English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཚོན་ལྡན་རི་མོ་ཞེས་པའི་སྒྲུང་། སྟག་འབུམ་རྒྱལ།

འདོན་སྤེལ། 2013/01/30 8:32 AM རྩོམ་པ་པོ། སྟག་འབུམ་རྒྱལ།

ཁོ་རང་འགུལ་ཙམ་ཡང་མི་བྱེད་པར་ཅེར་རེར་ལྟ་——-
འཕྲུལ་སྣང་ངམ་སྟོང་བསམ་གྱི་མཁའ་རུ་བཞད་པའི་འཆར་ཡན་གྱི་རི་མོ་ཞིག་སྟེ——སྨིག་ལོང་དལ་བུར་འཕྱོ་བའི་རྦ་ཀློང་རེ་རེའི་ཁྲོད་ན་འཕྲུལ་མཁར་གྱི་རྒྱ་ཕིབས་རེ་ཡམ་ཡོམ་དུ་མངོན། དེ་ལས་མཐོ་བ་ནི་གཡའ་དག་པའི་ནམ་མཁའ། རྒྱང་རིང་གི་སྤྲིན་རྩེ་ན་འཕྱོ་སྒེག་གི་ལྷ་མོ་འགས་གར་སྟབས་ངོམ་བཞིན་རྨི་ལམ་ལྟ་བུའི་རྩེད་མོར་གཡེང·······
ཁོ་རང་སྔོན་ལྟར་རི་མོ་དེའི་ཁ་གཏད་དུ་འགྲེང་ནས་ཅེར། གཡས་གཡོན་གྱི་མི་སྐོར་ཞིག་ཀྱང་འཚང་ཁ་ཤིག་ཤིག་གིས་གཅིག་ཏུ་རུབ་ནས་རི་མོ་དེར་ལྟ་ཞིང་། ཁོ་ཚོ་ཚང་མས་དེ་ལ་ཧ་ལས་ཧང་སང་གི་ཉམས་སྣ་ཚོགས་སྟོན་བཞིན་ཡིད་སྨོན་ཚད་མེད་བྱེད། རི་མོ་དེའི་ཡོན་ཏན་ནི་ངོ་མ་ཧ་ལས་པ་ཞིག་རེད།  མི་འགའ་རེ་ཞིག་གི་རྣམ་ཤེས་སྔོན་ནས་བསླུས་ཟིན་པ་འདྲ། འགའ་རེ་གྱང་ཁའི་རྩྭ་ལྟར་འདར། ད་དུང་འགའ་ཞིག་གིས་ཐལ་མོ་སྙིང་ཁར་སྦྱར་ནས་གསོལ་བ་འདེབས།
ཁོ་རང་གིས་ཀྱང་ལྐོག་ཏུ་ཡིད་སྨོན་བྱེད། ཇི་འདྲའི་རང་དབང་གི་འཇིག་རྟེན་ཞིག་ཨང་། རང་ཉིད་ཀྱང་འདི་འདྲའི་ཁོར་ཡུག་ཅིག་ཏུ་གནས་ན་ཅིས་མི་ཆོག  ཁོ་རང་གི་རྣམ་ཤེས་འཁྲུག་པར་གྱུར།
གློ་བུར་དུ།  གློ་བུར་དུ།  ཁོ་རང་གིས་ཅེར་ཅེར་བའི་སྐད་ཅིག་མའི་མཇུག་དེར། ཁོ་རང་ཡང་ཅི་བྱུང་མེད་པར་རི་མོ་དེའི་ངོས་སུ་བསླེབས་ཤིང་འཛུལ།
མི་ཚང་མས་ཁོ་རང་ལ་ལྟ།  ཁོས་ཀྱང་ཁོ་ཚོའི་རྣམ་འགྱུར་ལ་བལྟས།  ད་ནི་ཁོ་རང་གིས་ཕྱི་རོལ་གྱི་འཇིག་རྟེན་ཆེན་པོའི་འདུ་ལོང་ལ་འབྲེལ་ཐག་བཅད་ཚར་བས་ཁང་བའི་དྲ་སྒོ་ལྟ་བུའི་དབྱིབས་གཟུགས་འདི་ལས་ཕྱིར་ལྟ་བ་དང་བསམ་གཞིགས་བྱེད།
