བོད་ཀྱི་སྲོལ་རྒྱུན་རྒྱུ་མ་ལྡུག་སྟངས་སྐོར་གྱི་གླེང་མོལ།
བོད་ཀྱི་སྲོལ་རྒྱུན་རྒྱུ་མ་ལྡུག་སྟངས་སྐོར་གྱི་གླེང་མོལ།
ཡོང་ཁུངས། སྐར་ཁུང་དྲ་བ།
མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།།
ངའི་གྲོགས་པོ་རིན་ཆེན་བཀྲ་ཤིས་ལགས་ནི་ཁམས་ཀྱི་འབྲོག་ཁུལ་ནས་ཡོང་བ་རེད། ངས་ཁོང་ལ་ཁོང་གི་ཁྱིམ་གྱི་རྒྱུ་མ་ལྡུག་སྟངས་ཀྱི་སྲོལ་རྒྱུན་སྐོར་སྐད་ཆ་དྲིས་པ་ཡིན། ས་ཁུལ་སོ་སོར་སྲོལ་རྒྱུན་དང་མིང་འདོགས་སྟངས་སྣ་ཚོགས་ཡོད་སྲིད་མོད། གླེང་མོལ་འདི་ནི་ང་རང་དང་འབྲེལ་བ་ཡོད་པའི་དགེ་རྒྱས་ཀྱི་སྲོལ་རྒྱུན་ས་ཁུལ་དང་རོང་པའི་(ད་ལྟའི་ཡུ་ཧྲུའུ་ཁུལ་རྫ་ཐོག་རྫོང་།)འབྲོག་ཁུལ་གྱི་རྒྱུ་མ་ལྡུག་སྟངས་སྐོར་ཡིན།
བོད་ཀྱི་འབྲོག་པ་ཚོའི་སྲོལ་རྒྱུན་གྱི་མི་ཚེའི་རྣམ་པ་ནི་ཁོང་ཚོའི་འཚོ་ཐབས་དང་དམ་དུ་འབྲེལ་བ་ཞིག་ཡིན། དེ་བས། དུད་འགྲོ་ཞིག་བསད་པ་དང་ལུག་དང་གཡག་སོགས་གང་ཡིན་རུང་དེ་ཡི་ལྷུ་ལག་གཅིག་ཀྱང་འཕྲོ་བརླག་ལ་མི་གཏོང་། དུད་འགྲོ་ཡི་ལྷུ་ལག་རེ་རེ་བེད་སྤྱོད་བྱེད་སྟངས་དམིགས་བསལ་བ་རེ་བདོག་པ་དང་། སྲོལ་རྒྱུན་གྱི་ལམ་སྲོལ་འདི་ཡི་ཁྲོད་དུ་རྒྱུ་མ་ལྡུག་པ་ལའང་དེ་ཡི་དམིགས་བསལ་ཁྱད་ཆོས་ཡོད་པ་རེད།
སྤྱིར་བཏང་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་ནི་དགུན་ཤའི་ཆེད་དུ་སྒོ་ཕྱུག་བཤའ་བའི་སྐབས་ཡིན་ལ། དབྱར་ཁ་ནམ་རྒྱུན་ང་ཚོས་ཤ་གང་མགྱོགས་ཟ་མ་ཐུབ་ཚེ་རུལ་འགྲོ་བ་སོང་ཙང་སྒོ་ཕྱུག་མི་བཤའ། ཡིན་ཡང་སྐབས་འགར་སྒོ་ཕྱུག་རྨས་སྐྱོན་ཕོག་པ་དེ་འདྲ་ཁྱིམ་ཚང་གཅིག་གམ་གཉིས་ཀྱིས་བཤའ་དགོས་ཡོད། གལ་སྲིད་འདི་འདྲ་བྱུང་ཚེ་ཁྱིམ་ཚང་དེས་ནམ་རྒྱུན་ལྟར་རྒྱུ་མ་ལྡུག་པ་དང་གཡོ་སྐོལ་བྱེད་ལ། སྡེ་བའི་ནང་གི་ཁྱིམ་ཚང་གཞན་དག་ལའང་སྤྲོད་པ་རེད། རྒྱུ་མ་རིགས་མི་འདྲ་བ་ཡོངས་ཀྱི་སྣེ་མོ་ཕྲན་བུ་རེ་ཁྱིམ་ཚང་གཞན་ཚང་མར་སྐྱེལ་བ་དང་། འདི་ནི་རྒྱུན་ལྡན་གྱི་སྤྱོད་བཟང་ཞིག་དང་རེ་ལྟོས་ཤིག་རེད། རྒྱུ་མ་ལྡུག་པའང་གཞན་་འདྲ་བར་ལག་རྩལ་ཞིག་ཡིན། མི་འགའ་ཤས་ཀྱིས་རྒྱུ་མ་ཧ་ཅང་ཞིམ་པོ་ལྡུག་པ་དང་། དེ་ཡང་གཞན་ལ་སྤྲོད་རྒྱུ་དང་རང་ལ་ཉར་རྒྱུ་བཅས་ཡོད་ལ། མི་ཚོས་དུས་རྒྱུན་སུ་ཡིས་རྒྱུ་མ་ཡག་ཤོས་ལྡུག་མིན་སྐོར་ལ་གླེང་སློང་བྱེད་པ་དང་། ཡག་ཤོས་དེ་ལ་སྤྱི་ཚོགས་ནང་ཆེ་མཐོང་བྱེད་པ་རེད།
ས་ཆ་སོ་སོར་རང་རང་གི་དམིགས་བསལ་གྱི་ཟས་རིགས་ཡོད། དཔེར་ན། ཨ་མདོ་བླ་བྲང་གི་མོག་མོག་ལ་སྐད་གྲགས་ཡོད་ལ་ས་ཆ་དེའི་བུ་མོ་ཚང་མས་མོག་མོག་བཟོ་ཤེས་པ་རེད། ངའི་ཡུལ་ཕྱོགས་སུ་སྐྱེས་པ་ཞིག་ཡིན་ཕྱིན་རྒྱུ་མ་ལྡུག་ཤེས་པར་ཆ་འཇོག་བྱེད་པས། དུས་རྒྱུན་མི་ཚང་མས་ཀྱང་སྐྱེས་པ་དེས་རྒྱུ་མ་ཅི་ཙམ་ཡག་པོ་བླུགས་ཡོད་མེད་ལ་བསམ་འཆར་འདོན་ཞིང་། རྒྱུ་མ་ལྡུག་པ་ནི་སྐྱེས་པ་ཚོའི་ལས་ཀ་རུ་བརྩི་བ་རེད། འོན་ཀྱང་། རྒྱུ་མ་གཙང་མ་བཟོ་བ་དེ་སྐྱེས་མ་ཚོའི་ལས་ཀ་ཡིན་ལ། འདི་ལ་རྒྱུ་མ་ཐ་ཟེར། རྒྱུ་མ་གཙང་མ་ཡག་པོ་ཞིག་བཟོ་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བའི་ལས་ཀ་ཞིོག་ཡིན་ཏེ། རྒྱུ་མའི་ཐོག་ལ་འབྱར་བའི་ཚི་ལི་ནི་རྒྱུ་མ་ལ་བྲོ་བ་ཡོང་བྱེད་གཙོ་བོ་ཡིན་པས་རྒྱུ་མ་བཀྲུ་མཁན་གྱིས་རྒྱུ་མ་སྐབས་སུ་ཐོག་གི་ཚི་ལི་མི་འབྲད་པར་ཤིན་ཏུ་གཟབ་དགོས། གལ་སྲིད་ཚི་ལི་བྲད་འདུག་ན་ཤིན་ཏུ་མི་ལེགས་པར་བརྩི་བ་རེད།
