བོད་ཀྱི་གླུ་པའི་རྒྱལ་པོ་གཡའ་དྭངས་ཀྱི་ལོ་རྒྱུས།
༈ བོད་ཀྱི་གླུ་པའི་རྒྱལ་པོ་གཡའ་དྭངས་ཀྱི་ལོ་རྒྱུས།
གངས་ལྗོངས་གླུ་པའི་རྒྱལ་པོ་གཡའ་དྭངས་ལགས་ནི། སྤྱི་ལོ ༡༩༦༣ ལོར་ཁམས་སྡེ་དགེ་རུ་སྐྱེས།
ཁོང་ལ་ནང་མི་གསུམ་ཡོད་པ་སྟེ། ཕ་མ་གཉིས་དང་སྲིང་མོ་གཅིག་བཅས་རེད། ཆུང་དུས་ཁོང་གི་མིང་ལ་ཉི་མ་ཚེ་རིང་དང་། རྗེས་སུ་གཡའ་དྭངས་ཞེས་གྲགས། (ཁོང་གི་མིང་འབྲི་སྟངས་ཐད། ཡར་དུང་དང་། ཡ་དུང་། གཡའ་དྭངས། ཡ་ཏུང་སོགས་འབྲི་ཚུལ་སྣ་ཚོགས་ཤིག་མཐོང་། )ཁོང་ནི་ལོ་ན་ཆུང་དུས་ནས་གླུ་གཞས་ལ་ཧ་ཅང་དགའ་མོས་ཆེ་བ་བཞིན་ལྷན་སྐྱེས་སྐད་ངག་སྙན་པོ་དང་གདངས་དབྱངས་ལ་རང་དབང་ཐོབ་པ་ལྟ་བུའི་ཁྱད་ཆོས་ཀྱང་ལྡན་ཡོད་པ་རེད། དེ་བཞིན་རང་ཉིད་ཀྱི་འཚོ་སྡོད་བྱ་སའི་ཁོར་ཡུག་གི་ཐད་ནས་ཀྱང་གླུ་བྲོ་དང། ལ་གཞས། གླིང་སྒྲུང་སོགས་ལ་ཧ་ཅང་དགའ་མོས་ཡོད་པ་དང་། ནམ་རྒྱུན་མང་ཚོགས་ཀྱི་འཚོ་བའི་ཁྲོད་གླིང་སྒྲུང་འདོན་པ་དང་། བྲོ་གླུ་གཞས་གསུམ་བྱེད་པ་སོགས་གླུ་གཞས་ཀྱི་ཕ་ས་ལྟ་བུ་ཞིག་གྲུབ་ཡོད་སྟབས། ཁོང་ལའང་སྐུལ་འདེད་ཆེན་པོ་ཐེབས་ཤིང་། རང་ཉིད་ཀྱི་སྐད་ངག་ལ་དམིགས་བསལ་གྱི་འདེང་འཇོག་ཐོབ། འོན་ཀྱང་རང་ལོ་༡༢ སྟེང་དུ་ཕ་འདས་གྲོངས་སུ་གྱུར་རྗེས། ཨ་མ་དང་སྲིང་མོ་གཉིས་ཀྱི་ལྷན་དུ་ཨ་ཕ་མེད་པའི་ནང་མི་ཞིག་གི་འཚོ་བ་རོལ་དགོས་བྱུང༌། དེ་བཞིན་ཁྱིམ་ཚང་གི་འཚོ་བའི་དཀའ་ངལ་གྱིས་རྐྱེན་པས་སློབ་ཆུང་ལོ་རིམ་གསུམ་པ་བཏོན་རྗེས་སློབ་གྲྭ་འགྲོ་མཚམས་འཇོག་དགོས་ཐུབ། རང་ལོ་ ༡༦ སྟེང་དམག་མའི་ནང་དུ་ཞུགས་ཏེ་དམག་མི་བྱས་ཀྱང་ལོ་གཉིས་སོང་རྗེས་ ༡༩༨༡ ལོར་ཕྱིར་ཐོན་ཏེ་གོང་རིམ་གྱི་བཀའ་ལྟར་སྡེ་དགེ་རྫོང་ལུས་རྩལ་ཁང་དུ་ལས་ཀ་གཉེར། སྐབས་དེར་གླུ་དང་རོལ་ཆ་པི་ཝ་རྒྱུད་དྲུག་མ་སོགས་གང་མང་ཞིག་ལ་རང་སྦྱོང་བྱས་པས་ཡུན་རིང་མ་སོང་བ་རོགས་པ་ཚོ་ཧ་ལས་དགོས་པའི་འབྲས་བུ་ཐོན། འོན་ཀྱང་ཡོང་བབ་དེ་ཙམ་མེད་སྟབས་དོལ་སྐྱེལ་རླངས་འཁོར་ཞིག་བཏང་ནས་དེའི་ནང་ཤིང་ཆ་དབོར་རྒྱུའི་ལས་ཀ་ཡང་བྱས།
དེ་བཞིན་སི་ཁྲོན་ཁྲིན་ཏུ་རུ་ལྕགས་རིགས་བཟོ་གྲྭ་ཞིག་ཏུ་ངལ་རྩོལ་གྱི་ལས་ཀ་གཉེར། ཡིན་ནའང་རང་ཉིད་གླུ་གཞས་ལ་དགའ་མོས་ཆེ་བ་དེས་མཐར་ལས་ཀ་དེ་བློས་བཏང་ནས་གླུ་དབྱངས་ལེན་རྒྱུའི་རྨི་ལམ་བཏང་ཡང་རང་ཉིད་ལ་མགོན་སྐྱབས་ཡག་པོ་མེད་པ་དང་། འཁོས་ཀའང་བཟང་པོ་ཞིག་མེད་སྟབས་དཀའ་ངལ་མང་པོ་འཕྲད། འོན་ཀྱང་ལམ་འགྲོ་རྒྱུགས་པ་ཞིག་ལ་དམིགས་ཡུལ་དེའི་ཆེད་དུ་ཁོ་རང་དར་མདོར་བརྒྱུད་རྒྱ་ནག་ཁྲིན་ཏུ་རུ་འགྲོ་སྐབས། དཀར་མཛེས་ཁུལ་གླུ་གར་ཚོགས་པའི་གྲོགས་པོ་ཞིག་གི་སར་པི་ཝང་དཀྲོལ་ཏེ་གླུ་ཞིག་བླངས་པས། དེར་ཡོད་པའི་མི་ཚང་མ་ཁོང་གི་སྐད་ངག་ལ་ཧ་ལས་སོང་བས། གླུ་གར་ཚོགས་པའི་འགོ་དཔོན་གྱི་ཡིད་སེམས་ཀྱང་ཁོང་གིས་འཕྲོགས་ནས། ཁོ་རང་དཀར་མཛེས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་ལས་ཀ་བྱ་རྒྱུའི་གོ་སྐབས་རྙེད། དེ་ནས་པི་ཝང་དང་ས་ཁེ་སི་སོགས་རོལ་ཆ་སྣ་ཚོགས་ལ་སྦྱངས་པ་བྱས་ཏེ་བྱང་པར་བྱས་ནས། རྗེས་སུ་དེ་དག་གི་སྦྱོང་བརྡར་འཛིན་གྲྭ་ཡང་བཙུགས་པས་མིང་དོན་གཉིས་ཀྱི་ཐོག་ནས་སྐད་གྲགས་ཆེན་པོ་བྱུང་། ལོ་དེར་ཁོང་གིས་<<གངས་ཏི་སེའི་རོལ་དབྱངས་ཚོགས་པ་>>ཞེས་པ་ཞིག་གསར་དུ་བཙུགས་ནས་སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་བོད་ཀྱི་ས་ཁུལ་དུ་སྐོར་སྐྱོད་བྱས་ཏེ་འཁྲབ་སྟོན་བྱས་པས་དགའ་བསུ་རྒྱ་ཆེར་ཐོབ། དེ་ནས་བཟུང་ཁྲིན་ཏུའི་གྲོང་ཁྱེར་གྱི་ནང་མ་གླུ་ཁང་སོགས་སུ་གླུ་གཞས་གཏོང་མགོ་བརྩམས། རིམ་བཞིན་ཁྲི་འདུ་གྲོང་ཁྱེར་ཁུལ་དུ་མང་ཚོགས་ཀྱིས་དགའ་མོས་བྱེད་སའི་བོད་ཀྱི་གླུ་པ་ཞིག་ཏུ་གྱུར་འགོ་ཚུགས། ཕྱི་ལོ་ ༡༩༩༢ ལོར་ 《ལྡོམ་པོའི་སེམས་》ཞེས་པའི་ཆེད་སྒྲིག་སྒྲ་ཐག་ཐོག་མ་དེ་སི་ཁྲོན་ཞིང་ཆེན་རྒྱང་སྒྲོག་གློག་འཕྲིན་ཁང་གིས་འགྲེམས་སྤེལ་བྱས་པས། ཧང་སང་བ་ཞིག་ལ་ལོ་ཕྱེད་ཀའི་ནང་སྒྲ་ཐག་ཁྲི་ ༦༠ ལྷག་འགྲེམས་རྒྱུག་ཐུབ་པ་བྱུང༌། གླུ་དབྱངས་དེ་དང་ལྷན་ཁོང་གི་མཚན་སྙན་དེ་བོད་ཁམས་ཡོངས་ལ་ཁྱབ་པས་མ་ཚད་མི་རིགས་གཞན་དག་གིས་ཀྱང་ཧ་ཅང་དགའ་མོས་བྱེད་ས་ཞིག་ཏུ་གྱུར། ཕྱི་ལོ་ ༡༩༩༥ ལོའི་སྟོན་ཀར་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་<<མཁའ་བསྐྱོད་གླག་རྒོད་>>ཞེས་པ་ལྷ་སར་བརྙན་ཕབ་བྱེད་དུ་སླེབས་ཏེ་བོད་ཁུལ་གྱི་གླུ་པ་བཞི་བཙལ་ཡང༌། གླུ་ཚིག་རྩོམ་པ་པོ་བཀྲ་ཤིས་ཟླ་བ་དང་དབྱངས་རྩོམ་པ་པོ་སྨིན་གླིང་རྡོ་རྗེ་གཉིས་ཀྱི་ཐུགས་བློ་མ་ཁེངས་པར་བརྟེན། ཡང་བསྐྱར་གླུ་པ་གཡའ་དྭངས་གདན་ཞུ་བྱས་ཏེ་《མཁའ་ལྡིང་གླག་རྒོད》 ཞེས་པ་སྒྲ་ལེན་བརྙན་ཕབ་བྱས། དེའི་ཕྱི་ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གླུ་གཞས་འགྲན་སྡུར་སྟེང་གླུ་གཞས་དེར་གསེར་གྱི་རྟགས་མ་ཐོབ་སྟེ་ཡང་བསྐྱར་ཁོང་གི་མཚན་སྙན་དེ་རྒྱ་ནག་དང་བོད་ཕྱི་ནང་གཉིས་སུ་ས་ཁྱབ་རྡོ་ཁྱབ་གྱུར་པ་དང་། བོད་མི་རྒན་དར་གཞོན་གསུམ་གྱིས་ཆེས་དགའ་མོས་བྱེད་སའི་གླུ་པ་ཞིག་ཏུ་གྱུར་ཡོད།
ཁོང་གི་སྐད་ངག་གི་དམིགས་བསལ་ཁྱད་ཆོས་ཤིག་ནི། ཕྲ་སྦོམ་ཇི་ལྟར་བྱས་ཀྱང་བལ་སྐུད་ལྟར་རང་དབང་དུ་འགུགས་འཐེན་ཆོག་པས་མ་ཚད། དེ་དག་ཀྱང་ཞི་དྲག་གི་རྣམ་པ་གང་དུ་བསྒྱུར་ཡང་སེམས་ལ་ཟུག་ཅིང་ཡིད་ལ་འཐད་ནས་ཡང་ནས་སྐྱར་དུ་ཉན་སྤྲོ་བ། སྐད་མཐོ་དམའ་ཇི་ལྟར་བཀུགས་ཀྱང་འཇིག་ཐག་ལྟར་བསྣར་རྒྱུ་ཡོད་པས་མ་ཚད་སྐད་ངག་གི་སྣེ་མོ་རི་བོའི་རྩེ་དང་ཆུ་མོའི་གཞུང་ལ་དྲངས་ཐུབ་པ་ལྟ་བུའི་ཁྱད་ཆོས་ཡོད།
ཁོང་གིས་ནམ་རྒྱུན་གླུ་དབྱངས་ལེན་པའི་གོ་རིམ་ནང་གཙོ་འདོན་གནང་ས་འགའ་ནི།
ཕ་ཡུལ་གངས་ལྗོངས་ཕྱུག་མོའི་ཕྱི་ནང་སྣོད་བཅུད་ཀྱི་རྣམ་པ། དཔེར་ན་བོད་ཀྱི་རི་ཆུ། ནམ་མཁའ་སོགས་ཁོར་ཡུག་དང་། བོད་མའི་ཡར་རབ་བཟང་སྤྱོད་སོགས་ཀུན་སྤྱོད། ཆོས་དང་རིག་གཞུང་གི་དགེ་མཚན་རྣམས་གླུ་གཞས་ཀྱི་ནང་སྙིང་འཛིན་གྱིན་ཡོད། དེ་དག་ཀྱང་སྐྱེ་བོ་རྒན་དར་གཞོན་གསུམ་སུ་འདྲ་ཞིག་གིས་མཉན་ཀྱང་རྣ་བར་སྙན་ཅིང་། སེམས་ལ་བབ་པས་མ་ཚད། བོད་མི་རང་གི་སྐད་གདངས་ཀྱི་ཁྱད་ཆོས་མ་བརླག་པའི་ཐོག་དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པ། དེ་བཞིན་རང་ཉིད་ཀྱི་སེམས་ཀྱི་འཆར་སྒོ་དག་མང་ཚོགས་ཀྱི་ཡིད་ངོར་གསོན་པོར་སྟོན་ཐུབ་པའི་སྒྱུ་རྩལ་གྱི་རྣམ་པ་ཕུན་སུམ་ཚོགས་པ་བཅས་ཀྱི་ཁྱད་ཆོས་མང་པོ་ཞིག་ཡོད།
