ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་རྣམ་ཐར།
སྡེ་དགེའི་རྒྱལ་རབས་མུ་ཏིག་ཕྲེང་བ་ལས་ཟུར་འདོན་ཞུས། མཛད་པ་པོ་བར་མ་མཁན་པོ་ངེས་དོན།
༈ ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ནི། མདོ་ཁམས་སྡེ་དགེ་འདན་མའི་ཡུལ། ས་སྐྱ་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་རབ་བྱུང་བརྒྱད་པའི་ནང་ཕྱག་བཏབ་པའི་ས་དཀར་བསམ་གྲུབ་གླིང་ཞེས་པའི་དགོན་པའི་ཉེ་འདབས་སུ་རབ་བྱུང་བཅུ་གཉིས་པའི་མེ་གླང་ཕྱི་ལོ༡༦༩༧ལོར་སྐུ་འཁྲུངས། དགུང་ལོ་བདུན་པ་ནས་ཡི་གེ་འབྲི་ཀློག་བསླབ་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཅིག་པར་དྲུང་པ་ཀུན་དགའ་རྒྱ་མཚོ་ལས་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ། མཚན་ཀུན་དགའ་བསོད་ནམས་གསོལ། སློབ་དཔོན་མཁས་པ་དུ་མ་བསྟེན་ནས་བཟོ་དང་། གསོ་བ། སྒྲ། སྙན་ངག །སྡེབ་སྦྱོར་། རྩིས། མཚན་ཉིད་ཐེག་པ་སོགས་ཕྱི་ནང་གི་རིག་གནས་ཐམས་ཅད་ལ་ཆགས་ཐོགས་བྲལ་བའི་སྤོབས་པ་བརྙེས། ཁྱད་པར་གངས་ལྗོངས་སུ་སྙན་ངག་སྨྲ་བའི་དབང་པོར་ཡོངས་ལ་གྲགས། དགུང་ལོ་ཉེར་དགུ་པར་དབུས་གཙང་དུ་ཕེབས། ངོར་མཁན་ཆེན་ཚུལ་ཁྲིམས་ལྷུན་གྲུབ་ལས་ཚིགས་གསུམ་རིམ་ནོས་ཀྱིས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། མཚན་ཚུལ་ཁྲིམས་རིན་ཆེན་གསོལ། ངོར་དུ་ལོ་གསུམ་བཞུགས་ནས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཚར་གསུམ་གསན་པས་མཚོན་སྔ་ཕྱིར་གོང་སྨོས་ཀྱི་མཁན་ཆེན་དམ་པ་དེ་དང་། མཁན་ཆེན་བྱམས་པ་བསོད་ནམས་བཟང་པོ། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། འཇམ་དགོན་གནས་གསར་བ་སོགས་དམ་པ་དུ་མ་ལས་ཆོས་ཕུང་རྒྱ་མཚོ་ལྟ་བུ་མཐའ་ཡས་པ་གསན། ཀྱེ་རྡོར། འཇིགས་བྱེད་སོགས་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་ཚད་དུ་བསྐྱལ་བས་ཉམས་རྟོགས་ཀྱི་པདྨ་བཞད། ས་སྐྱའི་བཀའ་འབུམ་དང་། བསྟན་འགྱུར་རིན་པོ་ཆེ་སྤར་དུ་བསྐྲུན་པའི་སྐབས་སུ་ཞུ་དག་གི་དབུར་བཞུགས་ནས། འཕགས་བོད་ཀྱི་བརྡ་དང་། ཐ་སྙད། གཞུང་ལུགས་ཀྱི་དགོངས་པ་འཁྲུལ་མེད་ཀྱི་ཞུ་དག་གི་བཀའ་དྲིན་བསྐྱངས་ཤིང་བསྟན་འགྱུར་དཀར་ཆག་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ཞེས་པ་ལྗགས་རྩོམ་མཛད། དེས་མཚོན་ནས་གསུང་རབ་ཀྱི་ཕྱི་མོ་མང་པོ་གསར་བཞེངས་ཀྱི་ཞུས་དག་མཛད་པས་ཞུ་ཆེན་པ་དང་ཞུ་དག་བླ་མ་ཞེས་མཚན་དུ་ཆགས། རྗོད་བྱེད་སྙན་ཅིང་བརྗོད་དོན་ཕུན་སུམ་ཚོགས་པའི་གསུང་རྩོམ་གྱི་རིགས་མང་དུ་མཛད་དེ། མདོར་ན་སྐུ་ཚེ་ཧྲིལ་པོར་ཆོས་སྤྱོད་ཀྱི་བྱ་བ་ཁོ་ནས་འདའ་བ་ཞིག་གོ། མཐར་དགུང་ལོ་བདུན་ཅུ་དོན་བརྒྱད་པ་ཤིང་རྟ་ཕྱི་ལོ་༡༧༧༤ལོར་རྡོ་རྗེ་འཆང་གི་བཞུགས་སྟངས་དང་བཅས་ཏེ་ཟག་མེད་དབྱིངས་སུ་བཞུགས་པའི་ཚུལ་བསྟན་ཏོ།།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།