འདན་མའི་གནས་ཚུལ་ལུང་འདྲེན་གྱིས་བོད་ནང་གི་གནས་སྟངས་གླེང་བ།
རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྡེ་དགེ་འདན་མ་ཁུལ་གྱི་དྲག་གནོན་གནས་ཚུལ་ལུང་འདྲེན་བྱས་ཏེ་འདས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་སྙན་ཐོ་ཞིག་བཏོན་འདུག
ཟླ་འདིའི་ཕྱི་ཚེས་ ༢༥ ཉིན། རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཕྱི་ལོ་ ༢༠༡༤ ལོའི་འཛམ་གླིང་གི་རྒྱལ་ཁབ་དང་རང་སྐྱོང་ཁུལ་ ༡༦༠ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་སྙན་ཐོ་ཞིག་བཏོན་པའི་ནང་དུ། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་དང་འདུ་འཛོམས་རང་དབང་། སྨྲ་བརྗོད་རང་དབང་སོགས་ལ་མུ་མཐུད་དུ་དམ་དྲག་དང་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་ཀྱི་དགོན་པ་ཁག་གི་དབུ་ཁྲིད་དང་རྩོམ་པ་པོ། སྤྱི་ཚོགས་ལས་འགུལ་བ་བཅས་འཛིན་བཟུང་བཀག་ཉར་འོག་ཡོད་སྐོར་བརྗོད་འདུག
དེ་ཡང་སྙན་ཐོའི་ནང་བོད་ནང་གི་ཛ་དྲག་གནས་བབ་ལུང་འདྲེན་བྱས་པའི་ནང་། ཕྱི་ལོ་ ༢༠༡༤ ཟླ་ ༨ པའི་ནང་རྒྱ་གཞུང་ཉེན་རྟོག་པས་སྡེ་དགེ་འདན་མ་ཤུག་པ་སྡེ་བའི་སྡེ་དཔོན་འཛིན་བཟུང་བྱས་པར་བརྟེན། ས་གནས་བོད་མི་ཚོས་ཁོང་ཀློད་གྲོལ་དགོས་པའི་ཞི་རྒོལ་ཁྲོམ་སྐོར་བྱེད་སྐབས། ཉེན་རྟོག་པ་དང་དམག་མིས་མི་མང་ནང་མེ་མདའ་བརྒྱབ་སྟེ་ཉུང་མཐར་ཞི་རྒོལ་བ་ ༤ ལ་རྨས་སྐྱོན་ཕོག་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཞི་རྒོལ་བ་གཅིག་གིས་བཀག་ཉར་ཁང་དུ་རང་སྲོག་བཅད་ཡོད་པ་རེད། ཅེས་བཀོད་འདུག
ཡང་སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་ནང་གི་བོད་མི་མང་པོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོ་གཅིག་པུར་བོད་མི་ ༧ གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་ནང་ནས་མི་ ༢ འདས་གྲོངས་སུ་གྱུར་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༣ ནས་ད་ལྟའི་བར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་མི་ཁྱོན་ ༡༣༡ གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་མ་ཟད། རྒྱ་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཁྱིམ་མི་གཉེན་འབྲེལ་དང་གྲོགས་པོ་ཚོར། རང་ལུས་མེར་སྲེག་གི་དོན་རྐྱེན་ལ་ངན་སྐུལ་དང་ངན་འབྲེལ་བྱས་པ་སོགས་ཀྱི་ཉེས་མིང་བཏགས་སྟེ་ཆེད་དམིགས་ཀྱིས་དཀའ་ངལ་བཟོ་བཞིན་ཡོད་ལུགས་དང་། ༸གོང་ས་མཆོག་གི་མདུན་ནས་བཀའ་ཆོས་ཞུ་མཁན་ཚོར་ཏཱ་ལའི་ཕྱོགས་གཏོགས་པ་དང་ཕྱི་རྒྱལ་ཁག་ལ་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག ལས་བྱེད་པའི་གོ་གནས་མར་ཕབ་པ་དང་གྲོང་སྡེའི་མགོ་ཁྲིད་འོས་འདེམས་ནང་ཞུགས་མི་ཆོག་པ་བཟོས་ཡོད་སྐོར་སོགས་བཀོད་འདུག
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།