English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བྲག་ཡག་མགོན་རྣམ་གྱི་དམག་འཐབ་ལོ་རྒྱུས།

འདོན་སྤེལ། 2013/01/18 5:43 PM རྩོམ་པ་པོ།

gonnam ༈བྲག་ཡག་མགོན་རྣམ་ནི་༡༩༢༩ལོར་བྲག་ཡག་ཚང་གི་ཁྱིམ་དུ་སྐྱེས་པ་དང་ལོ་རྟགས་རྟ་ཡིན།བྲག་ཡག་ཚང་ནི་ས་གནས་དབོན་པོ་སྟོད་ཤར་བརྒྱུད་ཀྱི་ཕྱི་ཐང་སྒང་ཞེས་པ་དེར་ཆགས་ཡོད་པ་དང་།སྡེ་དགེའི་མདུན་སྐོར་གྱི་གོ་ས་ཡོད་པའི་ཁྱིམ་དུད་ཆེ་གྲས་ཤིག་ཡིན།བཀྲ་ཤིས་རྣམ་རྒྱལ་བཅས་ཁོང་ལ་སྤུན་མཆེད་བཞི་ཡོད།༡༩༥༦གཡས་གཡོན་ནས་ར་རུ་བསྟན་རྣམ་དང་མཉམ་སྦྲེལ་གྱིས་དགྲ་བོ་རྒྱ་དམར་ལ་འཐབ་འཛིང་དྲག་པོ་བྱས་ཤིང་།ཁོང་དང་ར་རུ་བསྟན་རྣམ་གཉིས་ནི་འཐབ་ན་དགྲ་ལ་རྒོད་ཅིང་།ལུས་ལ་མཚོན་མི་འགྲོ་བའི་དཔའ་རྒོད་ཡ་མེད་གཉིས་ཡིན།ཁོང་གིས་དགྲ་འཐབ་ལན་མང་བརྒྱུད་༡༩༦༡གཡས་གཡོན་ན་ནང་མི་དང་ལྷན་རྒྱ་གར་དུ་བྲོས་བྱོལ་འབྱོར་ཞིང་།ད་ལྟ་བལ་ཡུལ་དུ་གནས་སྡོད་བྱས་ཡོད་པ་དང་དགུང་ལོ་༨༣རེད་འདུག

 