རྒྱུ་མ་ལྡུག་པའི་ལས་ཀ་དེ་ལ་རྒྱུ་མ་གཡོ་ཟེར། རྒྱུ་མའི་ཆ་ཤས་མི་འདྲ་བ་དག་ལ་མིང་ཡང་མི་འདྲ་བ་རེ་ཡོད་ལ་དེ་དག་རེ་རེ་ལ་གྲ་སྒྲིག་ཀྱང་མི་འདྲ་བ་རེ་བྱེད་དགོས། ལྷག་པར་དུ་རྒྱུ་མ་ལ་ཁྲག་རྒྱུ་དང་ཕྱེ་རྒྱུ་བཅས་རིགས་གཉིས་ཡོད་ལ། ཁྲག་རྒྱུ་ནི་ཁྲག་ལྡུག་ས་དང་ཕྱེ་རྒྱུ་ཕྱེ་ཁུའི་རིགས་ལྡུག་ས་ཡིན། རྒྱུ་མའི་སྟོད་ཀྱི་ཕྱོགས་དེ་ལ་ཡོ་ར་ཟེར་ཞིང་དེ་བེད་སྤྱོད་ཆེན་པོ་ཡོད། དེ་ནི་རྒྱུ་མ་ལྡུག་ས་དེ་ཡིན། ཤིང་གི་ལྡུག་མ་ཞིག་ཡོ་རའི་སྣེ་ལ་བསྐོན་ཏེ་རྒྱུ་མའི་ནང་ལྡུག་རྒྱུའི་གཤེར་ཁུ་དག་དེ་ཡི་ནང་བླུགས་ནས་རྒྱུ་མ་ལྡུག་པ་ཡིན།
རྒྱུ་མའི་ཆ་ཤས་གཙོ་ཆེ་བ་ཁྲག་རྒྱུ་ལ་བེད་སྤྱོད་བྱེད་པ་དང་དེ་ཡི་ནང་དུ་ལྡུག་རྒྱུ་ནི་ཁྲག་དང་ཤ། ཚི་ལི་ཅུང་ཙམ་བཅས་བསྲེས་པ་དེ་ཡིན། འདི་ཡིས་རྒྱུ་མའི་བརྒྱ་ཆ་སུམ་ཅུ་ཟིན་ཡོད། ཁྲག་རྒྱུའི་ནང་ལ་བསྲེས་རྒྱུའི་ཤ་དེ་གྲ་སྒྲིག་བྱེད་སྟངས་ཀྱང་མི་འདྲ་བ་ཞིག་ཡིན། ཤ་དེ་བྱུང་རྒྱལ་དུ་གཏུབས་པའམ་འཐག་པ་ཙམ་མིན་པར། གྲི་གཉིས་ལག་པ་རེ་རེའི་ནང་ཁ་གཏད་དུ་བཟུང་ནས་ཤ་ཡི་སྟེང་ལ་བཙུགས་ནས་ཤིང་ལྷེབ་ངོས་མཁྲེགས་པོ་ཞིག་གི་སྟེང་ནས་འཐག་པ་རེད། འདི་ཡིས་ཤ་རྡོག་དག་འཐག་འཇོག་པ་རེད།
