མཁན་རྒན་བསམ་གཏན་བློ་གྲོས་ཀྱི་རྣམ་ཐར།
སྡེ་དགེའི་རྒྱལ་རབས་མུ་ཏིག་ཕྲེང་བ་ལས་ཟུར་འདོན་ཞུས། མཛད་པ་པོ་བར་མ་མཁན་པོ་ངེས་དོན།
༈ མཁན་ཆེན་ངག་དབང་བསམ་གཏན་བློ་གྲོས་ནི། མདོ་ཁམས་འབྲི་རྫ་ཟལ་མོ་སྒང་གི་ཐིག་ལེ་སྡེ་བཞི་དགེ་བཅུའི་འབྱོར་པས་གཏམས་པའི་རྒྱལ་ཁབ་ཆེན་པོ་ལྷུན་གྲུབ་སྟེང་ཞེས་བྱ་བ་འདི་ཉིད་དང་ཉེ་བའི་ཆབ་འབངས། ཟིལ་ལྷ་སྡེ་དཀར་པོའི་ནང་གསེས་དངུལ་ཕུ་ནང་དུ་ཡབ་འབེ་སྤོ་རུ་བྱམས་ཆོས་དང་། ཡུམ་བོ་ཆུང་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་འབྲུག་ཕྱི་ལོ་༡༨༦༨ལོར་སྐུ་འཁྲུངས། སྐུ་ཆུང་ངུ་ནས་བྱིས་པའི་སྤྱོད་པ་ལས་འདས་ཤིང་ཡ་རབས་ཀྱི་སྤྱོད་ཚུལ་ལ་གནས་པ། དད་པ་སྙིང་རྗེ་སོགས་དམ་པའི་རིགས་དང་ལྡན་པས་ཆོས་གྲྭ་ཆེན་པོ་ལྷུན་གྲུབ་སྟེང་གི་གྲྭ་སར་ཞུགས་ནས་དགུང་ལོ་བརྒྱད་པའི་དུས་ཀློག་སློབ་པ་ན་དཀའ་ཚེགས་མེད་པ་ཡིག་དཀར་ནག་ཐམས་ཅད་མཁྱེན། དགོན་པའི་ཚོགས་འདོན་སྐོར་རྣམས་ཚར་ཁ་ཤས་རེས་ཐུགས་སུ་ཆུད་པས་ཐམས་ཅད་ཀྱིས་བཙུན་ཆུང་འདི་སྔོན་སྦྱངས་ཅན་ཞིག་ཡིན་འདུག །འདི་འདྲའི་ཤེས་རབ་ཆེ་ལུགས་ལ་དཔག་ན་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་འབྱུང་བར་འདུག་ཅེས་གླེངས། སྔོ་གནའ་བླ་མ་དོན་གྲུབ་རྒྱལ་མཚན་ལས་ཆོ་གའི་ཕྱག་བཞེས། འདོན་རྟ་དབྱངས་འབུད་བརྡུང་དཀྲོལ་གསུམ། དཀྱིལ་འཁོར་བྲི་ཐིག་རྣམས་བསླབ་པས་མཁས་པའི་ཕུལ་དུ་ཕྱིན། དགུང་ལོ་ཉེར་གསུམ་པར་ངོར་ཨེཝཾ་ཆོས་ལྡན་དུ་གྲྭ་སར་ཕེབས། མཁན་ཆེན་ངག་དབང་བློ་གྲོས་སྙིང་པོ་ལས་ཚིགས་གསུམ་བར་མ་ཆད་པའི་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཚན་ངག་དབང་བསམ་གཏན་བློ་གྲོས་གསོལ། གཞན་ཡང་རྗེ་དེ་ལས་ལམ་འབྲས་སོགས་སྨིན་གྲོལ་རྒྱ་ཆེར་གསན། སྔ་ཕྱིར་གསན་བསམ་མཛད་ཚུལ་ཡང་། གཞོན་ནུའི་དུས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཇལ་བར་ཕེབས་པས་རྗེ་དེས་ཐུགས་དགྱེས་པ་ཆེན་པོ་དང་བཅས་བསྟན་པ་ལ་ཕན་ཐོག་པའི་ལུང་བསྟན་དང་། ཚེ་དབང་། གང་བློ་མའི་རིག་གཏད་དང་ལུང་བསྩལ་ཞིང་བྱིན་རླབས་བཀའ་བསྒོ་དང་སྨོན་ལམ་རྒྱས་པར་མཛད་པས་རྟེན་འབྲེལ་ཤིན་ཏུ་དགེ་བར་གྱུར། ལྔ་རིག་སྨྲ་བའི་མཁས་དབང་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ལས་སུམ་རྟགས་དག་གསུམ་གྱི་བཤད་པ། ནག་རྩིས། དཀར་རྩིས། དགུ་མཐའ། སྒྲ་ཀཱལཔའི་མཚམས་སྦྱོར་མིང་ལེ་བཅས་པའི་རི་མོ། སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན། ཚུལ་གསུམ་དང་ལྗོན་ཤིང་མཛེས་རྒྱན། དབུ་མ་འཇུག་པ་དང་རྒྱན། སྤྱོད་འཇུག་དང་རྒྱུད་བླ། བཤེས་སྤྲིང་སོགས་ཀྱི་བཤད་པ་ཞིབ་མོ་གསན་ཅིང་སློབ་གཉེར་གྱི་གཞི་ཐེངས་པར་མཛད། མི་ཕམ་འཇམ་པའི་དབྱངས་ལས་མདོ་སྡུད་པ་འགྲེལ་པ་ལུགས་གཉིས་ཀྱི་བཤད་ལུང་དང་། འབྱེད་རྣམ་གཉིས་ཀྱི་བཤད་