དུ་བཞུགས་པའི་རྫུ་འཕྲུལ་མངོན་སུམ་དུ་བསྟན་པར་མཛད་ལ། ༸གོང་ས་ཆེན་པོས། རྒྱལ་བའི་དབང་པོ་ན་རིམ་གྱི་གསེར་ཁྲིར་མངའ་གསོལ་བའི་ཆེད་དུ། ཐུབ་བསྟན་རིག་གྲོལ་ཡེ་ཤེས་ཞེས་པའི་མཚན་དང་། ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་བུམ་བཟང་བཅས་གནང་། ཟླ་བ་༡༡ པའི་ནང་གདན་སར་སླར་ཕེབས། ཟླ་ཚེས་དགེ་བའི་ཉིན་མཚུར་མདོ་བོ་ལུང་གི་སྤྲུལ་པའི་གཙུག་ལག་ཁང་དུ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ་ཟབ་རྒྱས་ཞུས་ཤིང་། བྱམས་མགོན་ཏ་ཡི་སི་ཏུ་དང་། སྐྱབས་མགོན་འབྲུག་ཆེན་མི་ཕམ་ཆོས་ཀྱི་དབང་པོ། རྒྱལ་ཚབ་གྲགས་པ་རྒྱལ་མཚོ། དཔའ་བོ་གཙུག་ལག་སྨྲ་བ་སོགས་ཀྱིས་མངའ་དབང་ཤིས་བརྗོད་ཀྱི་མེ་ཏོག་འཐོར། དེ་ནས་བཟུང་ལོ་བཞིའི་རིང་། དགེ་བའི་བཤེས་གཉེན་ཆེན་པོ་འབོ་གངས་དཀར་རིན་པོ་ཆེའི་མདུན་ནས་ཐོས་བསམ་མཛད་པའི་ཚུལ་བསྟན། དེའི་སྐབས་སྔོན་གནས་རྗེས་དྲན་གྱི་སྐྱེས་རབས་ངོ་མཚར་དུ་མ་གོང་དཀར་རིན་པོ་ཆེར་བསྩལ། དེ་ནས་དགུང་གྲངས་༡༢ ཤིང་ཕག་ཟླ་༡༢ ཚེས་༣ ཉིན་སི་ཏུ་རིན་པོ་ཆེས་དབུས། སྐྱེས་ཆེན་དམ་པ་རྣམས་ལས་ཟབ་ཆོས་སྤྱི་དང་ལྷག་པར་ཐུན་མིན་ནཱ་རོ་ཆོས་དྲུག་དང་། ཕྱག་རྒྱ་ཆེན་པོ་སོགས་ཀྱི་གདམས་ངག་རྣམས་བུམ་པ་གོང་བྱོའི་ཚུལ་དུ་གསན་པའི་ཕྱིར། ཆིབས་ཞལ་མདོ་ཁམས་སུ་བསྒྱུར། ཚེས་བརྒྱད་ཉིན་ཡངས་པ་ཅན་སྤྱི་སོར་ཕེབས། སྔར་མེད་པའི་ཆུ་མིག་གསར་དུ་བྱུང་བ་དང་། རྟ་རྫིའི་ཆུ་ཚན་དུ་ཕེབས་པས། ནམ་ཟླ་དགུན་ཁ་ཡིན་ཀྱང་། སྦྲུལ་དུ་མ་ཞིག་འོང་སྟེ་མགུལ་དང་སྐུ་པང་དུ་སྐུ་རྩེད་རྩེ་བའི་ཚུལ་མཛད། ཚེས་༡༩ ཉིན་ཐང་ལྷའི་རི་ཞོལ་དུ་ཕེབས་ནས་རྟེན་མཁར་དུ་བྱོན་སྐབས། སྔོན་ཕུལ་བའི་གཡག་དཀར་དེ་ཐང་ལྷའི་རི་སུལ་ནས་བྱུང་སྟེ། ངར་སྒྲ་དང་བཅས་རྔ་མ་གཡབ་པ་སོགས་དགའ་བའི་རྣམ་འགྱུར་གྱིས་སྒར་གྱི་ཐད་དུ་བྱུང་ཞིང་། སླར་མི་མངོན་པར་གྱུར་པ་སོགས་ཀུན་གྱིས་མཐོང་བས་ཡ་མཚན་སྐྱེས། དེ་ནས་དབུ་མ་ཐང་དུ་རྫོགས་ཆེན་དཔོན་སློབ་མཆོག་ནས་ཕེབས་བསུ་དང་མཇལ་ཁ་གནང་། དགུང་གྲངས་༡༣ མེ་བྱི་ལོར། འབྲོང་པ་སྟོད་མའི་འབུམ་མཚོ་ཞེས་པ་ཕེབས། དེར་ཆུ་ཆུང་ངུ་ཞིག་ཡོད་པ་དགུན་གྱི་འཁྱག་པ་ཆགས་པའི་སྟེང་། སྐྱབས་རྗེ་མཆོག་ཕེབས་སྐབས་ཞབས་རྗེས་བཞག་གནང་བ། སླར་འཁྱག་པ་བཞུས་ནས་ཀྱང་། ཆུ་ཡི་སྟེང་དུ་ཞབས་རྗེས་གསལ་བར་མངོན་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་ཁྱད་པར་ཅན་སྟོན་པར་མཛད་དོ།།
དེ་ནས་ཁམས་ཕྱོགས་སུ་ཕེབས་པའི་ལམ་བར་དུ་ཧ་སག་མི་རིགས་ཀྱི་དམག་སླེབས་པ་ལ་སྡེ་དགེ་རྒྱལ་པོ་དང་། ནང་ཆེན་རྒྱལ་པོ་ལྷན་ནས་བརྟག་བབ་ཞུས་སྐབས། བསྟན་པ་སྤྱིའི་ཞབས་རིམ་དུ་དམག་ཟློག་ཏུ་གྲོ་ལོད་ཡས་ཟོར་གསུངས་ཤིང་། སྦྱིན་བསྲེག་གི་ཧོམ་གྱི་མེ་སྦར་སྐབས་མེ་དཔུང་ཆེན་པོ་ཞིག་ཤར་ཕྱོགས་སུ་ཉིན་ལམ་མང་པོར་འགྲོ་བ་ཀུན་གྱིས་མཐོང་། དེ་བཞིན་བླ་ཆེན་དགོན་ནས་རབ་གནས་ཀྱི་ཕྱག་ནས་ལས་རིང་འསྲེལ་འཁྲུངས་པ་དང་། རྟ་རྣ་དགོན་དུ་སྤྱན་གཟིགས་རྣ་བས་རྡོ་ལ་རྨིག་རྗེས་བཞག་པ། ནང་ཆེན་རྒྱལ་པོས་ཕེབས་བསུ་གནང་པ་དང་། དེའི་ལམ་བར་ནས་མཁྱེན་སྤྲུལ་རིན་པོ་ལས་ཡོན་དགེའི་དག་སྣང་པཀྵིའི་བླ་སྒྲུབ་ཇོ་ལུགས་སྒྲོལ་དཀར་གྱི་དབང་གསན། ཇ་པ་དགོན་ནས་སྤྱན་གཟིགས་རྟ་དམར་པོ་ཞིག་བཙན་རྒོད་ཕྱྭ་རྒྱལ་མེ་ཏྲི་ལ་ཕུལ་བས་མིས་ཁྲིད་པ་ལྟར་རི་རྩེར་སོང་ནས་བདག་ཏུ་བཟུང་ཚུལ་བྱུང་། དེ་ནས་གདན་ས་བར་མ་ཀརྨ་དགོན་དུ་ཕེབས་དུས། གོང་མ་རིམ་བྱོན་གྱི་ཀརྨའི་ཁྲི་དམར་སྟེང་བཞུགས་ཤིང་། བཀའ་བརྒྱུད་གསེར་ཕྲེང་གི་སྐུ་བརྙན་འགས་དབུ་ཞྭ་ཕུད་ཚུལ་སོགས་རྟགས་མཚན་བྱུང་། སྐབས་དེར་སི་ཏུ་རིན་པོ་ཆེའང་ཕེབས་བསུར་འབྱོར། དེ་ནས་ལྷ་ཐོག་བརྒྱུད་བཀའ་དགོན་གྱིས་གཙོས་པའི་དགོན་སྡེ་ཁག་ཏུ་ཕེབས་ཤིང་། རྩེ་སུམ་མདོར་ནས་སྡེ་དགེ་རྒྱལ་བློན་དང་མཇལ་འཕྲད་གནང་། དགུང་གྲངས་བཅུ་གསུམ་ནས་དཔལ་སྤུངས་སུ་མདོ་སྔགས་ཀྱི་གཞུང་ལུགས་ཁག་ལ་གསན་བསམ་རྒྱ་ཆེན་གནང་ཞིང་། བཅོ་ལྔའི་སྐབས་སི་ཏུ་རིན་པོ་ཆེས་མཁན་སློབ་སྦྲགས་མ་མཛད་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དཔལ་ལྡན་རང་བྱུང་རིག་པའི་ཡེ་ཤེས་ལུང་རྟོགས་ཆོས་ཀྱི་ཉི་མ་ཕྲིན་ལས་དོན་ཀུན་གྲུབ་པའི་སྡེ་ཞེས་མཚན་གསོལ།
ཚེས་ ༩ ཉིན་སྲོལ་གཉིས་ཀྱི་བྱང་སྡོམ་སྟབས་ཅིག་ཏུ་བཞེས། མཚན་བྱང་ཆུབ་སེམས་དཔའ་བློ་གྲོས་ཞི་བའི་སྙིང་པོ་གཞན་ཕན་ཆོས་ཀྱི་ཟླ་བ་ཞེས་གསོལ། དེ་བཞིན་བཀའ་བརྒྱུད་སྔགས་མཛོད་དང་། གདམས་ངག་མཛོད་བཅས་ཀྱི་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་བཅས་གནང་པ་དང་། དཔལ་དུས་ཀྱི་འཁོར་ལོ་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་གནང་ནས་དོན་བརྒྱུད་ཀྱི་བདག་པོར་གྱུར།
དེ་ནས་འབྲི་ཆུ་ནུབ་བརྒྱུད་ཀྱི་ལྷ་ཐོག་རྒྱལ་པོ་སྐུ་གཤེགས་སར་ཕེབས་པ་དང་། ལམ་བར་འཛི་སྒར་མཆོག་སྤྲུལ་ཡང་སྲིད་ངོས་འཛིན་མཛད་ཅིང་དགོན་སྡེ་ཁག་ཏུའང་ཕེབས་ནས་ཕྱིར་དཔལ་སྤུངས་སུ་ཆིབས་ཁ་བསྒྱུར། ༩་༣་ཉིན་ཡབ་སྲས་ལྷན་རྒྱས་ལི་ཐང་ཕྱོགས་སུ་ཕེབས་ཤིང་། ལམ་བར་དུ་མཁྱེན་བརྩེ་རིན་པོས་གཙོས་རྫོང་གསར་དགོན་པས་ཕེབས་བསུ་གནང་ཞིང་གདན་འདྲེན་ཞུས་ནས་དབུ་ཞྭ་བསྒྲོན་སྐབས་མཁྱེན་བརྩེ་རིན་པོས་དུས་གསུམ་མཁྱེན་པ་མངོན་སུམ་མཇལ་བ་དང་། དབུ་ཞྭ་ཡང་ཁྲུ་གང་ཙམ་སྟེང་དུ་འཕགས། དེ་ནས་ལི་ཐང་སྤངས་ཕུག་དགོན་ཕེབས་འབྱོར་བྱུང་སྐབས། དུས་གསུམ་མཁྱེན་པའི་འདྲ་བརྙན་གསུང་འབྱོན་མ་མཇལ་ཁར་ཕེབས་བར་དུ་ལྷ་ཁང་གི་ཀ་བ་གཡས་གཡོན་གཉིས་ཀྱི་ཀ་གདན་རྡོའི་ངོས་སུ་ཀརྨ་པ་མཆོག་དང་། སི་ཏུ་རིན་པོ་ཆེ་རྣམ་གཉིས་ཀྱིས་བཀའ་མོལ་གནང་ཞོར་ཞབས་རྗེས་བཞག ཡང་བར་ཁྱམས་སུའང་གཟིམ་ཁྱིའི་སྡེར་རྗེས་དང་། ཆིབས་ར་རུ་ཆིབས་པའི་རྨིག་རྗེས་བཅས་བྱོན་པས་མ་ཚད། སྐོར་ལམ་དུའང་ཡབ་སྲས་གཉིས་ཀྱི་ཞབས་རྗེས་རེ་རེ་བྱོན། མཚོ་སྐོར་ཕེབས་སྐབས་དུང་རྒྱ་གླིང་གསུམ་གྲགས་པ་དང་ཞབས་རྗེས་མང་པོ་བཞག ལྕགས་ཕུ་ཞེས་པའི་ཡུལ་ཚོ་གཉིས་ནང་ཁུལ་དམེ་འཁྲུགས་བྱས་ནས་མི་གྲངས་ ༨༤ ཙམ་གསོད་རེས་བྱེད་ཀྱིན་པར་བཀའ་སློབ་གནང་ནས་བདེ་བར་བྱས། དུས་མཁྱེན་གསུང་འབྱོན་མའི་ལྷ་ཁང་དུ་མཆོང་རྒྱུགས་མཛད་ཚུལ་བསྟན་པས་ཞབས་རྗེས་བདུན་བྱོན།