ང་རང་དགའ་སྣང་ཆེ་བའི་རྒྱུ་མ་དུམ་བུ་གཞན་ཞིག་ཡོད་ལ། རྒྱུ་མ་དུམ་བུ་འདི་ནི་དུམ་བུ་གཉིས་མཉམ་དུ་མཐུད་བཞག་པ་དེ་ཡིན་པ་དང་། དེ་ལ་མཆིན་རྒྱུ་ཟེར། ཚིག་དེ་མཆིན་པ་ལས་བྱུང་བ་རེད། འདིའི་ནང་ལའང་མཆིན་པ་ལྡུག་པ་རེད། མཆིན་པ་འཐག་པ་དེ་དང་མཉམ་དུ་ཚ། བྲོ་སྨན། གྲོ་ཕྱེ། ཆུ་ཅུང་ཙམ། ཚི་ལི་བཅས་གཡོས་ཏེ་ལྡུག་དགོས། མཐུད་མཚམས་དེ་ནམ་ཡང་མི་ཤོར་ལ། སྣེ་གཉིས་ཀར་མཆིན་པ་སོགས་བསྲེས་མ་དེ་ལྡུག་པ་དང་འཚོད་དུས་དང་ཟ་དུས་ཀྱང་སྣེ་གཉིས་མི་གྲོལ།
རྒྱུ་མའི་གཡས་ཕྱོགས་ཀྱི་སྣེ་ན་དེ་ཙམ་རིང་རྒྱུ་མེད་པའི་རྒྱུ་མ་དཀར་པོ་དུམ་བུ་ཞིག་ཡོད། དེ་ཡི་མིང་ལ་རྒྱུ་དཀར་ཟེར་བ་དང་ནང་དུ་ཚི་ལི་ཙམ་བླུགས་ཏེ་ཐབ་ཀྱི་སྟེང་དུ་བཞག་ནས་དུད་དྲེག་ཆགས་སུ་འཇུག་པ་རེད། དེ་ནས་དཔྱིད་ཀ་དང་དབྱར་ཁའི་སྐབས་སུ་ཟ་བ་རེད།
རྒྱུ་མའི་ནང་ནས་སྲབ་ཤོས་ཀྱིི་ཕྱོགས་དེ་ལ་རྒྱུ་ནག་ཟེར། འདི་ནི་རྒྱུ་མའི་ཐོག་གི་ཚིལ་ཡོངས་སུ་བཀོག་ཏེ་སྐུད་པ་ཞིག་ལྟར་མཐོང་བར་བྱེད་པའི་ཕྱོགས་དེ་ཁོ་ན་ཡིན་ལ། དེ་ནི་གྲོད་པུ་སྤྱད་དེ་དོན་དྲིལ་(Don-drik)ཅེས་པའི་རྒྱུ་མ་དམིགས་བསལ་ཞིག་ལྡུག་བྱེད་དུ་བེད་སྤྱོད་བྱེད་པ་རེད། དེ་ཡང་ཐོག་མར་གྲོད་པུ་གཙང་མ་ཧ་ཅང་ཡག་པོ་བཟོ་དགོས། དེ་ནས་དཀྱུས་བྱས་ཏེ་ཞེང་ལ་ཨིན་ཅི་1/2ཡོད་པར་གཏུབས། གྲོད་པུའི་ཤུབ་དེའི་ནང་འཇུ་རྒྱུའི་ཚིལ་ལི་འཐག་སྟེ་སྲབ་སྲབ་ཀྱིས་དུམ་བུར་བྱོས། དེ་ནས་ཚིལ་ལི་འཐག་པ་དུམ་བུ་གཉིས་སམ་གསུམ་ཙམ་གྲོད་པུ་གཏུབས་པ་དེ་ཡི་སྟེང་དུ་བཞག་སྟེ་དམ་པོར་སྒྲིལ། རྒྱུ་ནག་ཉིས་སྐྱ་བྱས་ཏེ་གྲོད་པུ་སྒྲིལ་མ་དུམ་བུ་དེ་ཡི་འགོ་ནས་མཇུག་བར་ཟེགས་ཀྱིས་བཏུམ་པར་བེད་སྤྱོད་བྱེད་པ་རེད། འདི་གདུ་རུ་བཅུག་ནས་ཡག་འཚོད་དགོས། དེ་ལ་དོན་དྲིལ་ཟེར་ཞིང་དོན་ནི་གྲོད་པ་དང་དྲིལ་ནི་བཏུམ་པའི་དོན་ཡིན། གལ་སྲིད་རྒྱུ་ནག་ལྷག་སོང་ཚེ་དེ་ལྟར་ཆུ་ནང་ལ་བཙོས་ཏེ་ཟ་བ་ཡིན་ལ། དེ་ལ་རྒྱུ་སྟོང་ཟེར།