ཚང་མས་མཆུ་ཏོ་འགུལ་འགུལ་གྱིས་ཁོ་རང་ལ་ལྟ་བཞིན་ཅི་ཞིག་གླེང་གིན་མཆིས། ཕལ་ཆེར་ཁོ་རང་ལ་བསྟོད་པ་བྱེད་ཀྱིན་པ་འདྲ། འོན་ཀྱང་ཁོ་རང་གིས་དེ་དག་གི་མཆུ་ཏོ་དང་ངོ་གདོང་གི་རྣམ་འགྱུར་ལ་ལྟ་བ་ལས་ཅི་ཡང་ཐོས་མི་ཐུབ། འཇིག་རྟེན་གཉིས་ཀྱི་མི་རུ་དབྱེར་ཕྱིན་ཕན་ཚུལན་ལ་སྨོན་པ་ལས་ཁ་བརྡ་བྱེད་ག་ལ་ཐུབ།
ཚང་མ་ཁོའི་ཁ་གཏད་དུ་ལངས་ནས་དད་གུས་ཚད་མེད་བྱས། དད་གུས་བྱེད་མཁན་གྱི་ཁྲོད་དུ་གོས་ཕྲུག་རྩ་ཆེན་གྱོན་པའི་དཔོན་པོ་དང་ཕྱུག་པོ་འདུག་ཅིང་། ན་བཟའ་དམར་སེར་བེ་བནབས་པའི་བླ་མ་དང་བན་དེའི་རིགས་ཀྱང་འདུག་པར་མ་ཟད། ཐ་ན་ཕྱུགས་རྫི་དང་བྱིས་པའང་འདུག ལོ་ན་རྒས་པའི་ཨ་ཡེ་རྒན་མོ་འགས་ཀྱང་ཕྲེང་བ་འདྲེན་ཞོར་དུ་ལག་རྟེན་ལ་ཁེན་ནས་ཁོ་ལ་ལྟ། ཕལ་ཆེར་མི་དེ་རིགས་ཀྱིས་ཀྱང་ཁོ་རང་གི་གམ་དུ་འགྲོ་ཐུབ་པར་རེ་སྨོན་བྱེད་ཀྱིན་པ་འདྲ།
ཁོ་རང་ལ་རང་དབང་མེད་པར་ང་རྒྱལ་ཞིག་སྐྱེས། ཁོའི་སེམས་ལ་རང་ཉིད་ནི་ཅི་འདྲའི་ལས་ཅན་ཞིག་རེད་ཨང་སྙམ། འོན་ཀྱང་ཁོས་སྔོན་ནས་བཟུང“ལས་ཅན”ཟེར་བ་དེ་ཅི་འདྲ་ཞིག་ལ་ཟེར་བའང་རྟོགས་མྱོང་མེད། ད་ལྟ་ཁོ་རང་ངོ་མཚར་གྱི་ཞིང་ཁམས——ཚོན་ལྡན་གྱི་རི་མོ་དེའི་ཁོར་ཡུག་ཏུ་བསླེབས་ནས་ཕྱི་རོལ་གྱི་མི་རྣམས་ཀྱི་ངང་ཚུལ་ལ་ལྟད་མོར་ལྟ་དུས། ཁོ་རང་ཡང་རང་ཉིད་ལ་ཡིད་སྨོན་སྐྱེས། ཁོ་རང་ལ་ཁོང་འཛུམ་ཞིག་ལངས།

ཁོ་རང་སྔར་མལ་དུ་ལངས་ཏེ་ལྟ་མཁན་དག་དང་ལྷན་དུ་ཧུར་རེར་ཅེར་འདུག ཚོན་ལྡན་གྱི་རི་མོ་ཞིག ཧ་ཅང་མཛེས་ཤིང་བློ་ཡུལ་ལས་འགོངས་པའི་སྒྱུ་རྩལ་གྱི་གསོན་ཉམས་ལྡན་པའི་སྣང་བཪྙན་དེས་ཁོ་རང་ཡང་ཟིལ་གྱིས་མནན་པ་འདྲ། ཁོ་རང་སྔོན་ཆད་དང་མི་འདྲ་བར་ཅུང་ཟད་བག་འཁུམས་པར་གྱུར།
རྒྱང་རིང་གི་མཛེས་པ་དེ་དག་གི་ཕྱི་མིག་ཀྱང་ཁོ་ཚོའི་སྟེང་དུ་འཕངས་ཡོད་པ་འདྲ། ཁོ་ཚོའི་སེམས་ཀྱང་དེ་དག་གིས་བཀུགས་པ་ཨེ་ཡིན། འོ་ན་དེ་དག་ལས་འདས་པའི་ལྐོག་གྱུར་གྱི་ནུས་མཐུ་གཞན་ཞིག་གིས་ཡིན། ཁོས་ཀྱང་མི་རྟོགས། ཁོ་རང་གི་སེམས་ལ་སྣ་ཚོགས་པའི་འཆར་སྣང་ཞིག་སྐྱེས།
