འབྲུག་གི་དབང་འདུས་ཕོ་བྲང་ལ་མེ་སྐྱོན་ཚབས་ཆེན་ཤོར་བ།
ཡོང་ཁུངས། བོད་ཀྱི་བང་ཆེན།
ཟླ་འདིའི་ཚེས་༢༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤ པ་ཡོལ་ཙམ་ལ་འབྲུག་ཡུལ་དུ་ལོ་ངོ་བཞི་བརྒྱ་རིང་གི་ལོ་རྒྱུས་ཡོད་པའི་དབང་འདུས་ཕོ་བྲང་མེ་ལ་ཤོར་བ་དང་། མེ་གསོད་ཀྱི་མཐུན་རྐྱེན་ཡག་པོ་མ་འཛོམས་པས་ཕོ་བྲང་ལ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད།
སྐབས་དེར་འབྲུག་ཡུལ་གྱི་མང་ཚོགས་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་བྱུང་ནའང་མེ་གསོད་བྱེད་ཀྱི་ཆུ་དང་འཕྲུལ་ཆས་སོགས་གྲ་སྒྲིག་ཡག་པོ་མེད་པས་ཐབས་ཤེས་གང་ཡང་བྱུང་མེད་པར་མ་ཟད། དེའི་དུས་སུ་རླུང་ཤུགས་ཆེན་པོ་བྱུང་བ་ལ་བརྟེན་ནས། མེ་སྟོབས་ཆེ་རུ་ཕྱིན་པ་དང་མེ་སྐྱོན་དེ་ཆུ་ཚོད་༥ རིང་ལ་འབར་བས། རྩ་ཆེ་བའི་ལོ་རྒྱུས་ཀྱི་ཤུལ་རྫས་མང་བོ་འཕྲོ་བརླག་ཏུ་ཕྱིན་པ་དང་རྫོང་གི་ལས་ཁུངས་མང་པོ་ལ་གཏོར་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད། ཐོག་མར་མེ་སྐྱོན་དེ་རྫོང་ཁག་གི་ཡིག་ཚང་གི་ནང་དུ་བྱུང་ཡོད་ནའང་མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་གསལ་བོ་ད་དུང་ཤེས་ཀྱི་མེད་པ་རེད།
མེ་སྐྱོན་བྱུང་བའི་ནང་དུ་མིའི་སྲོག་ལ་གནོད་སྐྱོན་བྱུང་མེད་ཀྱང་མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། འབྲུག་རྒྱལ་པོ་དང་ནང་སྲིད་བློན་ཆེན་ལ་སོགས་གནས་དེར་གཟིགས་སྐོར་དུ་ཕེབས་པའི་སྐབས་སུ། ད་ཐེངས་ཀྱི་ཆག་སྒོ་འདི་ནི་འབྲུག་རྒྱལ་ཁབ་དང་མི་མང་གི་གྱོང་གུན་ཆེ་ཤོས་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད།
དབང་འདུས་ཕོ་བྲང་རྫོང་ནི་བོད་ཀྱི་བླ་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་འབྲུག་ཡུལ་ཕྱི་ལོ་༡༦༣༨ ལོར་གསར་བཞེངས་གནང་ཞིང་། འབྲུག་ཡུལ་གྱི་རྫོང་ཁག་རྙིང་ཤོས་གསུམ་པ་དེ་ཆགས་ཡོད་པ་རེད། དབང་འདུས་ཕོ་བྲང་ལ་མེ་སྐྱོན་བྱུང་བའི་རྐྱེན་གྱིས་ཉིན་གཅིག་རིང་འབྲུག་རྒྱལ་ཡོངས་སུ་མྱ་ངན་གྱི་ངལ་གསོ་གུང་སེང་འཇོག་རྒྱུ་ཡིན་པ་རེད། །
གནས་ཚུལ་མཁོ་གཏོང་བ་རྨ་མགུར་སངས་རྒྱས།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།