པ། སྔོ་གནའ་དོན་རྒྱལ་ལས་དཀར་ནག་རྩིས་ཀྱི་ལག་ལེན། གོ་ལའི་རྣམ་བཞག་གསོ་དཔྱད་ཀྱི་སྐོར་ཕལ་ཆེར་དང་། འཚོ་བྱེད་ཞྭ་ཆེན་བླ་སྨན་པ་དང་། བློ་གྲོས་ཕུན་ཚོགས་གཉིས་ལས་རྩ་མདོ་ཆུ་མདོ་དང་། ལྡུམ་བུ་ངོ་སྤྲད། སྨན་གྱི་བསྡུ་སྦྱོར་སོགས་གསན་ནས་ལག་ལེན་ཡང་མཛད། མཁན་ཆེན་གཞན་ཕན་སྣང་བ་ལས་སྤྱོད་འཇུག་རིགས་ཚོགས་ལྔ། དབུ་མ་འཇུག་པའི་བཤད་པ་གསན། རྟོགས་ལྡན་ལྷག་བསམ་ལས་སུམ་རྟགས་བཤད་པ། སྡེབ་སྦྱོར་རིན་འབྱུང་། སྒྲ་ཀཱལཔའི་རི་མོ། མཁས་དབང་དབྱངས་ཅན་སྙེམས་པའི་ལང་ཚོ་ལས་དབྱངས་ཅན་སྒྲ་མདོ། སྙན་ངག་ལེའུ་བར་པ། སྤྱོད་འཇུག་ཤེར་ལེ་བཅས་ཀྱི་བཤད་པ་གསན། མཁས་དབང་ཨ་དཔལ་ལས་ཚུལ་ཁྲིམས་རྣམ་དག་མདོ་འགྲེལ། སྤྱོད་ཊཱིཀ། གང་བློ་མའི་འགྲེལ་པ་སོགས་གསན། བླ་མ་ཆོས་དབྱིངས་འོད་གསལ་ལས་ཚིག་བདུན་བླ་མའི་རྣལ་འབྱོར། ཚོགས་མཆོད། རྣམ་བཤད་པདྨདཀར་པོ། དབུ་མ་རྒྱན་གྱི་འགྲེལ་ཆེན། བསྟོད་ཚོགས་སྐོར་སོགས་གསན། ཕན་ཁང་མཁན་རིན་པོ་ཆེ་དཔལ་ལྡན་བློ་གྲོས་རྒྱལ་མཚན་ལས་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་ལུང་ཁྲིད། དྲི་མེད་རྣམ་གཉིས་ཀྱི་དབང་ལུང་། སྒྲུབ་ཐབས་ཀུན་བཏུས་ཕལ་ཆེར་གསན། ཕན་བདེ་མཁན་ངག་དབང་ཀུན་དགའ་བསྟན་པའི་རྒྱལ་མཚན་ལས་འཇིགས་བྱེད་ལྷ་དགུ་མའི་དབང་ལུང་ཁྲིད་སོགས་གསན། འཇམ་མགོན་བློ་གྲོས་མཐའ་ཡས་ལས་སྨིན་གླིང་བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་། འབྲུག་ལུགས་གྲུབ་བརྒྱའི་བྱིན་རླབས། བླ་མ་ནོར་ལྷའི་དབང་ལུང་། ལྷ་མོ་དཔལ་གྱི་སྒོམ་ལུང་། འཇམ་དབྱངས་དང་། སྒྲོལ་དཀར་རྗེས་གནང་། གང་བློ་མའི་ལྗགས་ལུང་སོགས་གསན། ཁྱད་པར་རྒྱུད་སྡེ་རྒྱ་མཚོའི་གསང་བའི་མཛོད་འཛིན་འཇམ་དབྱངས་བློ་གཏེར་དབང་པོ་ལས་སྒྲུབ་ཐབས་རིན་པོ་ཆེ་ཀུན་ལས་བཏུས་པ་ཡོངས་རྫོགས་དང་། རྒྱུད་སྡེ་ཀུན་བཏུས་ལས་བྱ་སྤྱོད་སྐོར་ཕར་ཆེར་དང་། བདེ་མཆོག་སྐོར་ཡོངས་རྫོགས། དུས་འཁོར། ཀྱེ་རྡོར་སྐོར་སོགས་གསན་པ་དང་། རྗེ་དེ་ལས་མ་གསན་པ་རྣམས་རྗེ་དེའི་ཐུགས་སྲས་བེ་ཚང་ཆོས་རྗེ་མཁས་གྲུབ་རྒྱ་མཚོ་ལས་གསན་ཏེ་མདོར་ན་ཡབ་སྲས་དེ་གཉིས་ལས་རྒྱུད་སྡེ་ཀུན་བཏུས་ཀྱི་སྨིན་གྲོལ་ཡོངས་རྫོགས་གསན། གཞན་ཡང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་སློབ་བཤད་ཀྱི་སྨིན་གྲོལ་ཡོངས་རྫོགས་དང་། ཀྱེ་རྡོར་རྒྱུད་གསུམ་གྱི་བཤད་པ། མགོན་པོ་བཀའ་བབས་བཞིའི་དབང་རྗེས་གནང་ཕྱི་གནང་གསང་བའི་ཁྲིད་དང་བཅས་པ། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཁྲིད་བཅས། བློ་སྦྱོང་ལེགས་བཤད་ཀུན་བཏུས་དང་སྙན་བརྒྱུད་ཆེན་མོ་སོགས་བློ་སྦྱོང་སྐོར་མང་པོ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ས་སྐྱ་འི་བཀའ་འབུམ། རྗེ་ཉིད་ཀྱི་གསུང་རབ་རྣམས་ཀྱི་ལུང་སོགས་ཟབ་ཆོས་རྒྱ་མཚོ་ལྟ་བུར་གསན་པས་རྩ་བའི་རིགས་བདག་ཏུ་བཟུང་། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལས་མཁའ་འགྲོ་གསང་འདུས་དབང་ལུང་ཁྲིད། གྲུབ་ཐོབ་ཐུགས་རིག་རྩ་དབང་། ཐུགས་སྒྲུབ་རྣམ་གཉིས་སོགས་དང་། ཐུབ་བསྟན་ལེགས་བཤད་བཟང་པོ་ལས་སྒྲུབ་ཐབས་རིན་འབྱུང་ཁ་སྐོང་དང་བཅས་པ་གསན། ཁང་གསར་ཞབས་དྲུང་བཀྲ་ཤིས་རྒྱ་མཚོ་ལས་ཆགས་མེད་རྣམ་བཞིའི་དབང་བྱིན་རླབས། དམར་པོ་སྐོར་གསུམ་གྱི་པོད། བཀའ་གདམས་གླེགས་བམ་གྱི་ལུང་སོགས་གསན། མཁན་ཆེན་བཀྲ་ཤིས་འོད་ཟེར་ལས་ཀར་ལུགས་བདེ་མཆོག་དབང་རྗེས་གནང་། ཕྱག་ལེན་ཁྲིད་སོགས་དང་། ཤར་ཆེན་འཇམ་དབྱངས་ཆོས་ཀྱི་ཉི་མ་ལས། ཚེ་དཔག་ལྷ་དགུའི་དབང་གསན། རྫོགས་སྤྲུལ་ལྔ་པ་ལས་དཀོན་སྤྱིའི་ཚེ་དབང་དང་། ཉི་གྲགས་ཐུགས་ཆེན། བདུད་རྩི་སྨན་གྱི་སྒྲུབ་དབང་། དགེ་མང་སྐུ་ཞབས་ལས་གཞན་ཕན་མཐའ་ཡས་ཀྱི་ཞལ་གདམས་གསུང་མགུར་སོགས་ཀྱི་ལུང་དང་། སེམས་ཁྲིད་རྣམས་གསན། ཀཿཐོག་སི་ཏུ་ལས་མཁྱེན་བརྩེ་དབང་པོའི་དགོངས་གཏེར་རྩ་གསུམ་འོད་གསལ་སྙིང་ཐིག །འཁོན་ལུགས་ཕུར་པ་ཇོ་ནང་ནས་བརྒྱུད་པའི་སྨིན་གྲོལ། བཀའ་མའི་སྒྱུ་འཕྲུལ་ཞི་ཁྲོ། ཐུགས་སྒྲུབ་བར་ཆད་ཀུན་སེལ་སོགས་གསན། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨརྣམ་རྒྱལ་ལས་ཕུར་པ་ཡང་གསང་སྤུ་གྲིའི་དབང་ལུང་། ཐང་རྒྱལ་པའི་གཅོད་དབང་ཁྲིད་པོད་ལུང་། ཀར་གླིང་ཞི་ཁྲོའི་དབང་བར་དོ་དྲུག་ཁྲིད། ཡང་དག་ཕུར་པ། གྲུབ་ཐོབ་ཐུཊ་ཏིག་ཡང་ཕུར་སྒྲགས་མ་རྣམས་ཀྱ་ིདབང་སོགས་གསན། སྒ་ངག་དབང་ལེགས་པ་ལས་ས་འཇམ་སྦགས་སྒྲུབ་ཀྱ་ིབྱིན་རླབས། འཇམ་དབྱངས་བསྟན་འཕེལ་ལས་མཁའ་སྤྱོད་བྱིན་རླབས། ཡེ་ན་བླ་མ་སངས་རྒྱས་བསྟན་འཛིན་ལས་སྒྲུབ་ཐབས་ཀུན་བཏུས་པོད་དགུའི་ལུང་། དཀོན་ལྷུན་དང་ཞུ་ཆེན་བཀའ་འབུམ་གྱི་ལུང་སོགས་གསན། བླ་མ་དཀོན་མཆོག་རྒྱལ་མཚན་ལས་ངོར་ཆེན་བཀའ་འབུམ། རྒྱུད་སྡེ་ཀུན་བཏུས་ཀྱི་ལུང་ཡོངས་རྫོགས། ཤར་བླ་མ་ངག་དབང་བློ་གྲོས་ལས་གུར་མགོན་གཞུང་པོད་ཡོངས་རྫོགས། ཞལ་པོད་གཉིས། ལས་གཤིན་དང་བེཀྩེའི་པོད་བཅས་ཀྱི་ལུང་གསན། དཔལ་ལྡན་འཇམ་དབྱངས་ལས་ཞལ་གྱི་རྗེས་གནང་ཡོངས་རྫོགས་དང་ཁྲིད་པོད་ལུང་བཅས་དང་། ངོར་ལུགས་རྭ་པོད་ཀྱི་ལུང་། བླ་མ་ངག་དབང་བསྟན་པ་ལས་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དབང་། མཁའ་སྤྱོད་བེའུ་བུམ་གྱི་ལུང་། འབྲུ་འཇམ་དབྱངས་གྲགས་པ་ལས་ཇོ་ལུགས་དུས་འཁོར་གྱི་ཁྲིད་ལུང་། མི་ཕམ་འགྲེལ་ཆེན་གྱི་བཤད་ལུང་། ལམ་རིམ་ཡེ་ཤེས་སྙིང་པོའི་ལུང་སོགས་གསན། མཁས་བཙུན་བླ་མ་འཇམ་དབྱངས་རྒྱལ་མཚན་ལས་དབུ་མ་བཞི་བརྒྱ་པ། རྒྱུད་སྡེ་སྤྱི་རྣམ། མངོན་རྟོགས་ལྗོན་ཤིང་སོགས་གསན་ཏེ་མདོར་ན་རིས་སུ་མ་ཆད་པའི་ཡོངས་འཛིན་དུ་མ་བསྟེན་ནས་མང་དུ་ཐོས་པའི་མཐར་སོན་པར་མཛད། དེ་དག་ཀྱང་ཐོས་པ་ཙམ་མ་ཡིན་པར་བསམ་བྱུང་རིག་པས་སྒྲོ་འདོགས་ལེགས་པར་བཅད་དེ་ཕྱི་ནང་རིག་གནས་དང་བཅས་པ་སྤྱི་དང་བྱེ་བྲག་རང་ལུགས་རྗེ་བཙུན་གོང་མའི་གསུང་རབ་འཁྲུལ་པའི་དྲི་མ་ཐམས་ཅད་དང་བྲལ་བ་ལ་དབྲོག་ཏུ་མེད་པའི་ངེས་ཤེས་བརྙེས། ཐོས་བསམ་གྱིས་གཏན་ལ་ཕབས་པའི་དོན་བསྒོམ་པས་ཉམས་སུ་བླངས་ཏེ་བསྒོམས་བྱུང་གི་ཡེ་ཤེས་མངོན་དུ་གྱུར། བསྙེན་སྒྲུབ་མཛད་པའང་འབྱུང་འདུལ། ཀྱེ་རྡོར་བསྙེན་ཆེན། ཀུན་རིག །རིགས་གསུམ་སྤྱི། རྣམ་སྣང་མངོན་བྱང་། རྡོར་དབྱིངས། གསང་བདེ། རྣལ་འབྱོར་མ། དུས་འཁོར་། ཕུར་པ། མི་འཁྲུགས། ཚེ་དཔག་ལྷ་དགུ། སྒྲོལ་མ་དཀར་དམར། རྣམ་རྒྱལ་འཇོམས། རྟ་མགྲིན། འཇམ་དཀར། དབྱངས་ཅན་མ། རིགས་བྱེད་མ། ཐང་རྒྱལ་ཚེ་སྒྲུབ། གྲུབ་རྒྱལ་ཚེ་སྒྲུབ། མགོན་པོ་ཆེ་ཆུང་། དཀོན་མཆོག་སྤྱི་འདུས་བསྙེན་སྒྲུབ་ལས་གསུམ་ཚད་ལྡན། འཆི་མེད་འཕགས་མའི་སྙིང་ཐིག་གི་བསྙེན་སྒྲུབ་གནང་བས་མཚོན་གསར་རྙིང་གི་ལྷག་པའི་ལྷ་མང་པོའི་བསྙེན་པ་དང་། ཁྱད་པར་དུ་དཔལ་རྡོ་རྗེ་འཇིགས་བྱེད་ངོར་ཚར་གྱི་བཀའ་སྲོལ་སོ་སོའི་བསྙེན་ཆེན་རྒྱས་པ་གནང་སྟེ་རྒྱུན་དུ་ཐུགས་དམ་གྱི་སྙིང་པོར་མཛད། ལྷག་པའི་ལྷ་འདི་དང་མགོན་པོ་གཉིས་ལས་མཐུ་སྟོབས་ནུས་པའི་དབང་ཕྱུག་ཏུ་གྱུར། དངོས་གྲུབ་ཀྱི་མཚན་མ་བརྙེས་པའང་། ངོར་དུ་རྒྱུ་དབང་གསན་སྐབས་ཡེ་ཤེས་ཀྱི་ཉམས་མྱོང་སྐྱེས་ཤིང་། དེས་མཚོན་ལམ་འབྲས་ཀྱི་དབང་བྱིན་རླབས་ཐམས་ཅད་ལ་བྱིན་རླབས་ཀྱི་བབ་རེ་བྱུང་གསུངས་པ་དང་། ངོར་ཆེན་གྱི་འདྲ་སྐུ་མདུན་གསོལ་བཏབ་མཛད་པས་ཚེ་རབས་ཐམས་ཅད་དུ་ཐུགས་རྗེས་འཛིན་པའི་མཚན་མ་རྙེད་པ་དང་། དབང་ཁང་སྦུག་གི་མགོན་པོ་རླུང་ཞོན་མ་ཡེ་ཤེས་པ་དངོས་སུ་མཐོང་བ་དང་། ངོར་གྱི་གླིང་གསེབ་ཏུ་མི་རྒན་སྨ་ར་སེར་འཁྱུག་གེ་བ་ཞིག་མཐོང་བས་ཞལ་བཞི་པ་ཡིན་འདྲ་གསུངས། ས་སྐྱར་རྗེ་བཙུན་མ་རྟ་མགྲིན་དབང་མོ་མཇལ་བས་ཞལ་རས་དམར་ལ་སྤྱན་གསུམ་ཧྲིག་གེར་གཡོ་བ་མཇལ་བ་དང་། དགོན་ཆེན་ཉིད་དུ་ཀྱེ་རྡོར་གཞི་བསྙེན་སྐབས་ཐུན་བཅད་བཞིན་པའི་ཚེ་གཟིམས་སྒོ་ཕྱེ་བྱུང་བ་མི་ནག་པོ་མིའུ་ཐུང་ཨང་རག་གྱོན་པ་ཞིག་བྱུང་ནས་ཁྱོད་ཀྱི་མཐུན་རྐྱེན་ངས་སྒྲུབ། བར་ཆད་ཀྱང་ངས་སེལ་ཞེས་སྨྲས་ནས་ཡལ་བ་དང་། མགོན་པོའི་གསང་སྒྲུབ་བསྙེན་སྐབས་གུར་མགོན་སྐུ་ཁྲུ་གང་ཙམ་པ་མཇལ། གསོལ་བ་བཏབ་པས་སྐུ་དེ་མེ་འབར་བ་དང་བཅས་པའི་ཧཱུྂ་མཐིང་ནག་ཏུ་གྱུར་ནས་རང་ལ་ཐིམ་པས་བསྐྱེད་རིམ་ཤིན་ཏུ་བརྟན་ཅིང་ཐུན་གྲོལ་སྐབས་བསྡུ་མི་ནུས་པ་ལྟ་བུར་གྱུར་པ་དང་། རྗེ་བཙུན་གྲགས་པའི་སྐུ་བསྟོད་ཆོས་རྣམས་མ་འབུམ་ཐེར་ལྔ་བསགས་སྐབས་དངོས་ཉམས་རྨི་ལམ་དུ་ཞལ་མཐོང་གསུང་གི་དབུགས་དབྱུང་ཐོབ་པ་དང་། བློ་གཏེར་རྡོ་རྗེ་འཆང་དགོན་ཆེན་དབྱར་གནས་ལྷ་ཁང་དུ་བཞུགས་སྐབས་སྐུ་བཅར་ཞུས་པས་བླ་མ་གསང་བདག་ཕྱག་ན་རྡོ་རྗེ་དངོས་སུ་མཇལ་བ་དང་། ཚར་འཇིགས་བསྙེན་སྐབས་འཇིགས་བྱེད་ཀྱི་ཞལ་གཟིགས་པ་དང་། རྒྱ་མིའི་འཁྲུཊ་འཛིངས་སྐབས་དྲུག་ཅུ་ཉིན་བཅུ་བཞིར་གནང་བས་ཟོར་གཏོར་ལས་མེ་འབར་བ་མངོན་སུམ་དུ་བྱུང་བ་དང་། ཡང་སྐབས་དེར་མི་བསྲུན་པ་འགའ་ཞིག་གིས་བསྟན་དགོན་ལ་འཚེ་བ་ཐང་རྒྱལ་ལྷ་ཁང་དུ་བསྐང་གསོ་དང་དྲག་བསྐུལ་མཛད་པས་ལྷ་ཁང་གི་ལྡེབ་བྲིས་མགོན་པོའི་ཞལ་དང་ཐོད་པ་ལས་ཁྲག་གི་ཞམ་ཆུ་འབེབས་ཏེ་ཕ་རོལ་པོ་ལྔ་ལམ་དུ་གྱུར་པ་དང་། ལྕགས་རའི་མགོན་ཁང་དུ་བཤགས་པ་ཕྲིན་བཅོལ་མཛད་དེ་ཕྱག་གིས་ནས་བཤར་རྒྱབ་པས་མགོན་སྐུ་ལས་མེ་སྟག་འཕྲོ་བ་ཀུན་གྱིས་མཐོང་བ་དང་། སྡེ་དགེའི་སྲས་ཀྱིས་མགོན་ཁང་གསར་བཞེངས་སྐབས། ལྷ་མོའི་ལྕགས་སྙིང་སྒྲུབ་སྐབས་དེ་སྟེང་བྱ་ནག་བབ་པར་ཀུན་གྱིས་མཐོང་། བྱ་ནག་རབ་གསལ་ནས་ཕྱིར་འཕུར་ལྕགས་སྙིང་ལ་དྲོད་ཆེན་པོ་འབར་བ་དེ་འཕྲལ་ནང་རྟེན་དུ་བཞུགས། སྡེ་སྲས་ཨ་ཇ་གཉན་ལྡང་ལྷ་གསོལ་བྱོན་སྐབས་རྗེ་འདི་གདན་འདྲེན་ཞུས་པར་ལམ་བར་དུ་ཆིབས་འབྲོག་བྱུང་བས་སྐུ་ས་ལ་མ་ལྷུང་བར་རྫུ་འཕྲུལ་གྱིས་བསྐྱོད་དེ་ཕ་བོང་ཞིག་གི་སྟེང་དུ་བྱ་བབ་པ་ལྟར་བཞུགས་པ་དང་། གཉེན་ལྡང་དབུ་རྩེ་ལ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ཞིག་བཞེས་པ་ཕྱིས་དཔལ་མཆོག་མཆོད་རྟེན་དུ་བཞུགས་པ་དང་། གཙུག་ལག་ཁང་བསམ་གྲུབ་མཐོང་གྲོལ་ཆེན་མོའི་ངོར་ཆེན་འདྲ་སྐུ་ནམ་མཇལ་དུས་ཕལ་ཆེར་སྤྱན་གསུམ་ཁྲོ་འཛུམ་ཅན་སོགས་མཐོང་ཚུལ་མི་འདྲ་བ་བྱུང་བ་དང་། འཇིགས་བྱེད་ལྷ་ཁང་དུ་འཇམ་དཔལ་ཁྲོ་བོའི་ལས་སྦྱོར་སྐབས་གཏོར་མ་དང་ལིངྒ་ལས་ཁྲག་གི་ཞམ་ཆུའི་རྒྱུན་ཆེན་པོ་བབ་པ་དང་། ལས་གཏད་ཀྱི་གཏོར་མ་ཕྱག་གིས་བསྐུར་མ་དགོས་པར་དགྲ་ཡུལ་དུ་ཐེགས་པ་དང་། དྲྭ་སྒང་སྒྲུབ་སྡེར་གཏོར་སྒྲུབས་སྐབས་མགོན་པོའི་གཏོར་མ་ལས་རླངས་པ་འཕྱུར་ཞིང་གཏོར་མ་སྣོད་དང་བཅས་པར་ལྕགས་བསྲེག་ལྟ་བུའི་དྲོད་འབར་ཞིང་རེག་ཏུ་མི་བཟོད་པ་ཉིན་མང་པོ་གནས་པ་བྱུང་བ་དང་། ཞལ་གྱི་བསྐང་བ་རྒྱས་རེས་ཉིན་དེ་རིང་རྒས་པོ་ཕེབས་ཡོད་པ་འདུག་གསུངས་པ་དང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཞལ་ལན་གཉིས་ཙམ་བསྟན་ནས་བྱིན་གྱིས་བརླབས་པ་དང་། ལྷུན་གྲུབ་ཡང་རྩེར་བཞུགས་སྐབས་རྗེ་བཙུན་ས་སྐྱ་པ་དཀར་པོ་རྣམ་གསུམ་མཇལ་བ་དང་། དངུལ་སྲིབ་ཕྱོགས་ཀྱི་སྤངས་ལྗོངས་ལ་སྐྱོ་བསངས་སྐབས་མནལ་ལམ་དུ་རྗེ་བླ་མ་བློ་གཏེར་རྡོ་རྗེ་འཆང་སྐུ་ཚད་རི་དིལ་ཙམ་པ་དང་། གཡས་སུ་ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། གཡོན་དུ་དཔོན་སློབ་ངག་དབང་ལེགས་གྲུབ་དང་བཅས་པ་མཇལ་གསུང་ངག་རྒྱུད་གསུམ་གྱི་ཁྲིད་གནང་། སེམས་ལ་སྔར་མ་གོ་བའི་ངེས་ཤེས་སྐྱེས་པ་དང་མནལ་སད། ནག་ཕྱོགས་འཚུབ་འགྱུར་ལྡང་སྐབས་རྗེ་བཙུན་རིགས་བྱེད་མའི་ཏིང་འཛིན་གྱིས་རྒྱ་མིའི་དཔོན་ཆེན་ཁ་ཤས་ཀྱི་ཡིད་དབང་མེད་དུ་འཕྲོག་ནས་གུས་ཤིང་འདུད་པ་བྱས། རྒྱ་ཡི་དམག་མི་གཅིག་གིས་ཁྱོད་ཀྱི་ལུས་ལ་མེ་འབར་འདུག་ཅེས་རྒྱ་སྐད་ཀྱིས་ཟེར་ནས་གུས་པས་བཏུད་པ་བྱུང་། མདའ་དཔོན་བཀྲས་མཐོང་བའི་ཞབས་རིམ་དབང་གི་སྦྱིན་སྲེག་སྐབས་མེ་རང་འབར་དུ་གྱུར་པ་དང་། དངུལ་ཕུ་ནང་དུ་སྨན་ལུམ་མཛད་སྐབས་ཆབས་བསིལ་ཕེབས་པར་ཤར་ཕྱོགས་ནས་བྱ་གོ་བོ་ཞིག་འཕུར་བྱུང་བ། དབུ་ཀླད་ཙམ་དུ་སླེབས་པ་དང་སྡིགས་མཛུབ་མཛད། ཕཊ་དྲག་པོ་གསུང་བ་དང་ཐང་ལ་ལྷུང་། ཕྱི་ཉིན་ནང་མོ་གོ་བོ་ཤི་ཚར་འདུག་ཞུས་པས། དམ་སྲི་གདུག་པ་ཅན་རྣམས་བྱ་ཁྱི་ལ་རྫུས་པ་རེད། ཁ་སང་ངས་ལས་ཤིན་ཏུ་སྡུག་པོ་རེད་སོང་གཞན་སུ་ལ་མ་སྨྲ་བཀའ་ཆད་འོང་གསུངས། སྐུ་སེ་གྱེ་རང་གཞུང་ནས་བྱོན་སྐབས་ཆུ་བྲག་འཐབ་པའི་སྒྲ་ཐམས་ཅད་ཧ་ཱུྂདང་ཧྲཱིཿདྷ༄༅ིའི་སྒྲ་གྲགས་པར་ཐོས་པས་གཤིན་རྗེ་གཤེད་ཀྱི་གནས་ཁྱད་པར་ཅན་ཞིག་ཡིན་འདུག་གསུངས། དགོན་ཆེན་དུ་འདུ་བའི་དབུ་བཞུགས་སྐབས་ལན་གཅིག་སྣང་བ་ཐམས་ཅད་དབྱིངས་སུ་ཐིམ་པའི་སྟོང་ཆེན་གྱི་ཉམས་ཤར་བ་དང་། ཉམས་ཀྱི་སྣང་བར་གྲུབ་ཆེན་བིརཱུ་པ་མཇལ་ཏེ་དགྱེས་རྡོར་རྩ་རྒྱུད་ལམ་འབྲས་རྡོ་རྗེའི་ཚིག་རྐང་། དེའི་མན་ངག་དམར་ཁྲིད་སོགས་བོད་དུ་གྲགས་མ་གྲགས་ཀྱི་ཟབ་ཆོས་མང་དུ་གསན་པ་དང་། ཡང་གསལ་སྣང་ལ་ནམ་མཁའ་ལ་བྱ་ལྟར་འཕུར་ནས་བྱོན་པས་བྱང་ཤམྦྷར་ཕེབས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་མཇལ་ཏེ་དབང་དང་བྱིན་རླབས་བཞེས་པ་དང་། ནུབ་གཅིག་ཐོ་རངས་ཁར་བླ་མ་ངོར་ཆེན་མཇལ་གསོལ་བ་བཏབ་པས་ངོར་ཆེན་ཉིད་དགྱེས་རྡོར་ཡབ་ཡུམ་དུ་གྱུར། དབང་གི་ལྷ་རྣམས་ནམ་མཁར་འདུས་ཏེ་དབང་བཞི་གཅིག་ཆར་དུ་བསྐུར་བས་ཏིང་ངེ་འཛིན་གྱི་ངང་དུ་འབྱམས་ཀླས་པ་དང་། ཡང་བྱང་ཕྱོགས་ལྕང་ལོ་ཅན་དུ་ཕེབས་དཔལ་ཕྱག་ན་རྡོ་རྗེ་ཤིན་ཏུ་ཁྲོས་པའི་གཟུགས་ཅན་མཇལ་མཐར་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་ཉམས་བྱུང་བ་དང་། ཡང་ཉམས་སྣང་ལ་མཁའ་འགྲོ་སྡེ་བཞི་དང་བཅས་ཨོ་རྒྱན་གྱི་ཡུལ་དུ་བྱོན། ཨོ་རྒྱན་ཆེན་པོ་འཁོར་དང་བཅས་པ་མཇལ་ནས་བྱིན་རླབས་ལུང་བསྟན་མང་དུ་ཐོབ་པ་སོགས་ཐ་མལ་པའི་བློ་ཡུལ་ལས་འདས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་ཞིག་མངའ། གཞན་ལ་ཆོས་འཆད་པའི་རྣམ་གྲངས་ཀྱང་། རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་ཚར་གསུམ་དང་། རྫོང་སར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་འདུས་ཚོཊ་ལ་སྒྲུབ་ཐབས་ཀུན་བཏུས་ཤིན་ཏུ་རྒྱས་པ་དང་། མཁའ་སྤྱོད་བྱིན་རླབས། དམར་པོ་སྐོར་གསུམ་གྱི་རྗེས་གནང་ཐུན་མིན། མཁའ་སྤྱོད་བེའུ་བུམ་ལུང་། དམར་པོ་སྐོར་གསུམ་པོད། ཀྱེ་རྡོར་ལམ་དབང་སོགས་གསུངས། ལྷུན་གྲུབ་སྟེང་དུ་སྒྲུབ་ཐབས་ཀུན་བཏུས་སོགས་སྔ་ཕྱིར་ཆོས་མཐའ་ཡས་པ་གསུངས། ཡེ་ན་དགོན་དང་གསེར་ལྗོངས་དགོན་དུ་ཕེབས་ནས་ངོར་དཀྱིལ་བདུན། མཁའ་སྤྱོད་སོགས་དབང་ཆེས་མང་དུ་བསྩལ། ཐར་རྩེ་མཁན་པོ་སོགས་ལ་མགོན་པོ་བཀའ་བབས་བཞིའི་དབང་རྗེས༼གནང་༽། བྲག་རྫོང་ཕྱི་ཁྲིད། ཞལ་གྱི་རྗེས་གནང་དང་། གསང་ཁྲིད། ཞལ་པོད་བཅས་དང་། དྲྭ་མ་སྒང་དུ་འཇམ་རྒྱལ་རིན་པོ་ཆེ། སྡེ་གཞུང་མཆོག་སྤྲུལ་སོགས་ལ་ས་སྐྱ་བཀའ་འབུམ་ལུང་། ཚར་འཇིགས་དབང་ཁྲིད་རྭ་པོད་བཅས་གནང་། བྲག་ར་རིན་པོ་ཆེ་སོགས་ལ་ས་སྐྱ་བཀའ་འབུམ་ལུང་གསུངས། ཡེ་ན་དགེ་སློང་ཤེས་རབ་ཕུན་ཚོགས་སོགས་ལ་ཚར་འཇིགས་དབང་ཁྲིད་རྒྱས་པ། རྗེ་ཉིད་ཀྱི་གསུང་རྩོམ་ཕལ་ཆེར་གྱི་ལུང་གནང་། རབ་བརྟན་མཁན་པོ་སོགས་ལ་ཀྱེ་རྡོར་རྒྱུད་བཤད་རྒྱས་པ་བསྩལ། རྗེ་སི་ཏུ་པས་ཀཿཐོག་ཏུ་གདན་དྲངས་ཏེ་སྒྲུབ་བཏུས་སྔར་མཁྱེན་བརྩེའི་མདུན་ནས་མ་གསན་པའི་ཁ་སྐོང་སྐོར་དང་། ཀྱེ་རྡོར་རྒྱུད་བཤད་གསན། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨརྣམ་རྒྱལ་ལ་ཀླུ་དབང་རྒྱལ་པོའི་རྗེས་གནང་ལུང་། ཉེ་སྲས་བརྒྱད་ཀྱི་སྒོམ་ལུང་། ས་འཇམ་སྦགས་སྒྲུབ། ཐོགས་མེད་བཀའ་འབུམ་གྱི་ལུང་རྣམས་བསྩལ། དཔལ་སྤུངས་སུ་སྐུ་ཞབས་སི་ཏུ་རིན་པོ་ཆེས་སྔ་རྗེས་གཉིས་སུ་གདན་དྲངས་པའི་ཚེ། ཚེ་དབང་དང་ཞབས་བརྟན་གསུང་སྒྲུབ་དང་། ལན་རྗེས་མའི་སྐབས་རྟེན་དང་བརྟེན་པ་གསར་བཞེངས་ལ་རབ་གནས་ཤིན་ཏུ་རྒྱས་པ་མཛད། དྲྭ་སྒང་མཚམས་གྲྭ་སྒྲུབ་ཐེངས་གཉིས་ཀྱི་རིང་དབང་ལུང་མན་ངག་ཕྱག་བཞེས་རྣམས་གནང་ཞིང་སྒྲུབ་མཆོད་སོགས་ཀྱི་ཚོགས་དབུར་ཕེབས་པས་སྒྲིག་ལམ་ཚགས་སུ་ཚུད་པ་དང་། ལྕགས་ར་འཇིགས་བྱེད་སྒྲུབ་གྲྭ་ལའང་དེ་བཞིན་གནང་བས་སྒྲུབ་གྲྭ་འདི་གཉིས་ལ་བཀའ་དྲིན་ཤིན་ཏུ་ཆེ། དེ་ལྟར་སྨིན་གྲོལ་གྱི་ཆོས་འཁོར་བར་མེད་དུ་བསྐོར་བས་གསུང་ལས་སྐྱེས་པའི་སློབ་མའང་། བྲག་ར་བླ་མ་བཀྲ་ཤིས་རྒྱ་མཚོ། ཐར་རྩེ་མཁན་པོ་རྣམ་གཉིས། ཁང་སར་མཁན་པོ་དོན་དཔལ། སྒ་ངག་དབང་ལེགས་པ་ལ་མགོན་པོད་སོགས་གནང་། འཇམ་དབྱངས་ཆོས་ཀྱི་བློ་གྲོས། སྡེ་གཞུང་མཆོག་སྤྲུལ། ཨ་མདོ་དྷ༄༅ིཿ་ཕུ་སྤྲུལ་སྐུ་རྣམ་གཉིས། སི་ཏུ་གོང་འོག་གཉིས། འཇམ་རྒྱལ་རིན་པོ་ཆེ། ཞེ་ཆེན་རྒྱལ་ཚབ། ཀཿཐོག་རྨོག་ཚ། རྒྱ་གར་ནུབ་༼བྱང༽ཕྱོགས་པ་བསྟན་འཛིན་རྒྱ་མཚོ། ཨ་མདོ་དགེ་བཤེས་ཆེན་པོ་འཇམ་དཔལ་རོལ་པའི་བློ་གྲོས། ཟུར་མང་མཁས་གྲུབ་པདྨརྣམ་རྒྱལ། ས་ཕུར་གྱང་གསུམ་གྱི་ཆོས་རྗེ། རྒྱལ་མཚན་བླ་མ། ཤར་ནུབ་དབྱར་མཁན་གྱི་ཆོས་རྗེ་སྔ་ཕྱིར་བྱོན་པ་རྣམས་དང་། བླ་མ་རིན་པོ་ཆེ་ངག་དབང་ཆོས་འཕེལ་བཟང་པོ་སོགས་གསར་རྙིང་གི་སྤྲུལ་སྐུ། མཁན་པོ། ཆོས་རྗེ་སློབ་དཔོན་སོགས་གྲངས་མེད་པ་དང་། སྡེ་དགེ་ས་སྐྱོང་ཡབ་སྲས། གཞུང་གི་སྐུ་དྲག་ཁྱུང་རམ། །བཀྲས་མཐོང་། ཐང་དཔོན་སོགས་སྔ་རྗེས་ཕེབས་པ་རྣམས་ལའང་དབང་ཆོས་བྱད་གྲོལ་སོགས་ཀྱིས་ཐུགས་བཞེད་སྐོང་བས་མཚོན་འཁོར་ཚད་མེད་པའི་རེ་བ་རྫོགས་པར་མཛད་དོ། ཚིག་དོན་ཤིན་ཏུ་ལེགས་པའི་གསུང་རྩོམ་གྱི་སྐོར་དཀོན་མཆོག་རྗེས་དྲན་གྱི