༡༩༥༦ཙམ་ན་ངའི་ཕ་རྒན་བཀྲ་ཤིས་ཚེ་དབང་དང་།ཚ་བོ་ཀུན་དགའ་རྒྱལ་མཚན་གཉིས་རྒྱ་མིས་མགོ་བསྐོར་བཏང་ནས་རྒྱ་ནག་ཏུ་ཁྲིད་པ་དང་།ཤུལ་ལུས་ཀྱི་བུ་རྒན་པ་ང་ཡིན་དུས་ང་དང་མ་རྒན་གཉིས་སྡེ་དགེ་རྫོང་དུ་ཁྲིད་ནས་བཙོན་དུ་ཡང་ཡང་བཅུག་གིན་འདུགབཙོན་དུ་བཅུག་ཐེངས་རེར་མང་ཚོགས་ཀྱི་སྔུན་དུ་འཐབ་རྩོད་གཏོང་གི་ཡིན་ཟེར་ནས་སྡིག་ར་གཏོང་གིན་ཡོད་མོད།ང་ལ་དངོས་སུ་རྡུང་རྡེག་སྡུག་པོ་གཏོང་མ་སོང་སྟེ་ངའི་གྱོན་གོས་ཡག་ག་རྣམས་བཤུས་ནས་བརྗེ་འགྲོ་གིན་འདུག་ལ།མ་རྒན་ལ་མནར་གཅོད་མང་པོ་གཏོང་འདུགསྐབས་དེར་ང་ཚོ་བཙོན་དུ་བཅུག་ས་ནི་བྱ་རྒོད་ཚང་གི་ཕོ་བྲང་ནང་རེད།ང་བཙོན་དུ་ཚུད་རྗེས་ཤུལ་དུ་ཕྲུ་གུ་ཆུང་བ་ཚོ་དང་།གཡོག་པོ་འགའ་ལས་ཡོད་མ་རེད།ཡིན་ནའང་རྒྱ་དགའ་ཅན་འགས་ངཚོའི་བྲོ་ནས་སྲན་གསུམ།རྟ་ཟོག་སེམས་ཅན།མཚོན་ཆ་སོགས་རྒྱུ་དངོས་ཚང་མས་གཞུང་བསྡུ་བྱས་པ་དང་།བཟའ་མི་རྣམས་བྲག་ཕུག་ནང་འདུག་དགོས་པའི་བཀའ་ཕབ་སྟེ།ནང་མི་ལ་ཟ་རྒྱུའི་ནས་སྒྲོ་བ་བཞི་ཙམ་ལས་ཅིའང་བཞག་མེད་པ་རེད།དེ་ནས་ཕ་རྒན་རྒྱ་ནག་ནས་ཡར་བཏང་སྟེ་རང་ཁྱིམ་དུ་ཚུར་ལོག་ཡོང་དུས།བར་རིང་མདའ་ཞེས་པའི་ས་ཆ་ནས་རྒྱ་དམག་གིས་སྒུག་སྡོད་བྱས་ཡོད་པ་རེད།རྗེས་སུ་གོ་ཐོས་ལྟར་ན་ཕ་རྒན་གྱི་སྟེང་དུ་མདའ་སྟོང་སྒམ་གསུམ་བརྒྱབ་ནས་བཙགས་ཀྱང་རྩ་མེད་གཏོང་ཐུབ་མ་སོང་།མེ་མདའ་ཁེལ་ས་ན་མེ་སྟག་ཐ་ར་ར་མཆེད་ཡོང་གི་འདུག་ཟེར་རྒྱུ་འདུགཡིན་པ་ནི་ཕ་རྒན་ལ་མཚོན་གཏན་ནས་འགྲོ་གིན་མེད་པ་རེད།སྐབས་དེར་གཡོག་པོ་ཚུལ་ཁྲིམས་དཔལ་ལྡན་གྱི་བརླ་གཡས་ལ་མདའ་ཤད་ཅིག་ཐེབས་པ་ལས་ཁོང་ཚོ་སུ་ལའང་གནོད་སྐྱོན་ཅིའང་ཐེབས་མི་འདུག

དེ་ནས་ང་ཚོ་ནང་མི་ཚང་མ་འབྲི་ཆུ་ནུབ་བརྒྱུད་དུ་སོང་ནས་ར་རུ་ཚང་གི་དབྱར་ས་ཕུ་མདོ་ལ་ས་གཡར་བྱས་ནས་བསྡད་པ་ཡིན།ས་འདིར་བཙན་ས་ཞིག་ཡོད་པས་ང་ཚོ་དེར་ལོ་གཉིས་ལྷག་བསྡད་ནས་མདའ་མཚོན་དང་གཞོན་རྟ་མཁོ་སྒྲུབ་བྱས་ཡིན།མཚམས་མཚམས་སུ་འབྲི་ཆུ་ཤར་བརྒྱུད་དུ་རྒྱ་དམག་སླེབས་དུས་དམག་རྒྱག་གིན་ཡོད།སྐབས་འདི་དག་ལ་ང་ཚོ་དམག་མི་ཟེར་ན་འདྲ།གཡོག་པོ་ཟེར་ནའང་འདྲ།ཡང་དག་ལོག་ལོག་དང་།ཚུལ་ཁྲིམས་དཔལ་ལྡན།འཇམ་རྡོ།པ་སངས།མཐར་ཕྱིན་བཅས་མི་བཞི་ཙམ་ལས་མེད།ད་དུང་མང་པོ་ཞིག་ལ་མེ་མདའ་ཡང་ཁྱེར་རྒྱུ་མེད།ང་ཚོས་ནུབ་བརྒྱུད་ནས་ཕར་ཤར་བརྒྱུད་དུ་སོང་སྟེ་དམག་ཐེངས་གསུམ་བརྒྱབ་པ་ཡིན།དམག་ཐེངས་དང་པོ་དེ་ཕྱི་ཐང་སྒང་ལ་བརྒྱབ་པ་རེད།མཚམས་ཤིག་རྒྱ་དམག་༣༠༠ཙམ་ཕྱི་ཐང་སྒང་དུ་སླེབས་འདུག་ཟེར།དེ་ནས་ང་ཚོ་སོང་སྟེ་མེ་མདའ་འཕེན་རེས་བྱས་ནས་འཛིང་པ་རེད།སྐབས་འདིར་ངས་དམག་བརྒྱ་ཤོག་གཅིག་གི་དམག་དཔོན་ཞིག་དང་།དེའི་མཉམ་དུ་དམག་མི་དཀྱུས་མ་བཅུ་བཞི་ཙམ་བསད་པ་རེད།རྗེས་སུ་བོད་མི་ཚོ་ལ་རྒྱ་དཔོན་གྱི་རོ་དེ་སྡེ་དགེ་རྫོང་དུ་ཁྱེར་བཅུག་འདུགདེ་ནས་དམག་ཐེངས་གཉིས་པ་དེ་སེང་གེ་ནང་ཞེས་པའི་གྲོང་ཚོ་དེར་བརྒྱབ་པ་ཡིན།ས་ཆ་འདིར་ས་སྲུང་དམག་མི་༡༡ཙམ་བསྡད་འདུགཁོང་ཚོ་ཐུག་དུས་ཚུར་འཛིང་གིན་མི་འདུག་པས།ང་ཚོས་མེ་མདའ་འཕྲོགས་ཏེ་སོང་པ་ཡིན།སྐབས་འདིར་ང་ཚོ་ལ་མེ་མདའ་བཞི་རག་སོང་།

