English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

རྒྱ་སུག་བསྟན་རྒྱལ་གྱིས་དགྲ་འཐབ་བྱས་པའི་ལོ་རྒྱུས།

འདོན་སྤེལ། 2013/01/18 6:19 PM རྩོམ་པ་པོ། རྩོམ་སྒྲིག་པ།

 

image001

༈རྒྱ་སུག་བསྟན་རྒྱལ་ལགས་ནི་ཕྱི་ལོ་༡༩༣༦ལོར་སྡེ་དགེ་ལྕང་ར་ནང་རྒྱ་སུག་ཚང་གི་ཁྱིམ་དུ་སྐྱེས།ཁོང་གི་ལོ་རྟ་སྦྲུལ་དང་།༢༠༡༢ལོར་ཕོ་ལོ་༧༦ཡིན།ཁོང་ལ་སྤུན་མཆེད་ལྔ་ཡོད་པ་དང་།ཆུང་དུས་ནས་མདའ་རྩེད་རྩེ་རྒྱུར་དགའ་ཞིང་།ཕྱིས་སུ་དགྲ་དང་འཛིང་དུས་ཀྱང་མདའ་གཟེར་བའི་ཚད་ཅིག་གྱུར།རྒྱ་དམག་གིས་བཙན་འཛུལ་བྱེད་བཞིན་པའི་སྐབས་འབའ་ཆུང་དཔོན་གྱི་མཉམ་དུ་ལྷ་སར་སོང་སྟེ།གསེར་ཁྲི་འཛམ་གླིང་རྒྱན་གཅིག་དང་།གསེར་སྐོང་།དེ་བཞིན་ལམ་རིམ་ཆེན་མོ་དང་དུས་དབང་གི་སྦྱིན་བདག་གྲས་ཡིན།དེ་ནས་ལྕགས་ཚ་གྲི་གུ་ཐང་གི་ཆུ་སྒང་དམག་གི་སྒྲིག་ཁོངས་སུ་ཞུགས་ཏེ།བཙན་དོང་དང་།བརྒྱ་བྱིན།ཀོང་པོ།གཡག་ར་འཕྲང་སོགས་ནས་རྒྱ་དམག་དང་འཐབ་འཛིང་དྲག་པོ་བྱས་ཏེ་རྒྱ་གར་དུ་བྲོས་བྱོལ་ཡོང་།དེ་ནས་ཚོང་གཉེར་བྱས་ཏེ་འཚོ་ཐབས་བྱས་ཤིང་།རྗེས་སུ་བལ་ཡུལ་དུ་བརྟན་སྡོད་བྱེད་མུས་ཐོགལོ་མང་སྔོན་ནས་༸སྐྱབས་རྗེ་༸གྲུབ་དབང་པད་ནོར་རིན་པོ་ཆེ་དང་།༸སྐྱབས་རྗེ་གདུང་སྲས་ཕྲིན་ལས་ནོར་བུ།༸སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ།༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་སོགས་རྩ་བའི་བླ་མར་བསྟེན་ནས་ཆོས་སྒྲུབ་ཀྱིན་ཡོད་འདུག

༈ཁོང་གིས་བོད་མི་རིགས་དང་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་གིས་དགྲ་བོ་རྒྱ་དམར་དང་འཐབ་འཛིང་བྱས་པའི་སྐོར་ནས་གསུངས་དོན།

ལྔ་བཅུ་ང་གྲངས་ནང་ཁོ་བོ་རྩིས་པའི་མི་སུམ་ཅུ་ཙམ་འབའ་ཆུང་དཔོན་གྱི་ལྷན་དུ་ལྷ་ས་ལ་སླེབས།དེ་ནས་ཆུ་བཞི་སྒང་དྲུག་ལྷན་གསེར་ཁྲི་དང་ཇོ་བོའི་མདུན་གྱི་གསེར་སྐོང་།ལམ་རིམ་ཆེན་མོ།དུས་དབང་སོགས་ཀྱི་སྦྱིན་བདག་བྱས།དེ་ནས་ལྕགས་ཚ་གྲི་གུ་ཐང་དུ་སོང་།ང་ཚོའི་མེ་མདའ་དང་མདེའུ་ནི་སོ་སོ་མཁོ་སྒྲུབ་བྱས་པ་རེད།ངའི་མདའ་ད་དུང་རྫོགས་མེད།