ཟླ་བ་ ༣་ཚེས་༡༢ ཉིན་ཕྱིར་དཔལ་སྤུངས་དུ་ཕེབས་ཁར། རྒྱ་ནག་ཏུ་ཕེབས་དགོས་ཚུལ་གྱིས་གསེར་ཡིག་འབྱོར་ཀྱང་ཆབ་སྲིད་ཀྱི་ལག་ཆ་ཙམ་ལས་ཆོས་ཀྱི་དད་འདུན་གྱིས་མིན་པ་དགོངས་ནས་ཞལ་བཞེས་མ་གནང་། ༥་༦ ཉིན་དཔལ་སྤུངས་འཁོད་ནས་སྒྲུབ་ཐབས་ཀུན་བཏུས་གསན་བཞེས་དང་། མཁྱེན་སྤྲུལ་མདུན་ནས་ཕྱག་དཔེ་སྦྱོང་། ༩་༡༥ ཉིན་མཚུར་ཕུར་ཆིབས་ཁ་བསྒྱུར། སི་ཏུ་རིན་པོ་དང་མཁྱེན་སྤྲུལ་གཉིས་ཀྱིས་ཕེབས་སྐྱེལ་སྐབས་ཡབ་སྲས་འབྲལ་མི་ཕོད་པའི་ཚུལ་གྱིས་སྤྱན་ཆབ་བསིལ། དེ་ནས་ཕེབས་ལམ་དུ་འཁྲུངས་གཞིས་སུ་ཕེབས་ནས་ཡབ་ཡུམ་ལྷན་རྒྱས་མཇལ། དེ་ནས་ཡར་གདན་ས་ཡར་ཕེབས་ལམ་ནས་མ་ཡུམ་འདས་གྲོངས་ཕྱིན་ཏེ་ཐུགས་འཕྲེང་པའི་ངང་འཕོ་བ་སོགས་གནང་། ༩་༡༠ ཉིན་གདན་སར་འབྱོར། ༡༠་༡༥ ཉིན་ལྷན་ལྡན་དུ་༸གོང་ས་བཅུ་བཞི་པ་ཆེན་པོ་ཐོག་མ་མཇལ་ཞིང་། གདན་ས་ནས་མི་མིན་གྱིས་ཕུལ་བའི་གསེར་དངུལ་སོགས་ཀྱིས་རྟེན་ཁྱད་པར་ཅན་དེ་འདྲ་བཞེངས།
ཤིང་སྤྲེལ་ཟླ་བ་ ༢ ཚེས་ ༤ ནས་ལྷོ་གནས་དང་། བསམ་ཡས། ཟངས་རི་ཁ་དམར། རས་ཆུང་ཕུག་ལྷོ་བྲག་ལྷ་ཁང་། སྲས་མཁར་དགུ་ཐོག་སོགས་སུ་གནས་མཇལ་ཕེབས་ནས་མཆོད་འབུལ་རྒྱ་ཆེན་གནང་ཞིང་། མར་མི་དྭགས་གསུམ་སོགས་ཀྱིས་ཞལ་གཟིགས་ལུང་བསྟན་ཐོབ། དེ་ནས་འབྲུག་རྒྱལ་པོ་འཇིགས་མེད་དབང་ཕྱུག་གིས་གདན་ཞུ་ལྟར་མོན་བརྒྱུད་འབྲུག་ཏུ་ཕེབས། འབྲུག་རྒྱལ་ཡབ་སྲས་ཀྱིས་ཕེབས་བསུ་བཅར་ཞིང་། རྒྱལ་ཡུམ་དང་བཙུན་མོ་ལྷན་རྒྱས་ཀྱིས་རིམ་པར་གདན་ཞུས་གནང་བ་ལྟར་ཕེབས་ནས་རྒྱལ་བློན་བཙུན་འབངས་ཡོངས་ལ་སྨིན་གྲོལ་གྱིས་ཆོས་འཁོར་བསྐོར། ༥་༡༥ ཉིན་བོད་དུ་ཆིམས་ཁ་བསྒྱུར་ནས་ ༦་༡༥ ཉིན་གདན་སར་འབྱོར། ༩་༡༡་ཉིན་སི་ཏུ་རིན་པོ་ཆེ་གདན་སར་ཕེབས་འབྱོར་བྱུང་ནས་རྒྱ་ཆེན་བཀའ་མཛོད་སོགས་གཞེས་པ་དང་། ཚེས་༡༥ ཉིན་སི་ཏུ་པདྨ་དབང་མཆོག་མདུན་ནས་དགེ་སློང་གི་སྡོམ་པ་བཞེས། དེ་ནས་སི་ཏུ་རིན་པོ་ཁམས་སུ་ཕེབས་རྗེས་ཟླ་བ་ ༤་༡༥ ཉིན་གངས་ཏི་སེ་བརྒྱུད་རྒྱ་གར་དུ་གནས་གཟིགས་ཕེབས་ནས། ༡༡་༡ ཉིན་བལ་ཡུལ་སྤོག་རར་ཞབས་སོར་འཁོད། དེ་ནས་རྟེན་གྲི་ཧོར་ཤན་པའི་རུག་རལ་འབར་བ་བོར་བརླག་ཤོར། དེ་རྗེས་བལ་ཡུལ་མཆོད་རྟེན་རྣམ་དང་། ལུམ་བྷི་ནི། ཡང་ལེ་ཤོད་སོགས་སུ་གནས་གཟིགས་ཕེབས་པ་དང་། རྒྱ་གར་གྱི་གནས་ཝ་ར་ཎྭ་སིར་དང་། རྡོ་རྗེ་གདན། དུར་ཁྲོད་བསིལ་བའི་ཚལ་སོགས་སུ་ཕེབས་ནས་མཆོད་འབུལ་རྒྱ་ཆེན་གནང་།
དེ་ནས་ས་བྱི་ཟླ་བ་དང་པོའི་ཚེས་༣ ཉིན་འབྲས་ལྗོངས་ཀྱི་བཀའ་དགོན་ཁག་ནས་གདན་ཞུས་ལྟར་ཕེབས་དུས། འབྲས་ལྗོངས་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་དང་མཇལ་འཕྲད་གནང་ཞིང་། རྒྱལ་བློན་གྱིས་གཙོས་དད་ལྡན་མང་ཚོགས་ལ་བཀའ་དབང་གནང་སྟེ། སླར་རྡོར་གདན་དང་མཚོ་པདྨ་སོགས་སུ་གནས་གཟིགས་ཕེབས། དེ་རྗེས་ཁུ་ནུ་བརྒྱུད་ཕྱིར་བོད་ལ་ཕེབས་ཤིང་། ༡༡་༡༧ ཉིན་གདན་སར་ཕྱག་ཕེབས། ས་གླང་ལོར་འཇམ་མགོན་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་མཚུར་ཕུར་ཕེབས་སྐབས་རིན་ཆེན་གཏེར་མཛོད་གནང་བསྐུལ་ཞུས་པ་ལྟར་༦་༢༧ ནས་ལྕགས་སྟག་༦་༢༤ བར་གསན་བཞེས་གནང་། ༧་༨ ཉིན་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཤིང་འབུལ་བ་རྒྱ་ཆེན་ཕུལ། ཆུ་སྦྲུལ་༤་༢༨ ཉིན་༸གོང་ས་མཆོག་གི་མདུན་ནས་འཇིགས་བྱེད་དབང་ཆེན་གསན་བཞེས་ཕེབས་པ་དང་ཟླ་བ་རྒྱུད་པའི་ནང་ཞུས། ཇོ་ཤག་རྣམ་གསུམ་སོགས་ལ་མཆོད་འབུལ་རྒྱ་ཆེན་གནང་། སྐབས་འདིར་འཇམ་མགོན་རིན་པོ་ཆེ་སྐུ་གཤེགས་པ་གསན་པས་ཐུགས་ཧ་འཕྲེང་པའི་རྣམ་པ་མཛད་ཅིང་དགོངས་རྫོགས་མཆོད་འབུལ་རྒྱ་ཆེན་གནང་། ཤིང་རྟ་ལོར་ཀོང་སྤྲུལ་རིན་པོའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གནང་།
སྐབས་འདིར་༸གོང་ས་མཆོག་གིས་དབུས་བོད་ཀྱི་བླ་ཆེན་ཁག་རྒྱ་ནག་གིས་གདན་ཞུར་འབྱོར་བ་ལྟར་དར་མདོ་བརྒྱུད་རྒྱ་ནག་ཏུ་ཕེབས་ལམ་ནས་སི་ཏུ་རིན་པོའི་ཡང་སྲིད་བརྩད་གཅོང་གནང་། རྒྱ་ནག་ཏུ་ཕེབས་བསུ་ཟབ་རྒྱས་ཞུས་ཤིང་། རྒྱ་མི་དྲུང་ཡིག་ཅིག་གིས་གཟིམ་ཆུང་ནས་རིན་པོ་ཆེའི་སྐུ་གཟུགས་མ་མཇལ་བ་ཉི་འོད་ཕོག་པ་ཞིག་མཇལ་བ་སོགས་ཡ་མཚན་པའི་མཛད་པ་མང་པོ་བསྟན་ནས་དམར་པོའི་ལྟ་བ་ཅན་ཚོའང་ནང་ཆོས་ལ་དད་མཁན་གྱུར། འབོ་གངས་དཀར་རིན་པོས་ཆོས་ཀྱི་བགྲོ་གླེང་མང་པོ་གནང་ནས་རྒྱུན་དུ་སྐུ་བཅར་དུ་བཞུགས་པ་དང་། སི་ཏུ་རིན་པོའི་ཡང་སྲིད་ངོས་འཛིན་གྱི་དཔེ་བྲིས་བཅས་བསྩལ་ནས་དཔལ་སྤུངས་བཏང་། ཟླ་བ་ ༡༢་༢༩ ཉིན་དར་མདོ་ཕེབས་ཤིང་དེ་ནས་མི་ཉག བྲག་མགོ དཀར་མཛེས། སྡེ་དགེ་སོགས་བརྒྱུད་ཕེབས་ལམ་ནས་བསྟན་འགྲོ་སྨིན་པའི་མཛད་པ་རྒྱ་ཆེན་བསྐྱངས། དཔལ་སྤུངས་སུ་འབྱོར་དུས་སི་ཏུ་རིན་པོའི་ཡང་སྲིད་བརྩད་ཆོད་མེད་སྟབས་བཀའ་བཀྱོན་དྲག་པོ་གནང་ཞིང་མགོན་སྒྲུབ་ཉིན་བདུན་རིང་གནང་ནས་ཁ་གསལ་ལུང་བསྟན་གནང་སྟེ། ཡང་སྲིད་བརྩད་ཆོད་པ་བྱས་ཤིང་། གཙུག་ཕུད་བཞེས་ཏེ་གསེར་ཁྲིར་མངའ་གསོལ་ཞུས། སྐབས་འདིར་སྡེ་དགེ་རྒྱལ་པོས་གཙོས་མདོ་སྨད་ཕྱོགས་ཀྱི་བླ་སྤྲུལ་མི་ཆེན་མང་ཤོས་མཇལ་ཁ་བྱུང་བས། བསྟན་སྲིད་བདེ་བའི་ཐབས་བྱུས་སྐོར་ནས་བཀའ་གྲོས་མང་པོ་གནང་། དེར་འདུས་ཀྱི་དགེ་འདུན་པ་སུམ་བརྒྱ་ལྷག་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང་པ་དང་། ༥་༡༤ ཉིན་ལྷ་ལྡན་དུ་ཆིབས་ཁ་བསྒྱུར། ༩་༢༩ ནས་རྒྱ་གར་དུ་སླར་ཡང་གནས་གཟིགས་ཕེབས་རྒྱུ་གནང་སྟེ་འབྲས་ལྗོངས་བརྒྱུད་བྱ་རྒོད་སྤུངས་རི། རྡོ་རྗེ་གདན། ཝ་ར་ཎ་སི་སོགས་ལ་ཆོས་མཇལ་གནང་ཞིང་། བལ་ཡུལ་དུ་ཕེབས་རྗེས་སླར་ཡང་རྒྱ་གར་ཨ་ལོ་ར། ཨ་ཇན་ཏ་སོགས་སུ་གནས་གཟིགས་ཕེབས་གྲུབ་རྗེས། འབྲས་ལྗོངས་རྒྱལ་པོས་གདན་ཞུས་ལྟར་ཕེབས་ནས་ཕྱིར་མཚུར་ཕུར་ཕེབས། དེ་ནས་མྱོང་གྲོལ་རིལ་ནག་རིན་པོ་ཆེ་བསྒྲིལ་གནང་མཛད་པ་དང་། རྒྱབ་ཚབ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ནས་ཁྲི་འདོན་མངའ་གསོལ་མཛད། ས་ཁྱི་ལོར་ཞེ་ཆེན་ཀོང་སྤྲུལ་མཛོད་བདུན་གསན། འདི་སྐབས་དུས་འགྱུར་ཆེ་བས་སི་ཏུ་སྟོན་འཁོར་རྣམས་མཚུར་ཕུར་འབྱོར་བ་དང་། དིལ་མགོ་མཁྱེན་བརྩེ་དང་ཁྲ་ལེགས་སྤྲུལ། མཉན་པོ་རིན་པོ་སོགས་ལ་བསྙེན་བཀུར་ཟབ་མོ་བསྐྱངས། ས་ཕག་ལོ་༢་༤ ཉིན་བླ་གྲྭ་དྲུག་ཅུ་ཙམ་དང་བཅས་འབྲུག་བོད་ས་མཚམས་བརྒལ་ཏེ་རྒྱ་གར་ཕྱོགས་སུ་ཕེབས། འབྲུག་རྒྱལ་པོ་བརྒྱུད་རྒྱ་གར་གཞུང་ལ་ཞུས་དོན་ལྟར་རྡ་རམ་སར་བཞུགས་གནས་གཏན་ཁེལ་མཛད། དེ་རྗེས་འབྲས་ལྗོངས་རྒྱལ་པོའི་གདན་ཞུས་ལྟར་དེར་ཕེབས་ནས་རྒྱལ་བ་ཀརྨ་པ་མཆོག་གིས། རང་རེ་རྣམས་འོག་མིན་ཐུགས་ཀྱི་འཁོར་ལོ་དཔལ་གྱི་སྟོད་ལུང་མཚུར་ཕུ་གཙོས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་དེ་ཉིད་ཡོངས་སུ་བོར་ནས་གཞན་ཡུལ་དུ་བཙན་བྱོལ་འབྱོར་བ་འདི། རང་མགོ་གང་ཐོན་དང་། ཚེ་འདིའི་བདེ་སྐྱིད་དོན་གཉེར་ཙམ་དང་། གཡུལ་འཁྲུགས་ཀྱི་སྲོག་ཉེན་ཙམ་ལ་བརྟེན་ནས་བཙན་གཡོལ་མ་ཡིན་པར་བསྟན་པའི་རྩ་བ་བརླག་ཤོར་བ་དེ་ཉིད་ཀྱི་མེ་རོ་སླར་གསོ་གང་ཐུབ་དགོས་པ་ལས་གུ་ཡངས་སོལ་དལ་དུ་བསྡད་ཐབས་བྲལ་བས། བསྟན་པའི་མེ་རོ་སླར་གསོའི་གཞིའམ།་རྩ་བ་འཛུགས་བསྐྲུན་བྱ་ཡུལ། རྟེན་འབྲེལ་དང་དགོས་པ་ཁྱད་པར་ཅན་གྱི་དབང་གིས་སྔོན་རྒྱལ་མཆོག་དགུ་པས་ཕྱག་བཏབ་གནང་པའི་ས་གནས་རུམ་བཏེགས་དགོན་དུ་རེ་ཞིག་བཞུགས་གནས་སྟབས་བདེར་གནང་ཆོག་པར་གསུངས་ཏེ་༥་༥ རུམ་བཏེགས་དགོན་དུ་ཞབས་སོར་འཁོད། དེར་རང་ལུགས་ཀྱིས་འདོན་ཕྱག་ལེན་ཚང་མ་ཚག་ཚུད་པར་མཛད་ནས་འགྲོ་དགོན་རླབས་ཆེན་མཛད། ཤིང་འབྲུག་ལོར་ཞྭ་དམར་སྤྲུལ་པའི་ཡང་སྲིད་ངོས་འཛིན་དང་ཁྲི་གསོལ་གནང་། དེ་བཞིན་སྐྱབས་མགོན་འབྲུག་ཆེན། བདེ་ཆེན་ཆོས་དགོན་ཡོངས་འཛིན། འཛི་སྒར་མཆོག་སྤྲུལ། སངས་རྒྱས་མཉན་པའི་ཡང་སྲིད་བཅས་ངོས་འཛིན་གནང་། རུམ་བཏེག་ཏུ་བཤད་གྲུབ་ཀྱི་ཆོས་གྲྭ་ཆེན་པོ་བཙུགས་ཤིང་། སྐུ་གསུང་ཐུགས་རྟེན་བྱིན་ཅན་དེ་འདྲ་མང་པོ་བཞེངས། དེས་མ་ཚད་རྒྱ་གར་གྱི་ས་ཆ་གཞན་ལ་དྭགས་དང་། རྡོ་རྗེ་གླིང་། རྡ་རམ་ས། དང་། འབྲས་ལྗོངས། འབྲུག བལ་ཡུལ་སོགས་ལ་མཆོད་ཡོན་གྱི་འབྲེལ་བ་དམ་ཟབ་གནང་ནས་བཤད་སྒྲུབ་ཀྱི་སྡེ་མང་པོ་བཙུགས། འབྲས་ལྗོངས་ཀྱིས་གཙོས་ཕྱི་བ་སེམས་ཅན་དམར་གསོད་བྱེད་ཀྱིན་པ་སོགས་ལ་ནང་ཆོས་ངོ་སྤྲད་ནས་མི་འཇིགས་པ་སྲོག་གི་སྦྱིན་པ་མང་པོ་གནང་པ་དང་། འཁྲུལ་བྲལ་སྤྲུལ་པའི་སྐུ་མང་པོ་ངོས་འཛིན་པ། འདུས་ཚོགས་མང་པོ་ལ་དམ་སྡོམ་གྱི་བྱིན་རླབས་གནང་པ་སོགས་ཀྱི་འགྲོ་དཔག་མེད་གནང་།
དེ་ནས་གཏེར་ཆེན་མཆོག་གྱུར་གླིང་པའི་ལུང་བསྟན་ལྟར་རྒྱལ་བསྟན་ནུབ་ཕྱོགས་སུ་སྤེལ་བའི་ཆེད་ཆུ་གླང་༧་༢༥ ཉིན་ནུབ་ཕྱོགས་ཡོ་རོབ་དང་། ཨ་རིའི་ཕྱོགས་སུ་བསྒྱུར་ཞིང་། ལོན་ཌོན་དུ་དྲུང་པ་རིན་པོ་ཆེས་གསར་འཛུགས་གནང་པའི་དྷརྨ་དྷ་ཏུའི་ཆོས་ཚོགས་ཕེབས་ནས་དབུ་ཞྭ་རིན་པོ་ཆེ་བསྒྲོན་པ་དང་། ཆོས་ཚོགས་མང་པོའི་ནང་ཆོས་འཁོར་རིམ་པ་བསྐོར། དེ་བཞིན་སྔ་ཕྱི་ནོར་ཝེ། སུད་ཌན། ཌེ་མག ཧོ་ལན་ཌི། སྦེལ་ཇམ། ཨེ་ཏྲ་ལི། ཕྷ་རན་སི། སུད་སི་སོགས་སུ་ཕེབས་ནས་བསྟན་འགྲོར་སྨིན་པའི་མཛད་པ་རླབས་ཆེན་བསྐྱངས། ཡེ་ཤུའི་བླ་ཆེན་སྤོག་གིས་གཙོས་རྒྱལ་ཕྱི་ནང་གི་མི་སྣ་གལ་ཆེན་མང་པོ་ཞིག་དང་མཇལ་འཕྲད་མཛད། མདོར་ན་ཁོང་གི་སྐུ་ཚེ་གང་པོ་བསྟན་དང་འགྲོ་བའི་དོན་འབའ་ཞིག་གི་ཆེད་དུ་གནང་པ་དང་། ཕྱི་རབས་གདུལ་བྱའི་དོན་དུའང་ཚོགས་གཉིས་གསོག་པའི་རྟེན་རྩ་ཁྱད་འཕགས་མང་པོ་བཞེངས་པ་སོགས་གནང་། འོན་ཀྱང་དགོངས་པ་སངས་རྒྱས་ཀུན་དང་མཉམ་ནའང་གཟུགས་སྐུ་མི་ཡི་རྣམ་པར་རོལ་ཡོད་དུས་ཕྱི་ལོ་༡༩༨༡ ལོར་ཨ་རིའི་ཆི་ཀ་གྷོ་རུ་གདུལ་བྱ་རྟག་འཛིན་ཅན་རྣམ་གྱི་ངོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན། སྐུ་མྱ་ངན་ལས་འདས་རྗེས་ཉིན་གསུམ་རིང་ཐུགས་དམ་གཡོ་བར་མེད་པ་བཞུགས་ཤིང་། སྐུ་གདུང་ཞུགས་འབུལ་གནང་སྐབས་ཐུགས་མེ་རུ་མ་འཚིག་པ་ད་ལྟ་རུམ་གཏེག་ཏུ་སྐུ་གདུང་མཆོད་རྟེན་གྱི་ནང་རྟེན་གཙོ་བོར་གཞུགས་སུ་གསོལ་ཡོད་པ་བཅས་ཀྱི་རྣམ་ཐར་སྙིང་བསྡུས་སུ་༢༠༡༣་༢་༧ ཉིན།
2 Responses
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
- ༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་མཛད་རྣམ།
- འཛི་སྒར་བླ་མ་དབང་རྡོར་རིན་པོ་ཆེའི་རྣམ་ཐར།
- མཁན་ཆེན་རྣམ་གྲོལ་རིན་པོ་ཆེ་མཆོག་གི་མཛད་རྣམ།
- མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གི་མཛད་རྣམ།
རྣམ་དག་དད་པའི་ས་བོན་འཇོག་པའི་གཞི། རྣམ་ཀུན་བླ་མའི་རྣམ་པ་ཐར་པ་འདི།
རྣམ་མང་འགྲོ་ལ་སྒྲོགས་དང་བསྟན་པ་ན། རྣམ་མཁྱེན་རྒྱལ་བའི་དངོས་རྒྱུ་བླ་ན་མེད།
ཀརྨ་པ་སྐུ་མྱ་ངན་ལས་འདས་པའི་ཉིན་ཕྱི་ཚེས་དང་བོད་ཚེས་གསལ་པོ་མི་འདུག