འཛི་སྒར་བླ་མ་དབང་རྡོར་རིན་པོ་ཆེའི་རྣམ་ཐར།
དེ་ཡང་སྐྱབས་རྗེ་འཛི་སྒར་བླ་མ་དབང་རྡོར་རིན་པོ་ཆེ་མཆོག་ནི། བོད་མདོ་ཁམས་འཛི་སྒར་སྒྲིས་པ་བྱམས་མཁན་ཚང་དུ་ཡབ་ཨ་ཚེ་དང་། ཡུམ་ཡོན་ཏན་ཆོས་སྒྲོན་གྱི་སྲས་སུ་ཆུ་བྱ་(1933)ལོར་འཁྲུངས། ཆུང་དུས་ནས་དོན་བརྒྱུད་འབྲུག་པའི་ཆོས་བརྒྱུད་འཛིན་པའི་འཛི་སྒར་དགོན་དུ་སྒྲིགས་ཞུགས་མཛད། རབ་བྱུང་བསྙེན་རྫོགས་བསྒྲུབས། དགོན་པའི་སློབ་གཉེར་མཐར་ཕྱིན་ཅིང་། ཁྱད་པར་ཚེས་བཅུའི་གར་འཆམ་ལ་ཤིན་ཏུ་མཁས་པའི་སྙན་གྲགས་ཡོད། འཛི་སྒར་བཤད་གྲྭར་དཔེ་ཆ་ལོ་ཤས་གཟིགས་ནས་དབྱར་གནས་ལའང་བཞུགས། དམར་གཡང་ཆོས་མཆོག་སོགས་ལ་བསྟེན་ནས་ཁྲིད་གདམས་ངག་ཞུས། དགུང་ལོ་ཉེར་བདུན་ས་ཕག་༼༡༩༥༩༽ལོར་འཛི་སྒར་ཐུགས་སྲས་རིན་པོ་ཆེ་དང་ལྷན་རྒྱ་གར་དུ་ཕེབས། དགུང་ལོ་ཉེར་བརྒྱད་སྤྱི་ལོ་༼༡༩༦༠༽ཙམ་ནས་གུ་རུའི་གནས་མཚོ་པདྨ་རུ་ཕེབས་ནས། གུ་རུའི་སྒྲུབ་གནས་རི་ཁྲོད་དུ་ལྟོ་སྐྱ་གོས་ཧྲུལ་གྱི་ངང་ནས་དཀའ་སྤྱད་ཆེན་པོས་མཚམས་སྒྲུབ་རྩེ་གཅིག་ཏུ་མི་ལོ་ཉི་ཤུ་ཙམ་མཛད་པས། ཀུན་དད་པའི་གནས་སུ་བཀོད་ཅིང་མཛད་ཕྲིན་རྒྱས།
སྤྱི་ལོ་༼༡༩༨༠༽ནང་ཙམ་ནས་བཟུང་བོད་དུ་སྔ་རྗེས་ཐེངས་མང་ཕེབས་ནས་སྡེ་དགོན་གཉེན་བཤེས་ཡོངས་ལ་གནང་སྦྱིན་འགྲན་ཟླ་བྲལ་བ་མཛད། ཕྱིའི་རྒྱལ་ཁབ་རྣམས་སུའང་ཕེབས་ནས་ཆོས་སྦྱིན་སྩལ། དད་སྦྱིན་གྱི་སློབ་མ་མང་པོ་འདུས། མཚོ་པདྨ་རུ་འཛི་སྒར་དགོན་པའི་འདུ་ཁང་གསར་བཞེངས་དང་། མཚོའི་རི་ཁྲོད་གཟིགས་སྐྱོང་དང་། བྱེས་འབྱོར་འཛི་སྒར་ལྷ་སྡེ་དང་སྐྱ་སེར་ལྟོས་བཅས་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་མཛད། ལྷག་པར་སྤྱི་ལོ་༼༢༠༠༡༽ལོ་ནས་བཟུང་མཚོ་པདྨ་ལ་གུ་རུའི་སྐུ་བརྙན་ཆེན་མོ་གསར་བཞེངས་དབུ་བཙུགས་ཤིང། མཁན་རིན་པོ་ཆེ་བསོད་ནམས་བཀྲ་ཤིས་ཀྱིས་ཐུགས་འགན་ཆ་ཚང་བཞེངས་ནས་སྤྱི་ལོ་༼༢༠༡༢༽ལོར་མཐའ་རྟེན་བཀྲིས་རབ་གནས་བཅས་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ་པ་བྱུང་། དེ་ནས་གནས་དེ་ཉིད་དུ་བཞུགས་བཞིན་པ་ལས། དགུང་ལོ་གྱ་བདུན་ས་ཕག་ལོའི་བོད་ཟླ་ ༧ ཚེས་བཅུ་དགུའི་མཚན་མོར་ཞི་དབྱིངས་སུ་གཤེགས་སོ། །དེ་ལྟར་ཡིད་སྐྱོའི་གཏམ་ངན་ཐོས་འཕྲལ་འདི་ག་འཛི་སྒར་བྱེས་ཀྱི་བཤད་གྲྭའི་འདུས་པ་རྣམས་ནས་ཐུགས་དགོངས་རྫོགས་པའི་གསོལ་སྨོན་བགྱིད་བཞིན་པའི་སྐབས་སུ། གུས་པ་ཕྲིན་ལས་རྡོ་རྗེ་ནས་མཛད་རྣམ་ངོ་སྤྲོད་མདོར་བསྡུས་འདིའང་བོད་ཟླ་༧ ཚེས་ ༢༥ དུས་བཟང་པོ་ལ་འཕྲལ་མར་བྲིས་པའོ། །
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
- ༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་མཛད་རྣམ།
- མཁན་ཆེན་རྣམ་གྲོལ་རིན་པོ་ཆེ་མཆོག་གི་མཛད་རྣམ།
- མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གི་མཛད་རྣམ།
- སྡེ་དགེ་མཁན་ཆེན་ཨ་པད་རིན་པོ་ཆེའི་ངོ་མཚར་བའི་མཛད་རྣམ་འགའ་ཞིག