༡༽བཙན་དོང་དུ་འཐབ་འཛིང་།ལྕགས་ཙ་གྲི་གུ་གང་གི་ཆུ་སྒང་དམག་སྒར་ལྟེ་བ་ནས་ལྷོ་ཁའི་བཙན་གདོང་དམག་སྒར་གཏོར་བའི་ཆེད་དུ།སྡེ་དགེའི་ཕྱོགས་ནས་འབའ་ཆུང་དཔོན་གྱི་ཕྱོགས་གཏོགས་ནས་མདའ་བུ་ཚེ་དཔག་རྒྱལ་མཚན་ཁོང་རྒྱ་དཔོན་ཡིན།གནས་ར་དགེ་ལེགས།ཕུ་མ་རི་རྣམ།ཁ་པིས་ཨ་འཇམ།སྤང་ཁ་མགོན་པོ།སྐམ་ཐོག་པ་ས་ཚང་དཀྲུས་ལྷ།བླ་མ་ཆོས་གྲགས་རྒྱ་མཚོ།ཁོང་གི་སྤུན་ཁྱི་ཚེ་བསྟན་འཛིན་སོགས་མི་༡༠༠ལྷག་ཙམ་ཡོད།དམག་སྒར་འདི་ནི་དམག་སྒར་ཆེ་བའི་གྲས་ཤིག་ཡིན་ལ།ཉི་མ་གསུམ་བཞི་ཙམ་གྱི་རིང་འཐབ་འཛིང་དྲག་པོ་བྱས།རྒྱ་དམག་གིས་ས་དོང་ཆེན་པོ་དྲུས་ནས་སྡོད་འདུག་པས།ང་ཚོའི་ཨ་འཇམ་གྱི་ཐོད་དཀྱིལ་དུ་མདའ་ཕོག་སྟེ་རིལ་ནས་གྲོངས་སོང་།དཀྲུས་ལྷ་ལ་མེ་མདའ་ཕོག་ནས་རྨས་བྱུང་།ང་དེའི་སྐབས་རྒྱ་དཔོན་དང་ལུས་རྩེད་རྒན་ཡིན་ལ།ངའི་མགོ་ལའང་མདེའུ་ཞིག་ཁེལ་བྱུང་ལ་ཚ་ཤར་བྱས་སོང་པས།ལག་པ་འཆང་ནས་ཐུག་དུས་སྐྲ་བྱི་བ་ཙམ་ལས་མཚོན་སོང་མི་འདུག(སྐབས་འདིར་ཁོང་གིས་གཞོག་གཡས་པའི་ཕྱོགས་ཀྱི་མགོ་ལ་ལག་པས་བརྡ་སྟོན་གྱིན་འདུག)སྐབས་དེར་རྒྱ་དམག་༢༠༠ཡན་མན་བསད་པ་རེད།