དེ་ནས་དམག་ཐེངས་གསུམ་པ་དེ་ཧྱ་མགོ་ཞེས་པའི་ས་ཆ་དེར་བརྒྱབ་པ་ཡིན།ཉིན་འདིར་གྱང་སྟེང་སྟོན་ནས་ཕར་སོང་སྟེ་ཧྱ་མགོ་ལ་སླེབས་དུས་དེར་རྒྱ་དམག་༥༠ཙམ་བསྡད་འདུག་པས་མེ་མདའ་རྒྱག་རེས་བྱས་ཏེ་རྒྱུན་རིང་པོ་ཞིག་འཛིང་པ་ཡིན།སྐབས་དེར་རྒྱ་དམག་མང་པོ་ཞིག་བསད་ཐུབ་སོང་སྟེ་གྲངས་ཀ་ནི་ཧ་གོ་མ་སོང་།རང་ཕྱོགས་ཀྱི་མི་རྟ་གཉིས་ལ་རྨས་སྐྱོན་གཏན་ནས་མ་བྱུང་།

དེ་རྗེས་ང་ཚོ་འབྲི་ཆུ་ཤར་བརྒྱུད་དུ་འཐབ་འཛིང་བྱེད་མཁན་སླེབས་ཐུབ་མ་སོང་།འོན་ཀྱང་ཕུ་མདོ་ལ་ཕྱིར་ལོག་ནས།ར་རུ་བསྟན་རྣམ་ཡང་དེར་སླེབས་བྱུང་ལ།ཁོང་ལའང་ང་དང་འདྲ་བ་དམག་མི་ཟེར་ནའང་འདྲ།གཡོག་པོ་ཟེར་ནའང་འདྲ་བཅུ་གྲངས་ཤིག་ལས་མི་འདུགསྤྱིར་བཏང་འབྲི་ཆུ་ཤར་བརྒྱུད་དུ་སྐབས་དེར་སྲིད་བྱུས་ཏོག་ཙམ་གུ་ཡངས་ཀྱི་རྣམ་པའི་ཐོག་ནས་རྒྱ་མིས་མགོ་སྐོར་གཏོང་གིན་ཡོད་རེད།དེ་འདྲ་བྱེད་དུས་བསྟན་རྣམ་གྱི་ནང་མི་ཡང་ཁྱིམ་དུ་རང་འཇག་བསྡད་ཡོད་རེད་དེ།བསྟན་རྣམ་གྱིས་གཡོག་པོ་ཚོ་ཁྲིད་ནས་ག་ས་གང་དུ་དམག་བརྒྱབ་ནས་འགྲོ་གིན་ཡོད་རེད།ཁོང་དང་ང་གཉིས་ཕལ་ཆེར་ལོ་མཉམ་འདྲ་ཞིག་ཡོད།ཁོང་གིས་ནམ་རྒྱུན་རི་མགོ་ནས་མར་ཡུམ་དེ་འདྲ་གཡུག་སྟེ་མེ་མདས་བཙགས་ནས་མདའ་རྩེད་རྩེ་བཞིན་ཡོད་འདུག་ལ།དེ་འདྲ་བྱས་ནས་མེ་མདའ་གཉིས་ཙམ་འཕྲོ་བརླག་བཏང་ཟིན་འདུགཁོང་ལ་མཚོན་སྲུང་གཙོ་བོ་གནམ་ལྕགས་ཕུར་པ་ཞིག་ཡོད་རེད།དེ་ལ་ཁོང་གིས་གོང་ཆེན་པོ་སྤྲད་ནས་ཟ་འདོད་ཚང་གི་འགྲམ་ནས་ཉོས་འདུགབཤད་སྲོལ་ལ་མཚོན་སྲུང་དེས་ནས་ཁལ་མལ་ཙམ་གྱི་ས་ཁྱོན་གྱི་མཚོན་ཁོག་རེད་ཟེར་གྱིན་འདུགའོན་ཀྱང་ངེད་གཉིས་འདུག་ས་གཅིག་ལ་བསྡད་དེ་རྒྱ་དང་འཛིང་ཡོང་དུས་རྡོ་མགོ་ས་མགོར་མདེའུ་ཁེལ་ནས་ཐལ་ལ་དང་རྡོ་ཕྱེ་མཆོད་དེ་མིག་གིས་བལྟ་མི་ཐུབ་པ་བཟོ་ཡོང་གིན་འདུག་ལ།མཚམས་རེར་ཤིང་སྡོང་འོག་ལ་བསྡད་ནས་དགྲ་དང་འཛིང་དུས་དགྲ་བོའི་མདེའུ་ལོ་མ་ལ་ཁེལ་ནས་ལོ་མ་རྣམས་ཐ་ར་ར་གཟུགས་པོའི་སྟེང་འཐོར་ཡོང་གི་འདུག་པས།ངས་མཚམས་རེར་ཁོ་ལ་ཁྱོད་ཀྱི་ནས་ཁལ་མལ་ཙམ་ཁོག་པའི་མཚོན་སྲུང་དེ་དེ་འདྲ་ཁོག་གི་མི་འདུག་དྭ་ཞེས་རྩེད་མོ་རྩེ་མྱོང་།ང་ལ་མཚོན་སྲུང་གཙོ་བོ་ལྷ་འབྲང་དགོན་པའི་སྤྲུལ་སྐུ་ཨ་འཇིགས་ཀྱིས་གནང་པའི་སྐུ་འདྲ་ཟིལ་ཆེན་ཞིག་ཡོད།ངེད་གཉིས་ཆ་དགྲ་འཛིང་རྒྱུ་ལ་ཧ་ཅང་དགའ་བོ་ཡོད་ལ།དགྲ་དང་ཐུག་ན་སྐྱིད་འདུག་མི་གཉིས་ཡོད།གཉིས་ཆ་ལ་མཚོན་ལུས་ལ་འགྲོ་གིན་མེད་པ་དང་ལོ་ཚོད་མཉམ་པ།ད་དུང་མེ་མདའ་འཕེན་རྒྱུ་ལ་མདའ་གཟེར་མོ་གཅིག་འདྲ་བོ་གཉིས་ཡོད།སྐབས་དེར་སྡེ་དགེ་མཐིལ་རྒྱ་དམག་གིས་འཕྲོགས་ཟིན་པ་ཡིན་དུས།ངེད་གཉིས་ཀྱིས་དགྲ་དང་འཐབ་ནས་སྡེ་དགེ་ཚུར་བླངས་ཏེ་བོད་ནས་རྒྱ་དམག་རྣམས་མཐར་སྤྲོད་གཏོང་རྒྱུའི་དམིགས་ཡུལ་བཟུང་ཡོད།ནམ་རྒྱུན་དམག་བརྒྱབ་སྟེ་རྒྱལ་ཁ་ཐོབ་དུས་དམག་གླུ་དེ་འདྲ་བཟོས་ནས་གཏོང་གིན་ཡོད།དམག་གླུ་འདི་འདྲ་རེད། (སྐབས་འདིར་ཁོང་གིས་ངར་རྒོད་ཆེན་པོས་གདངས་བཀུགས་ནས་བླངས་སོང་།འོན་ཀྱང་མཐའ་ནས་མར་བློ་ལ་བསྡད་མི་འདུག་གསུངས།)