གྲོད་པུའི་གཡོན་ནས་གཡས་ལ་བསྡམས་ཏེ་ཕྱིར་བུད་པ་དེ་ལ་ང་ཚོས་སི་ལི་(Silu)དང་དྲི་ཤག་(Drishak)ཅེས་འབོད་ཅིང་། དེ་དག་གི་ནང་དུ་ཤ་དང་ཚིལ་བླུགས་ཏེ་དམ་པོར་བཙེམས་པ་རེད། འདི་ཡང་ཡག་པོ་གདུ་རུ་བཅུག་ནས་ཟ་དགོས།
ཨོལ་ཀྲོང་ལའང་ཕྱི་ཤུན་ཐུང་ངུ་དུམ་བུ་ཞིག་ཡོད། འདིའི་ཕྱི་ཤུན་ལ་རིམ་པ་གཉིས་ཡོད། བྱས་ཙང་གཅིག་གི་རྩེ་མས་གཏུབ་ཏེ་ནང་རིམ་དེ་ཕྱི་ལ་འདོན་དགོས། འདི་ནི་ནམ་རྒྱུན་ཕྲུ་གུ་ཚོར་འཇོག་པ་རེད། ཕ་མ་ཚོས་ནང་དུ་ག་རེ་ལྡུག་མིན་སྐོར་བུ་ཕྲུག་ལ་སྐད་ཆ་འདྲི་བ་རེད་ལ། ཁོང་ཚོ་རང་ཉིད་ཀྱི་ཅི་ཞིག་ལྡུག་ན་འདོད་མིན་དེ་དགོད་བྲོ་བ་ཞིག་ཡིན་མོད། སྤྱིར་བཏང་ནས་ཤ་དང་ཚིལ་མཉམ་དུ་ལྡུག་པ་རེད། ཕྲུ་གུ་མང་ཆེ་བས་རྒྱུ་མའི་ནང་ལ་ཁྲག་བླུགས་པ་མི་འདེམས།
མཚེར་པའང་སྐྱི་ཁུག་དུམ་བུ་གཞན་ལྟ་བུ་ཞིག་ཡིན། ང་ཚོས་དེ་ཡི་སྟེང་ནས་ཁ་ཆུང་ཆུང་ཞིག་ཕྱེ་སྟེ་དེའི་ནང་དུ་ཤ་དང་རྩམ་པ། ཚིལ་བཅས་ཀྱིས་འགེང་བ་དང་། དེ་ཡི་ཁ་ནམ་རྒྱུན་རྒྱུག་པ་ཕྲ་མོ་ཞིག་གིས་ཕར་ལེན་ཚུར་ལེན་བྱས་ཏེ་བཙེམས་པ་རེད།
ཆེས་མཐའ་མའི་དུམ་བུ་དེ་ཡོ་ར་(Yora)་ཡིན་ལ། དེ་ནི་ང་ཚོས་རྒྱུ་མ་ཐམས་ཅད་ལྡུག་སྤྱད་དུ་བེད་སྤྱོད་བྱས་པ་དེ་རེད། དེའི་མཇུག་སྣེ་སྐུད་པ་ཞིག་གིས་དམ་པོར་བསྡམས་ཏེ་དེ་ནས་ནང་དུ་ཤ་དང་ཚིལ། རྩམ་པ། སྨན་སྣ་འདྲ་མིན་གྱིས་དགང་དགོས། འདི་ཡི་ནང་དུ་རྒྱུ་མའི་ནང་ལྡུག་རྒྱུ་མང་ཆེ་བ་དང་བྲོ་བའང་ཕལ་ཆེ་བ་ཡོད་པས་ང་རང་ཆུང་དུས་ཀྱི་དགའ་ཤོས་དེ་ཡིན། འདི་ཡ་མིང་ལ་ལོང་ག་ཟེར།