༢༽བརྒྱ་བྱིན་ཞེས་པའི་ས་ཆ་རུ་འཐབ་འཛིང་།དེ་ནས་ཆུ་སྒང་དམག་སྤྱི་ཨ་འབྲུག་མགོན་པོ་སོགས་གོ་མཚོན་ལེན་མཁན་བྱང་གནམ་མཚོ་ཁར་སོང་ནས་ཚུར་ཕེབས་རྒྱུ་ལ་རྒྱ་དམག་གིས་ལམ་ཁ་བཀག་སྟེ་དཀའ་ངལ་སྤྲོད་ཀྱིན་ཡོད་པས།ང་ཚོ་ཀོང་པོ་སོང་ནས་རྒྱ་དམག་བཀག་སྟེ་གོ་མཚོན་ཚུར་ཁྱེར་ཡོང་རྒྱུ་ལ་ལམ་ཁ་བཟོ་མཁན་ཕྱིན་པ་རེད།དེའི་སྐབས་ཨ་མདོ་དང་སྡེ་དགེའི་དམག་དཔུང་ཚོ་གཉིས་ཡོད།འོན་ཀྱང་ཨ་མདོའི་དམག་གིས་མི་མང་ལ་བརྡབ་གསིག་མང་པོ་གཏོང་པ་རེད།ལམ་བར་ནས་བརྒྱ་བྱིན་ཟེར་བའི་ས་ཆ་དེར་རྒྱའི་དམག་སྒར་ཆུང་ཆུང་ཞིག་ཡོད་པ་དང་ཉིན་གཅིག་རིང་འཛིངས་ནས་རྒྱ་དམག་མང་པོ་ཞིག་བསད་ཡིན།རྒྱ་མི་ཚོས་སྦིར་རིང་གིས་བཙག་གིན་འདུག་པས།སྡེ་དགེའི་དམག་མི་ཞིག་རྨས་སོང་།སྐབས་དེར་འབའ་ཆུང་དཔོན་གྱིས་ང་ལ་སུ་རེད་འདུག་ལྟོས་དང་ཟེར།ངས་ཕར་སོང་ནས་བལྟས་དུས་རྨས་མ་དེས།ངའི་མགོ་ལ་མེ་མདའ་རྒྱབ་ཡོང་རེད་ད།ཡིན་ནའང་ང་སྐྱོན་མི་འདུག་ཟེར།དེ་ནས་ང་ཚོ་ཀོང་པོར་སོང་།

