བླ་རོང་ཟངས་བྲག་གསང་ཕུག་གི་ལོ་རྒྱུས།
༄༅། །བླ་རོང་ཟངས་བྲག་གསང་ཕུག་གི་ལོ་རྒྱུས་ཕན་ཡོན་བཅས་བཞུགས་སོ།
ཨོཾ་སྭ་སྟི། རང་བྱུང་རྡོ་རྗེའི་སྐུ་བརྙེས་མཚོ་སྐྱེས་རྗེ། འབྲེལ་མེད་སྙིང་གི་དབུས་སུ་རྟག་རོལ་ལ། འགྲོ་མང་ཉོན་ཤེས་སྒྲིབ་གཡོགས་རང་སངས་ཤིང༌། རྟེན་འབྲེལ་ལེགས་ཚོགས་དགེ་བའི་ཤིས་པ་སྩོལ། དེ་ཡང་གཞི་སྔོན་བྱུང་གི་ལོ་རྒྱུས་ཅུང་ཟད་བརྗོད་ན། བདུད་པོ་མ་ཏྲཾ་རུ་ཏྲ་བསྒྲལ་བའི་ཕུང་པོ་ལ་གནས་ཡུལ་རྣམས་བྱིན་གྱིས་བརླབས་པ་ཡིན་ཏེ། འདི་ཡང་རྒོད་ཚང་དཔལ་གྱི་དབང་ཕུག་གི་གནས་ལག་གསལ་བའི་མིག་ལྟ་བུ་གཉིས་ཡོད་པ་ལས། གཡས་པ་ནི་གནས་ལྡེམ་པོ་ཆེ་གཡུ་ཡི་ཟེ་བ་ཅན་ཞེས་ཡབ་འཁོར་ལོ་བདེ་མཆོག་བཞུགས་པའི་གནས་ངོ་མཚར་བ་དང༌། མིག་གཡོན་པ་ལྟ་བུ་བླ་རང་ཟངས་བྲག་མཁའ་འགྲོའི་གསང་ཕུག་ཅེས་ཡུམ་རྒྱལ་བ་ཀུན་བསྐྱེད་རྡོ་རྗེ་ཕག་མོ་ལྷ་ལྔ་མངོན་སུམ་དུ་བཞུགས་གནས། ངོ་མཚར་ཁྱད་པར་ཅན་འདི་ཉིད་ཡིན་ཏེ། སྔོན་རུ་ཏྲ་བཏུལ་བའི་དུས་སུ་མཚན་མ་རྒོད་ཚང་དབང་ཕུག་ཏུ་བབ་པ་ད་ལྟའང་མཇལ་དུ་ཡོད་པ་དང་དེའི་གནས་ལག་ཡིན་ཕྱིར་འདིར་ཡང་རུ་ཏྲའི་མཚན་མ་ཤིན་ཏུ་གསལ་བ་ཡོད་པ་དང༌། སྔོན་ཨོ་རྒྱན་ཡབ་ཡུམ་ཞག་བདུན་དུ་མཁའ་འགྲོའི་སྒྲུབ་པ་ལ་བཞུགས་ཚེ། ཡུམ་མནྡཱ་ར་ཝ་མངོན་པར་བྱོན་ཏེ་མ་འོངས་པ་ན་ཆོས་རྒྱལ་ཆེན་པོའི་སྤྲུལ་པ་ཞིག་གིས་གནས་སྒོ་འབྱེད་དེ་འགྲོ་མང་ཐར་ལམ་ཨོ་རྒྱན་འགྲོ་ལྡིང་གི་ཡུལ་ན་འདྲེན་པར་འགྱུར་རོ་ཞེས་ལུང་བསྟན་ཏེ་ཞལ་ཆབ་བྲག་ལ་འཐོར་བས། རང་བྱུང་བྲག་ཕུག་ནས་འཆི་མེད་ཚེ་ཡི་བདུད་རྩི་འབེབས་པར་བྱིན་གྱིས་བརླབས། གསང་ཆབ་བྲག་ལ་འཐོར་བའི་ཚེ་ས་སིནྡྷུ་ར་སེར་པོ་བྱིན་གྱིས་བརླབས། མ་འོངས་པར་ས་ཆུ་འདི་གཉིས་འགྲོ་བ་གང་གི་ཁ་རུ་སོང་ན་ངན་སོང་གི་སྐྱེ་སྒོ་ཆོད་པར་འགྱུར་རོ། ཞེས་ལུང་བསྟན་ཏེ་བྲག་འདི་དང་གཉིས་མེད་དུ་ཐིམ་སོང༌། དེ་དག་ནི་སྔོན་བྱུང་གི་ལོ་རྒྱུས་ཅུང་ཟད་བརྗོད་པ་ཡིན། དེ་ནས་གནས་ཀྱི་སྒོ་ཇི་ལྟར་ཕྱེས་པའི་ལོ་རྒྱུས་ནི། བདག་འདྲ་ལྷ་མཆོག་རྡོ་རྗེ་གནས་པདྨ་འོད་ཕུང་འཁྱིལ་བར་རེ་དོགས་འདོན་སྒྲུབ་ཀྱི་སྤྲོས་པ་བསྐྱུར་ནས་ཏིང་འཛིན་སྒྲུབ་པ་ལ་རྩེ་གཅིག་གཞོལ་བའི་སྐབས། ལྷོ་ནུབ་དཔལ་གྱི་ཕོ་བྲང་ནས་རིག་འཛིན་པདྨ་འབྱུང་གནས་ཀྱི་ཐུགས་ཀ་ནས་འོད་སྣ་ལྔ་སྤྲོས་ཏེ་གནས་འདི་རུ་ཕོག་ཅིང༌། དེའི་མོད་ལ་བདག་གི་ཟག་ལུས་ལའང་འོད་ཟེར་གྱིས་རེག་པས་རྣམ་སྨིན་སྒྲིབ་ཚོགས་རྣམས་སྐད་ཅིག་གིས་སངས་ཀྱིས་དག་པའི་མོད་ལ་མཁའ་འགྲོ་སྡེ་ལྔ། སྔགས་སྲུང་ཛཱ་ཊི་མཆེད་དྲུག མགོན་པོ་ལེགས་ལྡན་ཡབ་ཡུམ། བྲག་བཙན་རྡོ་རྗེ་མེ་འབར་བཅས་བདག་གི་མདུན་དུ་བྱོན་ཏེ་གནས་ཀྱི་སྒོ་ཕྱེས་ཤིག་འགྲོ་མང་ཐར་ལམ་ལ་བསྒྲོད་འགྲོ། བསད་བཟློག་གི་ལས་གྱིས་ཤིག་བསྟན་དགྲ་ཐལ་བར་བརླག་འགྲོ། ཅེས་ལུང་བསྟན་ཏེ་མི་སྣང་བར་ཡལ་ལོ། དེ་ནས་ཡང་མ་ཧཱ་གུ་རུ་བནྡེའི་གཟུགས་སུ་སྤྲུལ་ཏེ་འདི་ལྟར་ཡིན་ཞེས་ལོ་རྒྱུས་ཞིབ་པར་གསུང༌། དེ་ཡང་བདག་འདྲ་མཆོག་མ་ཡིན་ཏེ་པདྨའི་ཐུགས་རྗེས་ཀུན་གསལ་བློ་གྲོས་ཀྱི་འདབ་མ་ཅུང་ཟད་བཀྲ་བའི་སྙིང་པོ་ནི་ཡིན་པ་འདྲ། གནས་ཆེན་བརྒྱ་རྩ་བརྒྱད་ཀྱི་ཡ་རྒྱལ་རྒོད་ཚང་དཔལ་གྱི་དབང་ཕུག་གི་གནས་ལག་ཁྱད་དུ་འཕགས་པ་འདི་ཉིད་ཀྱི་གསང་ཕུག་ནང་དུ་རང་བྱུང་རྡོ་རྗེའི་བྲག་ལ་རྡོ་རྗེ་རྣལ་འབྱོར་མའི་ནུ་མའི་ངོ་བོ་ལ། རྣམ་པ་རྡོ་དཀར་གྱི་ནུ་མ་དངོས་འདྲ་བའི་དཀྱིལ་ནས་བཅུད་ལྡན་ཨ་མྲྀ་ཏའི་རྒྱུན་འབེབས་པ་དང༌། བདུད་རྩིའི་ཟེགས་མ་འཐོར་བས་གསེར་ཕྱེ་ལྟ་བུ་འོད་དང་ལྡན་པ། ག་པུར་སོགས་ཀྱི་དྲི་ངད་བཟང་པོའི་ཡོངས་སུ་ཁྱབ་ཅིང༌། རྡོ་ཀ་མ་རུ་པ་ལས་གྲུབ་པའི་སྒྲོལ་