ཤར་ཕྱོགས་ཀྲུང་གོའི་ཡུལ་ནས།།དམ་སྲི་མའོ་ཚར་བྱུང་།།

སྐྱེས་པའི་བུ་ཕྲུག་ཐམས་ཅད།།རྩ་མེད་བཙོན་ལ་བཅུག་སོང་།།

དེ་འདྲའི་བྱ་བ་ཡིན་ཚེ།།ཡུན་རིང་སྡོད་ཀྱང་སྐྱིད་མེད།།

ལངས་ཤོགལངས་ཤོགབོད་མི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཐམས་ཅད་ལངས་ཤོག

་་་་་་་་་་་་་

དམག་གླུ་འདི་འདྲ་བླངས་ཏེ་རྒྱ་མགོ་རྡུང་བཞག་ཟེར་ནས་འདུག་བཞིན་ཡོད་ལ།སྐབས་འདི་དག་ང་ཚོ་ལ་སྤོབས་པ་ཧ་ཅང་མཐོ་པོ་ཡོད།ཕོ་སུ་འདྲ་ཞིག་སླེབས་སོང་ནའང་མི་སྐྲག་བསམ་པ་ཞིག་དང་།འཛིང་དགོས་བསམ་པ་ཞིག་ལས་མེད།ད་ལྟ་བསམ་དུས་ངོ་མ་ལྐུགས་པ་རེད་འདུགགང་ཡིན་ཟེར་ན་རྒྱ་དམག་ལ་མེ་མདའ་ཡག་པོ་ཡོད་པས་མ་ཚད་མདེའུ་ལ་སེར་སྣ་མེད་དུས་བོག་འཕེན་ཐེངས་གཅིག་ལ་མདེའུ་མང་པོས་བང་བསྒྲིགས་ནས་བཙག་ཡོང་གི་རེད།ང་ཚོ་ལ་ནི་མདེའུ་རེ་འཕངས་ཟིན་དུས་ཡར་སྐྱར་མདེའུ་གཉིས་པ་དེ་བརྫངས་ནས་འཕེན་དགོས་པའི་བོག་དེ་འདྲ་ལས་ཡག་ག་ཞིག་ཡོད་མ་རེད།དེ་ནས་ཉི་མ་ཞིག་ལ་རྒྱ་དམག་༣༠༠ཙམ་སླེབས་འདུག་པས།བསྟན་རྣམ་ངེད་གཉིས་ཀྱིས་རང་དམག་སུམ་ཅུ་མ་ཟིན་ཙམ་དེ་ཁྲིད་ནས་ཕུ་མདོ་ནས་མར་ཡ་རྩ་ནང་སོང་ཞིང་།དེ་ནས་དཀྱིལ་ལེ་རུ་ཕྱིན་ནས་ག་ཟམ་ལ་བསྡད་ཡོད་པའི་དགྲ་བོའི་སྟེང་དུ་དམག་བརྒྱབ་པ་ཡིན།སྐབས་འདིར་རྒྱ་དཔོན་གཉིས་དང་དམག་ཉོབ་མང་པོ་ཞིག་སོད་སོང་།དེ་འདྲ་བྱས་ནས་རྒྱ་དམག་ཕྱིར་བྲོས་སོང་པ་རེད།