ཉར་འཇོག་བྱེད་སྟངས། དགུན་ཁའི་དུས་ཚོད་ལ་རྒྱུ་མ་བླུགས་ཚར་བ་རྣམས་སྐམ་མམ་ལུག་གི་གྲོད་པུའི་ནང་བཅུག་སྟེ་ཁ་བཙེམས་པ་དང་དགོང་མོ་འཁྱག་ལ་འབྱར་བར་བྱེད་པ་རེད། ནམ་རྒྱུན་ང་ཚོར་དགུན་ཁ་ཡོངས་སུ་འདང་ངེས་ཀྱི་འདི་འདྲ་ཕུང་གསོག་ཆེན་པོ་ཡོད། དེ་ཟ་རྒྱུའི་དུས་སྐབས་ལ་སླེབས་མཚམས་སྐུད་པ་གཏུབས་ཏེ་རྒྱུ་མ་རྣམས་ལ་ཆུའི་ནང་ལ་གདུ་རུ་བཅུག་ནས་ཟ་བ་རེད།
གློ་བ།
ལུག་ཡག་པོ་ཞིག་གི་གློ་བ་ནི་དུས་ཡུན་རིང་པོར་ཉར་འཇོག་བྱེད་པ་རེད། གློ་བའི་ནང་འགེང་སྟངས་གཅིག་ནི་མར་བཞུས་ཏེ་ནང་དུ་ལྡུག་པ་དེ་ཡིན་ལ། དེའི་མིང་ལ་གློ་བ་མར་ཁུ་ཟེར། དེ་ཞིམ་པོའང་ཡོད། རེད་དེ། དེ་ལ་གློ་བ་མ་འབིག་པ་ཧ་ཅང་ཡག་པོ་ཞིག་དགོས། དེ་འདྲ་བྱེད་སྐབས་དེ་དག་དགུན་དུས་སུ་འཁྱག་པ་རྒྱག་སར་ཉར་འཇོག་བྱས་ཏེ་དཔྱིད་འགོ་མ་ཚུགས་བར་འཇོག་པ་དང་། སྐབས་འདིར་སྤྱིར་བཏང་གཡག་ཆུང་ཆུང་འགའ་ཤས་ཀྱི་གནོད་སྐྱོན་གྱི་རྟགས་མཚན་རིགས་ཁྲག་དབྱུང་བ་ལ་བརྟེན་ནས་གསོ་བ་རེད། དེ་ཡང་སྐེ་ནས་ཅུང་ཙམ་གཤག་གཏུབ་བྱས་ཏེ་ཁྲག་ཐོན་དུ་འཇུག་པ་རེད། འདི་ཡིས་གཡག་ཆུང་ངུ་དག་གི་བདེ་ཐང་སྟོབས་ཤུགས་བསྐྱར་གསོ་ཐུབ་པ་རེད། ཁྲག་འདིའི་དགུན་ཁའི་རིང་ལ་ཉར་འཇོག་གིས་གློ་བ་འགེང་བ་རེད། གློ་བ་ཆུ་མོའི་འཁྱག་པའི་གསེང་ནས་འདོན་དགོས་པ་དང་། དེ་ལག་པ་འཆང་སྐབས་ལག་འཇམ་པོས་གཟན་ནན་བྱས་ཚེ་གློ་བ་མི་འབིག་པར་ཅུང་ལས་སླ་བོར་ལེན་ཐུབ། ཁྲག་གི་ནང་དུ་མར་བསྲེས་ཏེ་དེས་གློ་བའི་ཕྱི་ཐིམ་འགེང་བ་རེད།