༣༽ཀོང་པོའི་གཙང་པོ་ཁ་ནས་འཐབ་འཛིང་།

ཀོང་པོ་འབྱོར་དུས་ང་ཚོའི་དམག་སྒར་དེ་ཀོང་པོ་བ་དཀར་ཚང་གི་ཁྱིམ་དུ་བསྡད།ཉི་ཁྲི་ཨ་དར་ལྷ་དབང་གིས་ཁོང་ཡང་ང་ཚོའི་ཕྱོགས་སུ་ཡོང་གི་ཡིན་ཟེར་བས།འབའ་ཆུང་དཔོན་གྱིས་ང་ཚོ་མི་བཅུ་ཙམ་ལེན་མི་གཏོང་སོང་།དེ་ནས་ང་ཚོས་ཀོང་པོའི་ཕྱོགས་ཀྱི་ས་བསྲུངས་ཏེ་བསྡད་ཡིན།ཉིན་ཞིག་ཆུ་སྒང་དམག་སྒར་ལྟེ་བ་ནས་ང་ཚོ་ལ་བང་ཆེན་འབྱོར་སོང་།རྒྱལ་བ་རིན་པོ་རྒྱ་གར་ཕེབས་འབྱོར་ཟིན་སོང་།ཨ་འབྲུག་སྦྱིན་བདག་ཀྱང་རྒྱ་གར་འབྱོར་ཚར་འདུགད་ཁྱེད་རང་ཚོ་རྒྱ་གར་དུ་སླེབས་ཐབས་གྱིས་ཞེས་ཆ་བསྐུར་འདུགདེ་ནས་ང་ཚོས་རྒྱ་གར་ལ་ཡར་འགྲོ་བའི་གྲ་སྒྲིག་བྱས་ཡིན།ང་ཚོའི་མི་ཆེ་བ་ཚོས་ཀོང་པོའི་མི་སེར་རྣམས་ཡར་ཁྲིད་ཐབས་བྱེད་དགོས་ཞེས་གསུངས་ཏེ་ཀོང་པོའི་གཙང་པོ་ནས་གྲུ་བརྒྱབ་སྟེ་འགྲོ་འཆར་བྱས་མོད།ཀོང་པོ་བ་འགས་རྒྱ་སླེབས་སོང་ཟེར་ནས་བརྡ་འབྱོར་བྱུང་།མི་འགའ་རེས་ཕར་མི་འཛིངས་ད་ང་ཚོ་ཡར་ཕྱིན་ན་བཟང་ཟེར་མོད།འབའ་ཆུང་དཔོན་གྱིས་ང་ཚོ་རྒྱ་ལ་འཛིང་མི་རེད།ད་རྒྱ་སླེབས་དུས་འཛིང་དགོས་རེད་ཟེར་ནས་རི་ལ་སོང་ཟིན་པའི་དམག་མི་རྣམས་རུབ་སོང་།ང་ཚོ་སྐྱ་མི་བཅོ་ལྔ་ཙམ་ཡོད་པ་རྣམས་སྡེ་ཚན་གསུམ་དུ་དམག་བགོས་བྱས་སོང་།འཐབ་སར་སླེབས་པ་དང་ཀི་གསུམ་བརྒྱབ་ནས་འཛིང་རྒྱུའི་འཆར་གཞི་བཟོས་པ་རེད།དེ་ནས་ཕུ་མ་རི་རྣམ་དང་བླ་མ་ཆོས་གྲགས་རྒྱ་མཚོ་སོགས་རི་རྩ་ནས་ཕར་འགྲོ་རྒྱུ་བྱས་ཏེ་ཕྱིན།ང་དང་འབའ་ཆུང་དཔོན་སོགས་ཆུའི་དཀྱིལ་ནས་ཕར་སོང་།སྤང་ཁ་མགོན་པོ་དང་།གནས་ར་དགེ་ལེགས་སོགས་ཆུའི་རྩ་ནས་ཕར་སོང་པ་རེད།ཕུ་མ་རི་རྣམ་ཕྱོགས་ནས་ས་བཟུང་ཐུབ་མ་བྱུང་བས།འབའ་ཆུང་དཔོན་གྱིས་ཁོང་ཚོའི་ཕྱོགས་ཀྱི་རྒྱ་དཔོན་དེར་མེ་མདའ་བརྒྱབ་ནས་བསད་དེ་ཀི་གསུམ་བརྒྱབ་སོང་པས་སྤང་ཁ་མགོན་པོ་ཁོང་ཚོའང་ཡར་སླེབས་བྱུང་།དེ་ནས་རྒྱ་དང་ཐུག་སོང་པས།རྒྱ་དམག་སྟོང་ཕྲག་མང་པོ་འདུགདམག་སྒར་ལྟེ་བ་དེ་ནས་དོགས་པ་ཅིའང་མེད་པ་བསྡད་འདུག་པས།ང་ཚོའི་ཕྱོགས་ནས་མེ་མདའ་རྒྱག་འགོ་བཙུགས་སོང་།ང་ལ་དབྱིན་ཇི་ཁ་རྡུམ་ཞིག་ཁྱེར་རྒྱུ་ཡོད་པས་མདའ་འཕེན་འགོ་བཙུགས་ཡིན།དེ་ནས་རྒྱ་དམག་གིས་ཀྱང་མེ་མདའ་ཚུར་རྒྱག་བྱུང་།སྟབས་མ་ལེགས་པ་ཞིག་ལ་ང་ཚོ་བྱེ་ཐང་ཞིག་ཏུ་སླེབས་སོང་།རྒྱ་དམག་གིས་མདེའུ་སེར་བ་འབབ་འབབ་རྒྱག་གིན་འདུགསྐབས་དེར་ང་ཚོའི་མི་ཞིག་རྨས་པ་ཙམ་ལས་གནོད་སྐྱོན་གཞན་མ་བྱུང་བ་ཡ་མཚན་པོ་བྱུང་སོང་།རྗེས་སུ་ཀོང་པོ་བས་ཟེར་ན་རྒྱ་ཧ་ཅང་མང་པོ་བསད་འདུག་ཟེར།ཉི་མ་མང་པོའི་རྗེས་སུའང་རུལ་དྲི་ཆེན་པོ་ཁ་གི་འདུག་ཟེར།འཐབ་འཛིང་འདིའི་སྐབས་སྡེ་དགེ་བའི་དམག་མི་གཅིག་པུ་ཡིན།

༤༽གཡག་ར་འཕྲང་གི་ལམ་བར་ནས་འཐབ་འཛིང་།

དེ་ནས་ང་ཚོས་རྒྱ་གར་ལ་སླེབས་ཐབས་བྱས་ཏེ་ཡར་འགྲོ་དགོས་དུས།གཡག་ར་འཕྲང་དུ་མ་སླེབས་ཙམ་ན་རྒྱ་དམག་ཁག་ཅིག་གིས་དེད་ཡོང་གིན་འདུགདེ་ཚོ་དང་མེ་མདའ་རྒྱག་རེས་བྱས་ནས་ཏོག་ཙམ་འཛིང་ཡིན་ཏེ།རྒྱ་དམག་དེ་ཚོས་འཛིང་མ་ཕོད་པ་ཕྱིར་ལོག་སོང་།