དེ་ནས་ཡང་དམག་པོ་མང་པོ་ཞིག་ཕབ་བྱུང་བས།ར་བྲག་མཉམ་སྦྲེལ་གྱིས་འཐབ་འཛིང་དྲག་པོ་བྱས་ཏེ་སྐབས་འདི་རྒྱ་དམག་སུམ་བརྒྱ་མ་ཟིན་ཙམ་བསད་ཐུབ་སོང་པས་དགྲ་བོ་དཔའ་ཞུམ་དགོས་པ་ཞིག་བཟོས་པ་རེད།

དེ་ནས་ཡང་ཉི་མ་ཞིག་ལ་སྐམ་ཐོག་ནས་ར་རི་དང་བྲག་ཡག་ངེད་གཉིས་ཀྱི་ཆེད་དུ་དམིགས་བསལ་དམག་མི་ཁས་ལེན་པ་༥༠སླེབས་ཡོང་གིན་འདུག་ཟེར་གོ་བྱུང་།ཁོང་ཚོ་ཡ་རྩ་ནང་བར་དུ་སླེབས་ཚར་འདུགད་དུང་ལམ་བར་ནས་བྱ་རྒོད་ཚང་གི་གཡོག་པོ་རྒན་པ་དཀར་དབྱངས་ཀྱང་བསད་སོང་འདུགདེ་ནས་ཡང་ང་ཚོའི་དམག་ཆས་སོང་པ་ཡིན།སྐབས་འདིར་རྒྱ་དམག་ཁས་ལེན་པ་དེ་འདྲ་དམིགས་བསལ་རྐྱང་རྐྱང་སླེབས་ཡོད་དུས།བསྟན་རྣམ་ངེད་གཉིས་ཀྱིས་འཐབ་ར་ཡག་པོ་ཞིག་བདམས་ནས་གཡོག་པོ་ཚོ་ལ།ཁྱོད་ཚོས་དེ་རིང་འཛིང་མི་དགོས།མདའ་འཕྲོ་བརླག་འགྲོ་གི་རེད།དང་པོ་ངེད་གཉིས་ཀྱི་འཛིང་ཡོང་།དེ་ནས་རྗེས་སུ་ཅི་དགོས་བལྟ་ཆོག་གི་རེད།ཁྱོད་རང་ཚོ་ཡར་ཙམ་ལ་སྡོད་ཤོག་ལབ་པ་ཡིན།དེ་འདྲ་བྱས་ནས་ངེད་གཉིས་ཀྱིས་འཛིང་འཛིང་སྟེ་རྒྱ་དམག་ཁས་ལེན་པ་བཅུ་ལྷག་ཅིག་བསད་ཐུབ་སོང་།དེ་ནས་ང་ཚོ་དམག་མཚམས་ཆད་སོང་།

དེ་འདྲ་བྱས་ནས་ལོ་གཉིས་ལྷག་ཕུ་མདོ་ལ་བསྡད་རྗེས་ཡར་དབུས་ལ་གཏད་དེ་བྲོས་བྱོལ་ཡོང་བ་རེད།དེ་ནས་མདོ་གཞུང་མའི་ཕྱོགས་སུ་འབྱོར་ནས་ཆོས་གླིང་ས་རུ་མ་ལ་སྒར་བརྒྱབ་ནས་མི་རྟ་གཉིས་ངལ་གསོ་བྱས་ཏེ་བསྡད་པ་ཡིན།འོན་ཀྱང་ང་ཚོ་དམག་མི་རྣམས་སི་མདའ་རུ་སོང་སྟེ་སི་མདའ་དགོན་ནང་དུ་བསྡད་པ་རེད།འོན་ཀྱང་(༡༩༥༧ལོའི་བོད་ཟླ་༡༠པ་ཙམ་)ཉི་མ་ཞིག་ནངས་སྔ་མོ་ནས་རྒྱ་དམག་གིས་དགོན་པ་སྐོར་ཚར་འདུག་པས།ང་ཚོ་རྟ་སྒ་རྒྱག་ལོང་ཡོད་མེད་ཀྱིས་དགོན་པའི་ཕྱིར་ཐོན་ནས་བྲོས་པ་རེད།སྐབས་འདིར་ར་རུ་བསྟན་རྣམ་དཔོན་གཡོག་རྣམས་ཡར་དབོན་སྟོད་ཕྱོགས་སུ་བྲོས་པ་རེད།དེ་ནི་ཁོང་གི་ནང་མི་ད་དུང་གཞིས་སུ་བསྡད་ཡོད་པས་རེད།དངོས་གནས་བྱས་ན་བསྟན་རྣམ་གྱིས་ཡར་དབུས་ལ་ཕྱིན་ན་དྲན་གྱིན་འདུག་མོད།ཁོང་གི་ཨ་ཁུ་འཇམ་དབྱངས་བློ་གྲོས་(ར་སྒུར་ཡང་ཟེར་)ཀྱིས་ངོས་ལེན་བྱེད་ཀྱིན་མེད་དུས་ཁོང་ཡར་ནང་མི་ལ་འཁོར་འདུག་གིན་ཡོད་རེད།