མ་མེ་ཡི་འཇིགས་སྐྱོབ་དང༌། རྡོ་ནག་གི་ཨོ་རྒྱན་པདྨའི་སྐུ་ཤིན་ཏུ་གསལ་བ་གནས་ཀྱི་སྦུག་ཏུ་ཞལ་གྱུ་ཚུལ་ཅན་དང༌། བཀྲ་ཤིས་རྟགས་བརྒྱད་ཤིན་ཏུ་གསལ་བར་བྱོན་ཞིང༌། ཨཱརྻ་ཛམྦྷ་ལྷ་ཡང་གསལ་བར་དོད་པ། དེའི་འོག་ཕྱོགས་སུ་གནས་སྲུང་སྲིད་པའི་རྒྱལ་མོ་ཕྱག་བཞི་ཅན་དྲེའུ་ལ་ཞོན་པ་མངོན་སུམ་དུ་བྱོན་པ་དང༌། ཕག་མགོ་ཤིན་ཏུ་གསལ་བ་དང༌། མཁའ་འགྲོ་རྟ་གདོང་མའི་ཞབས་རྗེས་དེ་དག་ལ་སོགས་པ་ངོ་མཚར་བའི་གནས་ཁྱད་པར་ཅན། དེ་ཡི་ལྷོ་ཕྱོགས་སུ་རྟ་ཕག་ཡབ་ཡུམ་གྱི་ཚུལ་རྟ་མགོ་ཕག་མགོ་སོགས་གསལ་བར་བྱོན་པ་དང༌། སྔོན་པདྨ་ཀཱ་རས་བོད་ཡུལ་གྱི་ས་མིག་བྱིན་བརླབ་ཏུ་ཕེབས་པའི་སྐབས་སུ་མཁའ་འགྲོ་རྟ་གདོང་མ་དེ་རྟའི་ལུས་སུ་སྤྲུལ་ནས་སློབ་དཔོན་ལ་གྲོགས་བསྒྲུབ་པའི་ཕྱིར་འོང་བ་ལ་སློབ་དཔོན་གྱི་རྫུ་འཕྲུལ་སྟོབས་ཀྱིས་མཛུབ་མོས་བྲག་ལ་ཁུང་ཕུག་པས། རྟ་གདོང་མས་རྡོ་རྗེའི་བྲག་འཇིམ་པ་ལྟར་ཕུག རྟ་གདོང་མས་བྲག་ལ་བརྫིས་པས་ཟན་ལ་བརྫིས་པ་ལྟར་བྱུང༌། དེ་ནས་སློབ་དཔོན་ལ་གྲོགས་མང་དུ་བསྒྲུབས། སྟག་གདོང་ཁྱི་གདོང་སོགས་མང་དུ་བྱུང་ནས་རྡོ་རྗེའི་བྲག་ལ་སོ་སོའི་རྫུ་འཕྲུལ་བསྟན། གཡས་ཕྱོགས་ཀྱི་བྲག་སྐུ་ཁང་འདྲ་བར་ལྷ་མོ་ཀུ་རུ་ཀུལླེ་བཞུགས་གནས་ཕྱག་ཞབས་ཀྱི་རྣམ་པའང་དོད་པ། དེའི་གཡས་ཕྱོགས་སུ་གཡུ་ཡི་ཕུག་ནང་དུ་དུང་གི་རྒྱལ་སྲིད་སྣ་བདུན་ཡོད། སྒྲུབ་ཕུགས་ཀྱི་སྒོར་བྲག་ལ་མཁའ་འགྲོའི་ཚོགས་གཞོང་དེ་དག་ལ་སོགས་པ་ངོ་མཚར་བའི་གནས་ཁྱད་པར་དུ་འཕགས་པ་འདི་ཉིད་ལ་ཕྱག་མཆོད་བསྐོར་བ་བྱས་པའི་ཕན་ཡོན་ནི། གནས་འདི་རུ་ཚོགས་ཀྱི་མཆོད་པ་གཅིག་ཕུལ་ནའང་ཚོགས་མཆོད་དུང་ཕྱུར་ཕུལ་བ་དང་མཉམ། རྩ་བསྙེན་སྒྲུབ་སྔགས་སོགས་ལན་བདུན་བཟླས་ན་བསྙེན་པའི་ཚད་འགྲུབ། སྐོར་བ་གཅིག་བྱས་ན། བཛྲ་གུ་རུ་དུང་གཅིག་བཏོན་པ་དང་མཉམ། རྩེ་སྐོར་ལྔ་དང་བར་སྐོར་བདུན་འགྲུབ་ན་སྐྱེ་བ་བདུན་དུ་ངན་སོང་གི་སྐྱེ་སྒོ་ཆོད། རྩེ་སྐོར་གྱི་སྐབས་རྡོ་ཡི་ཐེམ་སྐས་སྟེང་ནས་བསྒྲོད་དགོས། བར་དོའི་འཕྲང་ལས་གྲོལ་བར་འགྱུར་རོ། རྟ་ཡི་ལོ་འདིར་གནས་ཀྱི་སྒོ་འབྱེད་པ་ནི། མཐའ་དམག་གི་གཉེན་པོར་དཔལ་རྟ་མགྲིན་དམར་པོའི་གནས་སྒོ་འབྱེད་པ་ཡིན། ཕག་གི་ལོ་ལ་གནས་ཀྱི་སྒོ་ཡང་དུ་འབྱེད་པ་ནི། བོད་ཁམས་བདེ་ལ་འགོད་ཕྱིར་ཕག་མོ་མནྡཱ་ར་ཝ་སོགས་མཁའ་འགྲོའི་གནས་སྒོ་གཙོ་ཆེར་དུ་འབྱེད་པ་ཡིན། སྤྲེལ་གྱི་ལོ་དེར་གནས་སྒོ་འབྱེད་པ་ནི། ཕ་རྒྱུད་མ་རྒྱུད་གཉིས་མེད་དུ་སྒོ་འབྱེད་དེ་མཐའ་སྐོར་ཆེན་མོ་འབྱུང་བ་ཡིན། དེ་ལྟར་གནས་ཁྱད་འཕགས་མཁའ་འགྲོའི་ཚོགས་ཁང་ངམ། བླ་རང་ཟངས་བྲག་མཁའ་འགྲོ་གསང་བའི་རྫོང་ཞེས་བྱ་བ་འདི་ཉིད་བསྐོར་བའི་དུས་སུའང་ལེ་ལོ་ཐེ་ཚོམ་སྐུར་འདེབས་ཡོད་པ་ག་ལ་སྲིད་དེ། འོན་ཀྱང་སེམས་ཅན་རྨོངས་པའི་སྟོབས་ཀྱི་དབང་གིས་ལྷག་པར་སྐུར་འདེབས་ལོག་ལྟ་མ་བྱས་ཀྱང༌། ཁྱད་གསོད་འགྲན་སེམས་རང་མཐོ་ཅན་རྣམས་ཀྱང༌། ཡིད་ཆེས་ཡི་རངས་དད་འདུན་དང་བཅས་ཏེ་སྐོར་ཕྱག་མཆོད་པ་འབུལ་བ་དང༌། ངན་རྟོག་སྡིག་སྤྱོད་འོ་དོད་འབག་བཙོག་ཆགས་སྡང་གི་འདུ་བྱེད་རྣམས་ཡོངས་སུ་སྤང་བ་ནི་གལ་གནད་ཤིན་ཏུ་ཆེའོ། སླར་སྨོན་པ། མ་ཏྲཾ་རུ་ཏྲའི་བདུད་དཔུང་ཡོངས་འཇོམས་ཤིང༌། གསང་སྔགས་ཆོས་ཀྱི་རྟ་བདུན་རྟག་འཆར་མཛད། ཧེ་རུ་ཀ་དཔལ་རྟ་ཕག་ཡབ་ཡུམ་གྱི། གནས་མཆོག་ཟངས་བྲག་མཁའ་འགྲོ་གསང་བའི་རྫོང༌། འདི་ཉིད་རྣམ་དཀར་དགེ་བས་ཀུན་སློང་སྟེ། ཡི་རང་ཕྱག་མཆོད་སྐོར་བའི་འགྲོ་བ་རྣམས། ཨོ་རྒྱན་འགྲོ་ལྡིང་མཁའ་འགྲོའི་ཚོགས་ཁང་དུ། ཕྱིར་མི་ལྡོག་པའི་ས་ཆེན་ནོན་གྱུར་ཅིག ཅེས་པའང་༧ལྷ་མཆོག་རྡོ་རྗེས་གནས་དེ་ཉིད་དུ་བྲིས་པ་སརྦ་མངྒ་ལཾ།།