གཟའ་ཉི་མའི་ཉིན་རྒྱ་གར་གནམ་གཤིས་ལས་ཁུངས་ཀྱིས་ད་བར་གནམ་གཤིས་ཚ་དྲོད་རྐྱེན་པས་མི་ ༢༢༠༠ ལྷག་འདས་གྲོངས་ཕྱིན་ཡོད་སྐོར་བསྒྲགས་འདུག
གཟའ་ཉི་མའི་ཉིན། རྒྱ་གར་གནམ་གཤིས་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་བཞི་པའི་ཟླ་དཀྱིལ་ནས་བཟུང་རྒྱ་གར་ལྷོ་ཕྱོགས་དང་དབུས་ཤར་མངའ་སྡེ་ཁག་གཅིག་ལ་ཉིན་རེར་ཆ་སྙོམ་ཚ་ཚད་ ༤༥ ནས་ ༤༧ བར་བསླེབས་ཏེ། ད་བར་ཡུལ་མི་ ༢༢༠༠ ལྷག་འདས་གྲོངས་ཕྱིན་ཡོད་སྐོར་བསྒྲགས་འདུག
ཨན་དྷ་ར་མངའ་སྡེའི་རྐྱེན་ངན་གྲོལ་འདོམས་ཁང་གི་འགན་འཛིན་སཱ་ཌ་བར་གྷ་ཝེ་ (Sada Bhargavi) ཡིས་རྒྱ་གར་བང་ཆེན་ཐོག “’འདས་པའི་ཟླ་གཅིག་དང་ཕྱེད་རིང་རྒྱ་གར་རྒྱལ་ཡོངས་ནང་ཚ་བ་ཤུགས་ཆེ་བསྟན་ཏེ། ཨན་དྷ་ར་མངའ་སྡེའི་ཡུལ་མི་ ༡༦༣༦ དང་ཌེ་ལན་གྷ་ནཱའི་ཡུལ་མི་ ༥༦༡ རྐྱེན་འདས་ཕྱིན་ཡོད་པ་རེད།”ཅེས་དང་། ཡང་ཨུ་དྷར་པར་དྷེ་ཤིའི་མཐོ་རིམ་ལས་བྱེད་ཤེ་ཁཱར་ (Raj Shekhar) གྱིས། “ད་བར་ཚ་དྲོད་རྐྱེན་པས་མི་ ༢༢ རྐྱེན་འདས་དང་མི་ ༡༥ ལྷག་སྨན་ཁང་ནང་བསྐྱལ་དགོས་བྱུང་སོང་།”ཞེས་བརྗོད་འདུག
ཟླ་སྔོན་མའི་ཚེས་ ༣༡ ཉིན་རྒྱ་གར་ཧིན་དྷུ་སི་ཐན་དུས་བབ་དང་བརྙན་འཕྲིན་བརྒྱུད་ལམ་ (NDTV) ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༡༩༩༨ ལོར་རྒྱ་གར་ནང་ཚ་བ་ཤུགས་ཆེན་པོ་ཆགས་ཏེ་མི་ ༢༥༤༡ རྐྱེན་འདས་དང་། ༢༠༠༣ ལོར་ཡུ་རོབ་ཁུལ་དུ་མི་ ༧༡༠༠༠ ལྷག་འདས་གྲོངས་ཕྱིན་ཡོད། ༢༠༠༡ ལོ་ནས་བཟུང་འཛམ་གླིང་གི་ཚ་དྲོད་རྒྱས་ཤུགས་ཆེ་རུ་ཕྱིན་ཏེ། ལོ་རེར་ཚ་ཚད་ ༠།༨ ཙམ་འཕར་ནས་ས་བབ་དམའ་བའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ལྷག་པར་དུ་འདས་པའི་ལོ་ཤས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ལོ་རེར་ཚ་གྲངས་བརྒྱ་ཆ་ ༤ ནས་ ༥ བར་འཕར་ཏེ། ན་ནིང་མི་ ༨༧༤ དང་འདི་ལོ་ ༢༠༠༠ ལྷག་དང་། ཨོ་རི་ས་མངའ་སྡེ་ནས་མི་ ༢༢ དང་གྷུ་ཅུ་ར་ཌི་ནས་མི་ ༧། རྒྱ་གར་རྒྱལ་ས་ལྡི་ལི་ནས་མི་ ༢ བཅས་རྐྱེན་འདས་ཕྱིན་ཡོད་སྐོར་སོགས་བཀོད་འདུག
ད་ལྟ་ཨན་དྷ་ར་དང་ཌེ་ལན་གྷ་ནཱ་མངའ་སྡེའི་གཞུང་གིས་མང་ཚོགས་ལ་འཐུང་ཆུ་དང་། སྡོད་ཁང་མེད་པ་དག་ལ་གུར་སྤྲོད་པ་སོགས་བྱས་ནས་རྐྱེན་ངན་བར་ཆད་སེལ་ཐབས་བྱེད་བཞིན་ཡོད་པ་དང་། ཉིན་མོ་ཚ་བ་ཤུགས་ཆེ་སྟོན་སྐབས་མང་ཚོགས་ཚོས་སྔོན་འགོག་དང་གདོང་ལེན་གང་འདྲ་བྱེད་དགོས་མིན་སོགས་ཀྱི་གོ་རྟོགས་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། ཟླ་སྔོན་མའི་ཚེས་ ༣༡ ཉིན་སྲིད་བློན་ནཱ་རེན་ཌ་མུ་དྷེས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་བརྒྱུད་རྒྱ་ཆེའི་མང་ཚོགས་ཚོས་ཚ་དྲོད་སེལ་ཆེད་ཆུ་གང་མང་བཏུང་དགོས་པ་མ་ཟད། ཕྱིར་འགྲོ་སྐབས་ལུས་པོ་ཡོངས་རྫོགས་གོས་ཀྱིས་བཏུམས་ནས་འགྲོ་དགོས་སྐོར་གཏམ་བཤད་གནང་འདུག