་མདོ་འགྲེལ་པད་དཀར་ཕྲེང་མཛེས། འཇམ་དཔལ་སོགས་ཀྱི་རྟོགས་བརྗོད་སྒོ་བཞི་པ། སྤྱོད་འཇུག་ཤེར་འགྲེལ་ཚིག་བཅད་ཅན། གཏོར་མའི་དོན་འགྲེལ། འཇམ་དབྱངས་བློ་གཏེར་དབང་པོའི་རྣམ་ཐར་སོགས་ཆོས་ཚན་མང་དུ་བཞུགས། བྱ་བ་ལས་ཀྱི་འཁོར་ལོའང་སྡེ་དགེ་ཆོས་རྒྱལ་བོད་ཕྱོགས་བྱོན་ཤུལ་དངུལ་གདུང་བླ་མ་ཟླ་བ་བཅོ་བརྒྱད་མཛད་ནས་ཞབས་བརྟན་སྒྲུབ་པ་དང་། དགོན་ཆེན་དུ་དབྱར་གནས་མཁན་པོ་ལོ་བཅོ་བརྒྱད་ཀྱི་བར་དུ་མཛད་ནས་འདུལ་བའི་ཕྱག་བཞེས་ཞིབ་ཐེར་དང་། དབྱར་གནས་དགེ་འདུན་གྱི་སྒྲིག་ལམ་ཤིན་ཏུ་དམ་པ་དང་། གསུང་ཆོག་རིགས་ཀྱང་སྦྱིན་བདག་གི་ཚོགས་རྫོགས་ངེས་མཛད་ཅིང་དབྱར་གནས་ཀྱི་དེབ་ཡིག་གསར་བཀོད་དང་གཏན་བཞག་སོགས་རྒྱ་ཆེར་མཛད། རྒྱ་ཟིང་གི་འཚུབས་ཆེ་སྐབས་ཀྱང་ཆོས་སྡེ་འདི་ཉིད་ཀྱི་སྲོག་ཤིང་མཁན་ཆེན་འདི་ཉིད་ཀྱིས་བཟུང་སྟེ་དགེ་འདུན་རྣམས་ལ་མོ་བཅའ་ཆང་ཁྲིམས་སྡོམ་པས་རྒྱུད་ཆུད་མ་ཟོས་པ་དང་། དགོན་པའི་བཅའ་སྒྲིག་མ་ཉམས་ཤིང་ཚེས་དུས་སྒྲུབ་མཆོད་མ་ཆག་པ་དང་། བླ་མ་ལྷ་སྲུང་གི་ཐུགས་དམ་རྒྱུད་བསྐུལ་ལ་བརྩོན་པས་འཚུབ་འགྱུར་ཞི་ཞིང་སྡེ་དགེའི་ཆབ་སྲིད་རང་འཇགས་དང་། བསྟན་དགོན་ཡང་སྔར་ལས་ཇེ་རྒྱས་སུ་བྱུང་བ་དང་། དགོན་འདིར་ལོངས་སྤྱོད་འཕེལ་བ་བླ་མ་རིན་འབྱུང་གི་བྱིན་རླབས་ཡིན་པའི་རྨི་ལམ་བྱུང་གསུང་ནས་དབྱར་གནས་སྐབས་བླ་མ་རིན་འབྱུང་མཆོད་ཆོག་འཛུགས་པར་མཛད། རྒྱ་ཟིང་སྐབས་འདུ་བ་ཆེན་པོའི་དབུར་བཞུགས་ལོ་བསྟར་མཛད་པ་དང་། ཕྱིས་སུའང་ལན་གཉིས་ཙམ་མཛད། ས་དཀར་དགོན་དང་ལྕགས་ར་དགོན་སོགས་ལའང་དབྱར་གནས་ཀྱི་མཁན་པོ་མཛད་ཅིང་ཕྱག་བཞེས་ཞིབ་བཅའ་འཁྲིད་པ་དང་། དྲྭ་སྒང་ཡར་མན། འཇིགས་བྱེད་སྒྲུབ་གྲྭ་སོགས་ལའང་བསྟན་པའི་གཞི་རྩ་ཐེངས་པའི་མཐུན་རྐྱེན་རྒྱ་ཆེར་གནང་བ་དང་། སྡེ་སྲས་བ་བའི་མགོན་ཁང་གསར་བཞེངས་ལ་ཕྱི་ནང་གསང་བའི་རྟེན་རྣམས་ཕྱག་བཞེས་དང་། ཐོག་མཐའ་བར་གྱི་འགན་བཞེས་རབ་གནས་དཀར་ཆག་བཅས་མཛད་པ་དང་། རྡོ་ཁོ་མའི་རྣམ་རྒྱལ་མཆོད་རྟེན་ལའང་ཞབས་འདེབས་རྒྱ་ཆེར་གནང་ཞིང་རྟེན་རྩ་ཆེན་སྣ་མང་འཇོག་པར་མཛད། དཔལ་མཆོག་རིགས་ལྔ་མཆོད་རྟེན་ཉམས་གསོ་སོགས་དགོན་འདིའི་ལྷ་ཁང་རྣམས་ལ་ཉམས་གསོ་རྗེ་ཉིད་དང་གཞན་ལ་བསྐུལ་བས་མཛད་པ་དང་། སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། དེ་དག་ལ་མཆོད་འབུལ། དགེ་འདུན་ལ་ཕྱག་འགྱེད་བསྙེན་བཀུར་ཚད་མེད་པ་མཛད་དེ་མདོར་ན་འབུལ་ནོད་བྱུང་བ་ཐམས་ཅད་ཆུད་ཟོས་སུ་མི་འགྲོ་བར་བསྟན་འགྲོའི་དོན་འབའ་ཞིག་གི་ཆེད་དུ་གཏོང་བར་མཛད། དེ་ལྟར་དགུང་ལོ་དྲུག་ཅུ་རེ་བཞིའི་ལྕགས་ལུག་ཕྱི་ལོ་༡༩༣༡ལོ་བར་བསྟན་འགྲོའི་དོན་མཛད་དེ་མཐར་འདའ་ཁ་མའི་རྣལ་འབྱོར་ཟབ་མོས་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་ཏོ།།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།