ང་ཚོའི་ཕྱོགས་ཁག་དེ་སྔོན་མ་ནང་རྣམས་བཞག་ཡོད་སའི་ས་ཆ་དེར་ཕྱོགས་ནས་བྲོས་པ་རེད།ཡིན་ནའང་རྒྱ་དམག་མང་ཤོས་དེ་བསྟན་རྣམ་རྗེས་ལ་སོང་འདུགཉི་མ་དེ་ནས་བཟུང་བསྟན་རྣམ་ངེད་གཉིས་གསོན་བྱེ་བྱུང་སོང་།ཁོང་དངོས་གནས་དཔའ་བློ་ཁོག་ཆེན་པོ་ཡོད་རེད།དགྲ་དང་ཐུག་དུས་གཏན་ནས་སྐྲག་ངོ་མི་ཤེས་མཁན་ཞིག་རེད།

 

དེ་ནས་ཡར་རི་བོ་ཆེ་ལ་སོང་ནས་ལོ་ཕྱེད་ཙམ་བསྡད།དེར་སྡེ་དགེ་བའི་མྱི་ཆེན་མཁར་མདོ་གཉེར་པའི་ནང་ཚང་།ཕུ་མ་ཚང་།ར་རུ་དཀར་རྡོ་སོགས་མང་པོ་འཛོམས་འདུག་པས་ང་ཚོ་མཉམ་དུ་བསྡད་ཡིན།ཐེངས་ཤིག་རྒྱ་དམག་བརྒྱབ་སོང་།སྐབས་དེར་སྡེ་དགེ་བ་མི་འགའ་ཤས་ཀྱང་བསད་སོང་།དེ་ནས་མང་ཕྱོགས་དེ་ལྷོ་ཁ་ལ་བྲོས་སོང་ལ་རྒྱ་དམག་མང་ཕྱོགས་དེ་ཁོང་ཚོའི་རྗེས་ལ་སོང་པ་རེད།ང་ཚོ་བྲག་ཡག་ཚང་དང་ཁ་སུམ་མདོ་པ་འགའ།དེ་མིན་མྱི་རིག་རུ་བ་རྣམས་བྱང་གི་ཕྱོགས་ལ་བྲོས་པ་ཡིན།རྒྱུ་མཚན་ནི་ང་སྔོན་མ་ལམ་ཁ་དེ་བརྒྱུད་ནས་ལྷ་ས་ལ་འགྲོ་མྱོང་ཡོད།

 