༥༽གཡག་ར་འཕྲང་གི་དམག་འཐབ།

དེ་ནས་ང་ཚོ་གཡག་ར་འཕྲང་དུ་འབྱོར་རྗེས་རྒྱ་དམག་སླེབས་སོང་།གཡག་ར་འཕྲང་ནི་གཡས་གཡོན་ན་བྲག་རི་ཡིན་པ་དང་ལམ་ཁ་གཞན་མེད་པ་དམག་ས་ཧ་ཅང་ཡག་པོ་ཞིག་ཡིན་སྟབས།ཉིན་མཚན་གཉིས་ལ་འཛིང་རེས་བྱས་པ་ཡིན།རྒྱ་དམག་མང་པོ་བསད་པ་རེད་དེ་ག་ཚོད་ཤི་བཞིན་ཡོད་ང་ཚོས་ཧ་གོ་ཐབས་མི་འདུགའོན་ཀྱང་རང་ཕྱོགས་ནས་ཤི་རྨས་གཏན་ནས་མ་བྱུང་བ་རྒྱལ་ཁ་ཐོབ་སོང་།

༦༽རྒྱ་གར་ལ་འབྱོར་བའི་སྐོར།

འབྲུག་གསང་སྔགས་ཆོས་གླིང་ལ་འབྱོར་སོང་།དེ་ནས་མར་ཆུ་ཞིག་འབབ་ཀྱིན་འདུག་ལ།དེ་ནས་མར་འགྲོ་དུས་མོན་ལ་སླེབས་ཀྱིན་འདུགང་ཚོའི་སྔོན་ལ་ཆུ་སྒང་དམག་མི་མང་པོ་སོང་འདུགཆུ་སྒང་དམག་མི་གཞན་དག་གིས་ས་ཆ་དེར་རྟ་དང་སྒ་ཆས་སོགས་གཡུག་འདུག་པ་ལྟར་ང་ཚོས་ཀྱང་དེར་གཡུག་ནས་གློའི་ལུང་ལ་ཡོང་པ་ཡིན།དེ་ནས་རྒྱ་གར་གྱི་དམག་སྒར་ཞིག་ལ་འབྱོར་གྱི་འདུག་པས་མཚོན་ཆ་ཚང་མ་གཞུང་ལ་འབུལ་དགོས་ཀྱི་འདུག་ལ།དེ་ནས་འབྲས་དང་རྡ་ལི་རག་སོང་པས་ཟ་མ་ཤེས་ན་མཚར་མོ་བྱུང་སོང་།དམག་དཔོན་རྣམས་ནི་རྒྱ་གར་ས་མཚམས་ཞིག་ནས་རྒྱ་གར་གཞུང་གི་རོགས་རམ་འོག་གནམ་གྲུས་ཁྱེར་སོང་།དམག་མི་དཀྱུས་མ་རྣམས་ཉིན་གཉིས་རིང་གོམ་པ་རྒྱབ་པ་དང་དེ་ནས་གྲུ་གཙུང་བརྒྱུད་མུ་སུ་མ་རི་ལ་སླེབས་སོང་།

༢༠༡༢་༡༢་༢༢ཉིན།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཤྲི་ལ་ལྷུན་གྲུབ་དབང་རྒྱལ་གྱི་ལོ་རྒྱུས་མདོར་བསྡུས།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • མཁས་དབང་ནམ་མཁའི་ནོར་བུ་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ།
  • ཚེ་དབང་ཕུན་ཚོགས་ཀྱི་ལོ་རྒྱུས་སྙིང་བསྡུས།
  • ཡིད་ལྷུང་འཆི་མེད་རྣམ་རྒྱལ།
  • ཡིད་ལྷུང་བཟོད་པ།
  • ཡ་ལུང་ཚེ་རིང་།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།