ཁོ་རང་སྔོན་ལྟར་འགྲེང་སྟེ་ཅེ་རེར་ལྟ། ལྟ་མཁན་གཞན་དག་ཀྱང་ཁོ་རང་དང་འདྲ། ཅེ་རེར། མིག་རྡེབ་ཙམ་ཡང་མི་བྱེད།
ཅི་འདྲའི་ཞིང་མཆོག་ཅིག་ཨང་། ཁོས་ཀྱང་རང་སེམས་ནས་དེ་ལྟར་སྨོན་པ་ཡང་ཡང་སྐྱེས། ཁོ་རང་གིས་བལྟས་ཀྱིན་བལྟས་ཀྱིན་དུ་སླར་ཡང་རི་མོ་དེའི་ནང་དུ་སོང་། ཡོད་ཚད་ཀྱིས་སྔོན་ལྟར་ཁོ་རང་ལ་ལྟ། ཁོས་ཀྱང་ཁོ་ཚོར་བལྟས། སྔོན་གྱི་དེ་ཚོ་རེད། ཁོས་ཀྱང་སྔོན་ནས་བལྟས་ཟིན་པས་ངོ་གདོང་དེ་དག་རྒྱས་ཡོད་ཤ་སྟག་རེད། ཡིན་ཡང་ཁོ་ཚོས་ཅི་ཞིག་གླེང་གིན་ཡོད་པ་ཁོས་ཀྱང་སྔོན་ལྟར་ཐོས་མི་འདུག
མཆུ་ཏོ་འགུལ་འགུལ་བྱེད་པ་དེ་ཅི་ཡིན་ནམ། གསོལ་བ་འདེབས་ཀྱིན་པའམ་ཡང་ན་ཁ་བརྡ་བྱེད་པ་ཡིན?ངོ་མ་འཇིག་རྟེན་གཉིས་ན་གནས་པའི་མི་རུ་གྱུར་འདུག
ཁོའི་སེམས་ལ། ལྟ་མཁན་འདི་ཚོ་སྔོན་ལྟར་གཉའ་ཞུམ་བག་འཁུམས་ཀྱི་ངང་ཅེར་ནས་དུས་ཡུན་སྐར་ཆ་ཙམ་ལའང་ཕྱིར་བཀྱེད་རྩིས་མེད་པར་གཞིགས་ན། རང་ཉིད་ཀྱི་སྡོད་གནས་འདི་ནི་ཆེས་ངོ་མཚར་ཞིང་ཆེས་རླབས་ཆེན་གྱི་“ཞིང་ཁམས”ཤིག་ཡིན་རྒྱུ་རེད་སྙམ།
ཁོ་རང་ལ་སྔོན་ལྟར་ང་རྒྱལ་ཞིག་སྐྱེས། ངོ་མ་ཁོ་རང་གིས་སྡོད་གནས་དེ་ནས་ཕྱིར་ལྟ་དུས་ཁང་བའི་འདིའི་དྲ་སྒོ་ནས་ཕྱིར་ལྟ་བ་དང་གཉིས་སུ་མི་འདུག་སྟེ། ཁ་གཏད་དུ་ཡོད་པ་དེ་དག་ཁོ་ན་ལས་མཐོང་མི་ཐུབ།
ཁོ་རང་སྔོན་ནས་སྡོད་པའི་མི་དེ་དག་དང་ཁ་གཏད་དུ་བསྡད་ནས་ཞིབ་ལྟ་བྱས། བལྟས་ཀྱིན་བལྟས་ཀྱིན་དུ་ཁོས་མཉམ་འཇོག་བྱས་བྱུང་། ཁོ་རང་གི་ཁ་གཏད་དུ་ཡོད་པའི་འདྲ་མིན་གྱི་ངོ་གདོང་རེ་རེའི་དཀའ་སྤྱད་ཀྱི་གཉེར་རིས་དང་དཀར་ནག་བསྡེབས་པའི་སྐྲ་ལོ། ཆུ་འོད་འཚེར་བའི་མིག་མདངས་བཅས་ཀྱི་ཁྲོད་དུ་རེ་ཆད་དང་སྨྲེང་སེམས་ཀྱིས་ཁེངས་འདུག སྔོན་ལྟར་ཁོ་ལ་ཅེར་འདུག
ཅིའི་ཕྱིར་དུ་ཡིན་ནམ ཁོ་རང་གི་ང་རྒྱལ་གྱི་བསམ་པ་དེ་ཡང་རིམ་བཞིན་ཡ་མཚར་བའི་དོགས་སྣང་ཞིག་ཏུ་འགྱུར་སོང་།
ལྟ་མཁན་དེ་དག་སྔོན་ལྟར་དལ་བྲེལ་ཅི་ཡང་མེད་པར་དད་གུས་དང་གསོལ་འདེབས་བྱེད་བཞིན་འགྲེང་ནས་འདུག་ཅིང་། ཁོ་ཚོའི་རྒྱབ་ངོས་ན་མི་ཧ་ཅང་མང་པོ་ཞིག་བྲེལ་བྲེལ་ངང་ཕར་ཚུར་འགྲོ་འོང་གི་འཚུབ་ལོང་དཀྲིགས་ཀྱིན་སྣང་། ཁོ་ཚོ་ཅི་ཞིག་ལ་བྲེལ་འཚབ་ལངས་པ་ཁོ་རང་གིས་ཀྱང་མི་རྟོག ཁོ་ཚོ་གང་ནས་འོང་བ་དང་གང་དུ་འགྲོ་བའང་ཁོ་རང་གིས་རྟོགས་མི་འདོད།
ཁོ་རང་སྔར་མལ་དུ་འགྲེང་ནས་ཅེ་རེར་ལྟ། ཚོན་ལྡན་གྱི་རི་མོ་ཞིག མིང་བྱང་དུ《དག་པའི་ཞིང》ཞེས་པའི་གཡོན་ཕྱོགས་ཀྱི་སྣེ་ཟུར་དུ་འཁོད་འདུག དལ་བུར་འཕྱུར་བའི་སྨིག་ལོང་། ཡམ་ཡོམ་དུ་མངོན་པའི་འཕྲུལ་མཁར་གྱི་རྒྱ་ཕིབས། གར་སྟབས་དང་སྒེགས་ཉམས་ངོམ་པའི་ལྷ་མོ······ངོ་མ་དག་པའི་ཞིང་ཁམས་རེད།
ཁོ་རང་གིས་ལྟ་བཞིན་དུ་རྨི་ལམ་ལྟ་བུའི་བཤད་རྒྱུན་རིང་མོ་ཞིག་རྣ་ལམ་ཏུ་འཁོར་བྱུང་། ······ཟོས་གོས་ཐམས་ཅད་རང་འགྲུབ་ཡིན་པ······ཚེ་ལོ་ཁྲི་ཕྲག་ཐུབ་པ······མཁའ་རུ་འཕུར་ཞིང་སྤྲོ་རྩེད་ལ་གཡེང་བ་ཁོ་རང་གི་སྣང་རྟོག་གི་ལམ་དུ་ཤར་ཞིང་སྨོན་པ་བྱེད་མྱོང་བ་དེ་དག་དང་ཨ་ན་མ་ན་རེད།
ཁོ་རང་གིས་ལུས་པོ་འགུལ་ཙམ་ཡང་མི་བྱེད་པར་ཅེར་ནས་སྡོད། བལྟས་ཀྱིན་བལྟས་ཀྱིན་མིག་ལམ་གྱི《དག་པའི་ཞིང》དེ་རིམ་བཞིན་ཇེ་ཆེར་འགྲོ་བཞིན་པ་འདྲ། གཡོ་འགུལ་བྱས་བྱུང་། དངོས་ནས་གཟུགས་ཅན་ཇི་བཞིན་ཚེ་སྲོག་གི་རྒྱུན་ཞུགས་བཞིན་པར་སྣང་། ཁོས་མྱུར་མོར་ལག་པས་མིག་གཉིས་ཀ་ཕུར་ཕུར་ཙམ་བྱས་ནས་བལྟས་ཚེ་སྔོན་ལྟར་འདུག


ཁོ་རང་གིས་མུ་མཐུད་དུ་ཅེར་ཞིང་སྡོད། མིག་རྡེབ་ཙམ་ཡང་མི་བྱེད། དེ་ལྟར། དེ་ལྟར་ངང་ཁོ་རང་སླར་ཡང་རི་མོ་དེའི་ནང་དུ་འཛུལ། ཚང་མས་ཁོ་ལ་ལྟ། ཁོས་ཀྱང་ཚང་མར་བལྟས། ངོ་མ་ཁང་བའི་དྲ་སྒོ་ཕྱེ་སྟེ་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་ལྟ་བ་དང་མཚུངས། ཁོ་རང་གི་ཁ་གཏད་དུ་ཡོབ་པ་ནི་སྔོན་གྱི་མི་དེ་དག་ཁོ་ན་རེད། ཁོ་ཚོས་སྔོནལྟར་ཁོ་རང་གི་སྡོད་གནས་དེར་ཡིད་སྨོན་དང་བཅས་གསོལ་བ་འདེབས། ལོ་ན་རྒས་པའི་ཨ་ཡེ་རྒན་མོ་དེ་ཚོས་ཕག་འཚལ་འོང་།
