English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཞལ་གདམས་རིག་འཛིན་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།

འདོན་སྤེལ། 2013/01/9 4:56 AM རྩོམ་པ་པོ།

སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།

༄༅། །དཀྱིལ་འཁོར་རིགས་བརྒྱའི་བདག་ཉིད་བཀའ་དྲིན་ཅན། །ཟབ་ཞི་སྤྲོས་བྲལ་གཞི་དབྱིངས་གདོད་མའི་གཤིས། །རྗེན་པར་སྟོན་མཛད་རིག་པ་རང་ཤར་ཞབས། །ཚེ་རབས་ཀུན་ཏུ་བོན་ཉིད་འཁོར་ལོར་བསྙེན། །ཆེར་སྙིགས་དུས་ཀྱི་ཐ་མར་བདག་འདྲ་བས། །ཟབ་དོན་གླུ་རུ་བླངས་ན་འཕྱ་སྨོད་རྒྱུ། །འོན་ཀྱང་སློབ་བུའི་རྣམ་དཔྱོད་སོར་རྩེ་ཡིས། །བསྐུལ་ན་རིག་རྩལ་གླིང་བུའི་སྒྲ་འདི་འབྱིན། །མདོ་སྔགས་གང་གི་ལམ་ནས་བྱང་ཆུབ་མཆོག །སྒྲུབ་ན་བཤེས་གཉེན་བསྟེན་ལས་གདམས་ངག་ཀུན། །ཐོས་པས་མི་ཆོག་ཉམས་སུ་ལེན་པ་གཅེས། །ཉམས་ལེན་རྨང་གཞི་ངེས་འབྱུང་ཁོ་ན་ཡིན། །དེ་ཡི་འཇུག་སྒོ་དད་པ་ཡིན་པར་གསུངས། །སྙིང་རྗེ་ཡོད་ན་རྒྱལ་སྲས་གཞུང་ལམ་ཡིན། །བློ་རྩེ་གཅིག་གིས་སྒྲུབ་ཚུགས་བཟུང་བ་ན། །ཉམས་ལེན་ཟབ་མོའི་སྲོག་ཤིང་འགྱུར་མེད་ཡིན། །དེ་ལ་བག་ཡོད་དྲན་དང་ཤེས་བཞིན་གྱིས། །འབྲལ་བ་མེད་ན་གང་ཡང་གནད་དུ་སྨིན། །དུས་ཀུན་མཆོག་གསུམ་བླ་མར་བློ་གཏད་ན། །གེགས་དང་གོལ་ས་སེལ་བའི་སྨན་དུ་འགྱུར། །ཉམས་ལེན་གནད་དུ་འདུ་བའི་ཐབས་ལ་ནི། །རྩ་གསུམ་ཆིག་དྲིལ་ཞི་ཁྲོ་སྲུང་མའི་ཚོགས། །དཀྱིལ་འཁོར་གང་ཡང་བླ་མའི་ངོ་བོ་རུ། །ཤར་ན་གཅིག་ཆོག་ཡིན་པས་མང་མི་དགོས། །དབང་རྣོན་སྦྱངས་པ་སྔོན་སོང་སྐྱེས་ཆེན་རྣམས། །རིམ་པས་རྩོལ་བ་ཆེན་པོ་མ་བྱས་ཀྱང་། །བོན་ཉིད་བདེན་པ་གཟིགས་པ་འཐད་རུང་ཡིན། །གཞན་དུ་ཐོས་བསམ་སྒོམ་ལ་རིམ་གྱིས་འབད། །དང་པོར་ཐོས་པས་ཚིག་དོན་སྒྲོ་འདོགས་བཅད། །བསམ་པས་འཁྲུལ་སྣང་བདེན་འཛིན་རགས་པ་ཞི། །སྒོམ་པས་བློ་ངོར་དོན་ལ་ཁོ་ཐག་ཆོད། །དེ་དག་མི་ལྡན་རྒྱུ་མེད་འབྲས་འདོད་འཁྲུལ། །ཕྱི་རུ་བསགས་སྦྱངས་སྒྲུབ་ཚུལ་མཛེས་ན་ཡང་། །ནང་དུ་ངེས་ཤེས་མེད་པས་ཐག་མི་ཆོད། །ཐེ་ཚོམ་དང་བཅས་ཉམས་ལེན་སྡུག་ཡུས་ཆེ། །ཉམས་སུ་ལེན་ཚུལ་མདོ་སྔགས་གཉིས་ཀྱི་ལུགས། །གང་ཡང་ཉོན་མོངས་རང་རྒྱུད་འདུལ་ཐབས་ཡིན། །མདོ་ཡི་ལམ་ལས་ཉོན་མོངས་སྤོང་བར་བྱེད། །དཔེར་ན་ཆགས་སོགས་རྒྱུད་ལ་སྐྱེས་མ་ཐག །མི་རུང་སྙམ་དུ་སྤོང་སེམས་བརྟེན་པར་བྱ། །སྔགས་ལ་བསྒྱུར་ལམ་གྲོལ་ལམ་གཉིས་སུ་འཇོག །བསྒྱུར་བའི་ལམ་གྱིས་ཞེ་སྡང་སྐྱེས་མ་ཐག །ཀུན་སྣང་ཁྱབ་པ་ལྟ་བུའི་ལྷ་ཞིག་སྒོམ། །ཞེ་སྡང་རྟོགས་པ་ཡི་དམ་ལྷ་རུ་བསྒྱུར། །ལྷ་དང་རང་སེམས་ཉོན་མོངས་མི་ཕྱེད་པར། །མ་བཅོས་ངང་ལ་བཞག་པས་རང་སར་ཡལ། །བཟོ་མེད་ངང་དུ་ལམ་ལམ་ཤར་བ་ནི། །ཞེ་སྡང་རང་གྲོལ་སྟོང་ཉིད་ཡེ་ཤེས་ཡིན། །གསལ་སྟོང་ཟུང་འཇུག་ཀུན་སྣང་ཁྱབ་པའི་ལྷ། །བདེ་བར་གཤེགས་པའི་གོ་འཕང་དེ་ཡིས་འགྲུབ། །ཁྱད་པར་ལམ་གྱིས་ཉོན་མོངས་རང་བཞིན་གྲོལ། །དཔེར་ན་འདོད་ཆགས་རྟོག་པ་སྐྱེས་མ་ཐག །ངོ་བོ་གཅེར་གྱིས་བལྟས་པས་རང་སར་ཡལ། །སྟོང་བའི་ངང་དུ་མ་བཅོས་བདེ་ལམ་ལམ། །བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོའམ། །སོར་རྟོག་ཡེ་ཤེས་བྱེ་བྲག་དངོས་མེད་ལྷ། །ཉོན་མོངས་གཞན་ལའང་དེ་ཡིས་འགྲེ་བར་བྱ། །སྤངས་སྒྱུར་གྲོལ་གསུམ་གང་ཡང་སེམས་སུ་འདུས། །སེམས་ཉིད་མ་བཅོས་མི་གཡོ་ངང་བཞག་ན། །སངས་རྒྱས་དགོངས་པ་དེ་ལས་གཞན་དུ་མེད། །དེ་ཡང་དང་པོར་སེམས་ངོ་འཕྲོད་པ་གལ། །དེ་ལ་སེམས་འཛིན་ཞི་གནས་ཨ་གཏད་དང་། །བདེ་བར་གཤེགས་པའི་སྐུ་གཟུགས་བསྒོམ་པ་སོགས། །རང་གི་བླ་མའི་ཞལ་རྒྱུན་བཞིན་དུ་སྐྱོངས། །དེ་ཡང་ལྷ་སྐུ་ཡོངས་རྫོགས་མི་གསལ་ན། །སྐུ་ཡི་ཆ་ཤས་གང་གསལ་དེ་ལ་བལྟ། །ངོ་བོ་བླ་མ་རྣམ་པ་ལྷ་སྐུ་རུ། །ཤར་བ་ཉིད་ལ་མོས་གུས་དག་སྣང་བཅས། །བསྒོམས་ན་བླ་མའི་རྣལ་འབྱོར་ལ་བརྟེན་ནས། །ཞི་གནས་གྲུབ་ཅིང་ཚོགས་རྫོགས་གནད་དུ་ཆེ། །དེ་དུས་བྱིང་བ་ཆེ་ན་གཙུག་ཏོར་དང་། །རྒོད་ན་སྐྱིལ་ཀྲུང་བྱིང་རྒོད་ཆ་མཉམ་ན། །ཐུགས་ཀའི་དཀྱིལ་དུ་ཤེས་པ་གཏོད་ཅེས་གསུངས། །རིག་པ་རྗེན་པ་སྒྲོ་སྐུར་བྲལ་བ་ཉིད། །རང་ངོ་འཕྲོད་ཚེ་དེ་ཡི་ངོ་བོ་སྐྱོངས། །ཡོད་མེད་སྐྱེ་འགག་རྟག་ཆད་དམིགས་བསམ་བྲལ། །སྣང་སྟོང་བརྗོད་བྲལ་དོན་དེ་རིག་མཐོང་མྱོང་། །ངེས་པར་ཤེས་པའི་རྒྱུན་དེ་སྐྱོང་བ་ལ། །སེམས་རིག་དབྱེ་བ་ཤེས་ཤིང་ཚོགས་དྲུག་གི །ཤེས་པ་ཡུལ་ལ་གཟུང་འཛིན་འབྲེལ་ཆད་པས། །དབང་ཤེས་ནང་དུ་ལྡོག་ཅིང་ཕྱིར་མ་འཁྱར། །ཡུལ་གྱིས་མཉམ་བཞག་གཡོ་བར་མི་ནུས་ཏེ། །ལས་རུང་རྟགས་འཆར་དངོས་སྣང་ནུས་པ་ཞན། །རྣམ་རྟོག་རྒྱུན་ཆད་བདེ་གསལ་མི་རྟོགས་ཉམས། །འཆར་བ་ཡོད་དེ་ལམ་གྱི་རྟགས་ཙམ་ཡིན། །ཆུ་བོའི་རྒྱུན་གྱི་རྣལ་འབྱོར་མ་བསྟེན་ན། །ཡལ་བར་སླ་ཞེས་བདག་གི་བླ་མས་གསུངས། །རྣམ་རྟོག་གང་ཤར་ངོ་བོར་ཅེར་བལྟས་དང་། །རྣམ་རྟོག་རིག་མཁན་ངོ་བོར་བལྟས་པ་ལ། །ཁྱད་པར་ཡོད་དེ་ཕྱི་མ་དང་དུ་ལོངས། །སྔ་མ་ཁ་ཕྱིར་བལྟ་བས་བལྟ་མཁན་དང་། །བལྟ་ཡུལ་གཉིས་སུ་འཛིན་པ་གཟུང་འཛིན་ཅན། །ཕྱི་མ་ནང་བལྟས་གཟུང་འཛིན་གཉིས་སུ་མེད། །བོན་ཉིད་རྣམ་པར་དག་པའི་ངོ་བོར་མཇལ། །དེ་ཕྱིར་མན་ངག་སྡེ་བའི་ལུགས་འདི་གཙོ། །རྙོག་པའི་ཆ་ཅན་འགྱུ་དྲན་ཆོད་དཀའ་སེམས། །དྭངས་ཆ་མར་མེ་ལྟར་གནས་རིག་པ་ཡིན། །ཞེས་པའི་དཔེ་མཐོང་ངག་རྒྱུན་ཙམ་མི་ཆོག །རང་གི་རིག་ཐོག་ངེས་ཤེས་སྐྱེ་བ་དགོས། །གཅིག་པུར་གནས་ཚེ་ལྷོད་ཅིང་རང་ངོ་སྐྱོངས། །འཚོགས་པའི་གྲལ་དུ་དྲན་རིག་གྲིམས་ཆ་བསྐྱེད། །ཐུན་མཚམས་རྣམས་སུ་བྱང་ཆུབ་སེམས་བསྐྱེད་གཅེས། །མདོར་ན་མཚན་བཅས་མཚན་མེད་ཉམས་ལེན་གང་། །སྙིང་རྗེས་རྩིས་ཟིན་གཞན་དོན་གཙོ་བོར་སེམས། །བསྔོ་སྨོན་གནད་འགྲོ་ནམ་ཡང་མི་བརྗེད་གལ། །དགེ་བ་ངོམས་དང་འགྱོད་པ་ཚུལ་འཆོས་གསུམ། །དགེ་སྦྱོར་འཇོམས་པའི་ཆོམ་རྐུན་ཁོ་ནར་ངེས། །བསྟན་དང་འགྲོ་དོན་དགོས་པ་ཆེ་མིན་ན། །དགྲ་གཉེན་གཉིས་སུ་འཛིན་པའི་རྟོག་པ་སྤོངས། །ཞེ་ཕུགས་དག་ན་བསམ་ངན་ཅང་མེད་པའི། །དགེ་སྦྱོར་གཙང་ཞིང་དག་པ་ཨེ་ཡོང་ལྟོས། །བདེ་འབྱོར་སྙན་གྲགས་དོན་དུ་གཉེར་བ་དང་། །རང་ཉིད་ཆེར་རློམས་ཉོན་མོངས་མང་བ་བཅས། །ཟབ་མོའི་དོན་ལ་འབད་པ་ལྷུར་བླངས་ཀྱང་། །ལྷ་དང་བླ་མ་དགྱེས་པར་འགྱུར་བ་དཀའ། །རང་ཉིད་མི་བསམ་གཞན་ཕན་ཁོ་ན་ཡིས། །དགེ་སྦྱོར་ཅུང་ཙམ་བསྒྲུབས་ནའང་འབྲས་བུ་ཆེ། །ནང་བར་ལང་མ་ཐག་ཏུ་སྙིང་དབུས་ཀྱི། །བླ་མ་བདེ་ཆེན་འཁོར་ལོར་བཞུགས་མོས་ཏེ། །གསོལ་འདེབས་བརྗོད་ཅིང་རླུང་རོ་དགུ་ཕྲུགས་སྦྱོངས། །ཨཱོྃ་ཨ་ཧཱུཾ་སྦྱར་འཇམ་རླུང་ཅི་ནུས་བྱ། །ཉིན་གྱི་རླུང་རྣམས་དེ་བཞིན་ཡིན་པར་བསམ། །དེ་རིང་སྤྱོད་ལམ་གང་ཡང་བོན་མཐུན་གྱིས། །བསྟན་འགྲོར་ཕན་པའི་ལེགས་ཚོགས་བྱ་སྙམ་དུ། །བོན་སྤྱོད་མཉམ་རྗེས་གནད་དུ་སྨིན་པར་བྱེད། །བཟའ་བཏུང་སྤྱོད་ཚེ་ནང་གི་སྲེག་བླུག་དང་། །འགྲོ་འདུག་བྱ་བ་གཞན་དོན་ཡིན་སྙམ་ན། །སྤྱོད་ལམ་གང་ཡང་རྒྱལ་སྲས་སྤྱོད་པར་འགྱུར། །ཉལ་ཁར་སྤྱི་བོའི་བླ་མ་སྙིང་དབུས་བཞུགས། །གསོལ་བཏབས་དྲན་རྟོག་འཕྲོ་འདུ་མི་བྱ་བར། །ཐུགས་ཡིད་བསྲེས་ཏེ་ཡེང་མེད་ངང་ལ་གློད། །སྲབ་འཐུག་འོད་གསལ་རིམ་བཞིན་འཆར་བར་གསུངས། །དེ་ལྟར་བྱས་ན་བསྙེན་སྒྲུབ་བྱས་ཀྱང་རུང་། །མིན་ཀྱང་རྒྱུད་ལ་གནས་པའི་བསྟན་པ་དེ། །བསྲུང་བའི་དམ་ཅན་ལུས་དང་གྲིབ་མ་བཞིན། །འཁོར་བར་ངེས་ཏེ་བླ་མའི་ཞལ་གྱི་ལུང་། །ཇི་བཞིན་སྙིང་གཏམ་སྨྲས་པ་འདི་ཙམ་ཡིན། །རང་ལ་མེད་པར་ནེ་ཙོས་སྨྲ་བ་འདི། །རང་གིས་ཤར་ཚོད་བྲིས་པ་རང་བཟོ་མིན། །རང་འདྲའི་གྲོགས་ལ་ཕན་སྙམ་ཀུན་སློང་དཀར། །རང་ཆེ་མཁས་འདོད་ཅུང་ཙམ་ཡོད་མ་ཡིན། །བསམ་པ་དགེ་ཡང་ནོར་འཁྲུལ་ཡོད་སྲིད་ན། །བསམ་པ་བཅོས་མིན་སྙིང་ནས་བཤགས་པར་བགྱི། །བསམ་པ་དག་པའི་ལམ་འདིར་ཞུགས་མཁན་རྣམས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་ཤོག །དགེ་བ་གང་མཆིས་འགྲོ་ལ་ཕན་ཕྱིར་བསྔོ། །དགེ་བ་མཐར་ཕྱིན་སྐུ་གསུམ་ཐོབ་པར་ཤོག ། ཅེས་ཞལ་གདམས་ཞིག་དགོས་ཞེས་རང་སློབ་གཡུང་དྲུང་བསྟན་པས་བསྐུལ་ངོར། བྱང་ཁའི་བོན་སྨྲ་བ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བསྙེན་སྒྲུབ་ཀྱི་ཐུན་མཚམས་སུ་བྲིས་པས་རང་གཞན་རྒྱུད་ལ་ཕན་པའི་རྒྱུར་གྱུར་ཅིག་གུ། ། དགེའོ། །

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཡུལ་མི་རྣམས་ལ་གཏམ་དུ་བྱ་བ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་ཡུལ་གྱི་གེ་སར་སྒྲུང་གི་ངག་རྒྱུན་སྐོར།
  • སྡེ་དགེ་རྫ་ཆུ་ཁའི་གནས་ཚུལ་སྙིང་བསྡུས་དང་ཡུལ་སྲོལ་འགའ།
  • བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར།
  • བུད་མེད་ཞིག་གིས་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས།
  • གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།