དེ་ནས་ཁྱུང་པོ་པུ་ཐོག་ཁ་ནས་ཁྱུང་པོའི་རྒྱ་དམག་ཐུག་བྱུང་།ང་ཚོ་གངས་ཁྲོད་ཕྱིན་པ་ཡིན།ཁོང་ཚོས་དེ་ཧ་གོ་ནས་ང་ཚོ་དེ་ནས་ཡར་ཡོང་གི་རེད་དྲན་ཏེ་རི་དེའི་རི་མཐའ་ཞིག་ནས་ལམ་སྒུག་བཅས་ཏེ་ཏག་ཏག་བཟོ་རྒྱུ་བྱས་བསྡད་པ་རེད།དེ་འདྲ་བྱས་ནས་ཉིན་མཚན་དྲུག་ཙམ་ཕྱིན་རྗེས་ང་ཚོས་གངས་རི་དེའི་ཕར་རྒྱབ་ཀྱི་རི་མགོ་གཞན་དག་ཅིག་བསྐོར་ནས་སོང་པས་ཁོང་ཚོའི་འཆར་གཞི་ལམ་སློང་མ་བྱུང་པ་རེད།དེ་ནས་ཡར་བྱང་གནམ་མཚོ་ཁ་ལ་ཕྱིན་པ་རེད།གནམ་མཚོ་ཁར་སླེབས་དུས་རྒྱ་དམག་ཕོན་ཆེར་ཞིག་ཐུག་སོང་།ང་ཚོ་སྒར་ཆས་ནས་འགྲོ་གིན་ཡོད་དུས།སྒར་ཧ་ཅང་རིང་པོ་ཞིག་ཡོད་པ་རེད།དེ་འདྲ་བྱེད་དུས་ང་ཚོའི་སྒར་གྱི་དཀྱིལ་དུ་རྒྱ་དམག་འཛུལ་ནས།སྒར་དུམ་བུ་གཉིས་བཅད་དེ་མཐའ་མ་དེ་དེད་སོང་འདུགཡིད་སྐྱོ་བ་ཞིག་ལ་སྐབས་འདིར་མང་པོ་ཞིག་གནམ་མཚོ་ཁ་ལ་མཆོང་པ་དང་།མང་པོ་ཞིག་འཛིན་བཟུང་བྱས་ཤོར་སོང་།ང་ཚོ་སྔོན་མ་ཡིན་ལ།གཟའ་མི་བུ་ཕྲུག་ཚང་མ་མཉམ་དུ་ཆས་ཡོད་པ་མ་ཟད།རྟ་བྲེལ་སེམས་ཅན་ཡང་དེད་ཡོང་གིན་ཡོད་རེད།དེ་ནས་མཚམས་ཞིག་ལ་གནམ་གྲུ་ཞིག་སླེབས་བྱུང་།མི་ཚོས་དེ་ལ་མེ་མདའ་མང་པོ་རྒྱབ་སོང་།དེ་འདྲ་བྱས་ཏེ་གནམ་གྲུ་དེ་བྱང་གནམ་མཚོའི་ནང་གཡུག་ཐུབ་སོང་ཟེར་རྒྱུ་འདུགདེ་འདྲ་བྱས་ནས་ཡར་གློ་ཡི་མཚོ་དཀར་ལ་སླེབས་དུས།ཡང་རྒྱ་དམག་སླེབས་བྱུང་ཟེར་བས་གློ་ལ་ཚུས་བྲོས་པ་རེད།དེ་ནི་བལ་བོད་ས་མཚམས་རེད།འོ་དེ་འདྲ་བྱས་ནས་ང་ཚོ་འདི་ལྟར་ལྷག་སོང་པ་རེད།ང་ཚོའི་མཉམ་དུ་དེ་དུས་ཕ་རྒན་མ་རྒན་གཉིས།འཆམ་ར་ཚེ་རིང་རྣམ་རྒྱལ།བུ་ལོགམཐར་ཕྱིན།འདིས་དགའ།ངའི་ཤ་ཉེ་བཀྲ་ཤིས་རྣམ་རྒྱལ།སྲིང་མོ་ཚེ་ལྷ་མཚོ་དང་།གཡུ་དགའ།བདེ་སྐྱིད་བཅས་ཡོད་པ་རེད་ཅེས་གསུངས་སོང་།

༢༠༡༢་༡་༢ཉིན་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་མཁོ་སྒྲུབ་བྱས།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། མི་རྗེ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • མཁས་དབང་ནམ་མཁའི་ནོར་བུ་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ།
  • ཚེ་དབང་ཕུན་ཚོགས་ཀྱི་ལོ་རྒྱུས་སྙིང་བསྡུས།
  • ཡིད་ལྷུང་འཆི་མེད་རྣམ་རྒྱལ།
  • ཡིད་ལྷུང་བཟོད་པ།
  • ཡ་ལུང་ཚེ་རིང་།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།