ཅིའི་ཕྱིར་དུ་ཡི་ནམ། ཅིའི་ཕྱིར་ཁོ་ཚོས་འདི་ལྟར་ཡིད་སྨོན་བྱེད་པ་ཡིན? འོན་ཀྱང་ཁོ་ཚོའི་རྒྱབ་ཕྱོགས་སུ་ཤར་རེར་ཤར་རེར་འགྲོ་འོང་བྱེད་པའི་མི་དེ་དག་གིས་རང་ཉིད་ལ་བལྟ་ཙམ་ཡང་མི་བྱེད་པ་ཅི? ཁོ་ཚོ་འཚུབ་འཚུབ་ངང་སྐད་ཅིག་ལ་མངོན་ཞིང་དེ་འཕྲལ་ཡལ་འགྲོ ཅི་ཞིག་ལ་བྲེལ་བ་ཡིན་ནམ།
ཁོ་རང་གིས་དེ་ལྟར་བསམ་བློ་གཏོང་། སྔོན་གྱི་མི་དེ་དག་སྔར་བཞིན་ཁོའི་ཁ་གཏད་དུ་བསྡད། ཕལ་ཆེར་ཁོ་ཚོ་ནམ་ཡིན་ཡང་དེ་ལྟར་སྡོད་རྒྱུ་ཡིན་པ་འདྲ། ཁོ་རང་ལ་སླར་ཡང་ང་རྒྱལ་གྱི་སྣང་བ་ཞིག་སྐྱེས་འོང་།
ཡུད་ཙམ་ནས། སྐེ་དཀྲིས་དམར་བོ་བཏགས་པའི་བྱིས་པ་འགའ་རྩེད་བཞིན་དུ་ཁོ་རང་གི་མདུན་རོལ་ཏུ་ཐོན། ཁོ་ཚོས་མཛུབ་མོ་ཀེར་ཀེར་གྱིས་ཁོ་རང་ལ་ལྟ་བཞིན་གད་མོ་དགོད། ཁོ་རང་ལ་དེ་འཕྲད་ཁོང་ཁྲོ་ཞིག་ལངས་ཤིང་ཁོ་ཚོ་སྡིགས་མོ་བྱེད་རྩིས་བྱས་ཚེ། ཁོས་ད་གཟོད་རྟོགས་བྱུང་།  —ཁོ་རང་ལ་སྔོན་ནས་ཚེ་སྲོག་གིས་བཏང་ཟིན། ཁོ་རང་ནི་ཚོན་ལྡན་གྱི་རི་མོ་ཞིག་རེད། བྱིས་པ་ཚོའི་དགོད་སྒྲ་དེ་རིམ་བཞིན་རྒྱུང་རིང་དུ་ལ་སོང·······

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྲིད་པ་ཆགས་གླུ་སོགས་གདོད་མའི་སྙན་ངག་ཡིན་ནམ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་ཡུལ་གྱི་གེ་སར་སྒྲུང་གི་ངག་རྒྱུན་སྐོར།
  • སྡེ་དགེ་རྫ་ཆུ་ཁའི་གནས་ཚུལ་སྙིང་བསྡུས་དང་ཡུལ་སྲོལ་འགའ།
  • བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར།
  • བུད་མེད་ཞིག་གིས་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས།
  • གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།