ཁ་སང་ཨུ་དྷར་པར་དྷེ་ཤིའི་རྒྱལ་ས་ལག་ཎོ་ནང་གཏན་སྡོད་བྱེད་མཁན་ནང་གི་ཨ་མ་ཌེ་ཝ་རེ་ (Rekha Tiwari) ཟེར་བ་ཞིག་གིས་རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་ (CNNIbnLive) ཐོག་བརྗོད་དོན། “ད་ལྟ་ང་ཚོས་ཚ་དྲོད་འདི་བཟོད་ཐབས་བྲལ་ཡང་། གཞུང་གིས་བསམ་ཤེས་མ་བྱས་པར་དེ་ལས་ལྡོག་སྟེ་ཉིན་རེར་གློག་ཐེངས་ཁ་ཤས་གཅོད་བཞིན་ཡོད་པ་མ་ཟད། འཐུང་ཆུའི་རིན་གོང་སོགས་ཀྱང་སྤོར་བཞིན་ཡོད་སྟབས། ད་ཆ་མང་ཚོགས་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་འདུག”ཅེས་དང་། ལྡི་ལིར་མི་འཐེན་རྐང་འཁོར་གཏོང་མཁན་ཝ་སིམ་(Mohammed Waseem) གྱིས། “ད་ལྟ་ལྡི་ལིར་ཚ་བ་ཆེན་པོ་ཡོད་ཀྱང་། ངས་ལས་ཀ་མ་བྱས་པར་ནང་ལ་བསྡད་པ་ཡིན་ན། ནང་མིའི་ཉིན་རེའི་འཚོ་བར་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། དཀོན་མཆོག་བཀའ་དྲིན་གྱིས་ཚ་བ་ཆེན་པོ་འདིའི་ནང་མ་འཆི་ཙམ་ཞིག་བྱུང་ནས་ཚེ་སྲོག་ཐར་ཐུབ་པ་ཤོག”ཅེས་བརྗོད་འདུག
གནམ་གཤིས་རིག་པ་མཁས་ཅན་ཇེབ་མཱ་སེ་ཌར་ (Dr.Jeff Masters) གྱིས་རྒྱ་གར་དུས་བབ་ཐོག་ཆེད་བརྗོད་སྤེལ་བ་ཞིག་ནང་། ཁོང་གིས། ད་བར་འཛམ་གླིང་གི་ཚ་དྲོད་རྐྱེན་པས་མི་ག་ཚོད་ཤི་ཡོད་མེད་གྲངས་ཀ་རྒྱག་རྒྱུ་ དང་ཚོད་དཔག་བྱ་རྒྱུ་ཁག་པོ་ཆགས་ཡོད། གང་ཡིན་ཟེར་ན། མི་མང་པོ་ཞིག་དབྱར་དུས་ཀྱི་ཚ་བ་ལངས་སྐབས་སྲོག་རླུང་མ་འདང་བར་རྐྱེན་འདས་འགྲོ་གི་ཡོད་སྟབས། ད་ལྟ་རྒྱ་གར་ནང་ཚ་དྲོད་རྐྱེན་པས་མི་ ༢༢༠༠ ལྷག་ཤི་ཡོད་པ་ཕྱི་བསྒྲགས་བྱས་ཡོད་ཀྱང་། ངས་དེ་ལས་མང་བ་གྲོངས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། འདི་ལོའི་ཟླ་ ༤ པའི་ནང་ས་ཁུལ་གྱི་ཁོར་ཡུག་འགྱུར་ལྡོག་ (Regional Environmental Change) ཅེས་པའི་དུས་དེབ་ཐོག་མོམ་བྷེ་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་འཕྲུལ་ལས་མཐོ་སློབ་དང་ (IIT) དང་ཀྲ་ཀྲ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་(TISS)། ཨོ་སི་ཌོ་ལི་ཡའི་མཱོ་ཎཱ་ཤེ་གཙུག་ལག་སློབ་ཆེན་ (Monash University) བཅས་ཀྱི་ཉམས་ཞིབ་པ་ཁག་གཅིག་གིས་འདས་པའི་ལོ་གཅིག་ལྷག་རིང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་ལ་ཉམས་ཞིབ་བྱས་པའི་གྲུབ་དོན་སྙན་ཐོ་ཞིག་བཏོན་པའི་ནང་། ཁོ་ཚོས་འདི་ལོ་རྒྱ་གར་རྒྱལ་ཡོངས་ནང་ཚ་བ་ཤུགས་ཆེ་སྟོན་ཏེ། རྒྱ་གར་ལྷོ་ཕྱོགས་དང་དབུས་ཤར་མངའ་སྡེ་ཁག་ལ་སྔར་ལྷག་ཚ་དྲོད་འཕེལ་རྒྱུ་མ་ཟད། ཆར་དུས་མགོ་འཛུགས་སྐབས་ཀྱང་ཉུང་མཐར་ཚ་དྲོད་མ་ཆག་པར་བརྒྱ་ཆ་ ༣༠ ལྷག་བསྡད་དེ། མི་མང་པོའི་ཚེ་སྲོག་འཕྲོག་སྲིད་པ་ཞིག་ཡིན་སྐོར་སོགས་བཀོད་འདུག