དཔེར་ན་མང་ཚོགས་ཀྱིས་ཧ་ཅང་དགའ་མོས་ཐོབ་ཅིང་སྤྱི་ཚོགས་ཐོག་ཤིན་ཏུ་སྐད་གྲགས་ཆེ་བའི་ཁོང་གི་གླུ་གཞས་ཁག་ <<ལྡོམ་པོའི་སེམས།>>དང་ <<ཁམས་པའི་ཕོ་སར>>དང་ <<གླིང་གེ་སར་རྒྱལ་པོ>>དང་ <<མཆོད་རྟེན་དཀར་པོ>>དང་ <<མཚོ་སྔོན་པོ>>དང་ << ཨ་མའི་པགས་རྩག>>དང་ <<མདོ་དབུས་མཐོ་སྒང་>>དང་ <<རྨི་ལམ་ནང་གི་སྒྲོལ་མ>>དང་ <<འཚོལ་ཉུལ>>དང་ <<བུ་མོ་ཟླ་བ་སྒྲོལ་མ>>དང་ <<ཟླ་འོད་ས་ལ་ལྷུང་བའི་སྒྲ་དབྱངས>>དང་ <<བརྩེ་ལྡན་གྱི་ནུ་བོ>>དང་ <<ལས་དབང་>>དང་ <<སྒྲོལ་མ >>དང་ <<བྱམས་སེམས་ཅན་གྱི་ཨ་མ>>དང་<<པཎ་ཆེན་དྲན་གླུ་<<ཆུ་བོ་རྒྱལ་མོ་དངུལ་ཆ་>>དང་། <<ནམ་མཁའི་སྤྲིན་དཀར་པོ་>>སོགས་ཆེད་བསྒྲིགས་དང་གླུ་གཞས་འགྲེམ་སྤེལ་གནང་བ་སོགས་རེད།
སྔ་རྗེས་སུ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པ་གོང་འོག་གི་གླུ་བའི་འགྲན་ཚོགས་བཅུ་ཕྲག་ལྷག་ནས་བྱ་དགའི་གཟེངས་རྟགས་ཐོབ་པ་དང་། ལྷག་པར་དུ་མཆོད་རྟེན་དཀར་པོ་དང་ཨ་མའི་པགས་རྩག པཎ་ཆེན་དྲན་གླུ། རྒྱལ་མོ་རྔུལ་ཆུའི་འབོད་པ་སོགས་ཀྱིས་རྒྱལ་ཕྱི་ནང་དུ་འཁོད་པའི་ཆོལ་ཁ་གསུམ་གྱི་བོད་རིགས་སྤུན་ཟླའི་སེམས་ནང་ལ་གཏན་ནས་ཡལ་མི་སྲིད་པའི་བག་ཆགས་འཐུག་པོ་རེ་སྐྲུན་ཏེ། གླུ་བ་ཁོང་ལ་ཧ་ཅང་དགའ་མོས་དང་རྩི་མཐོང་། དེ་བཞིན་གུས་བཀུར་ཆེན་པོ་བྱེད་ཀྱིན་ཡོད། ད་དུང་རྒྱ་རིགས་དང་ཕྱི་གླིང་པའི་ནང་དུའང་ཁོང་གི་གླུ་གཞས་ལ་དགའ་མོས་ཆེན་པོའི་ངང་ཉན་མཁན་མང་པོ་ཡོད་པས་མ་ཟད། ཚད་མཐོའི་འདེང་འཇོག་བྱེད་ཀྱིན་ཡོད།
བོད་ཀྱི་གླུ་པའི་རྗེ་བོ་ཁོང་མཐོ་སྒང་འདིར་ཕེབས་ཏེ་གླུ་དབྱངས་ཀྱིས་མང་ཚོགས་ཀྱི་སེམས་ཁམས་དག་ཞིང་དུ་ཁྲིད་པ་ལྟ་བུའི་བདེ་སྐྱིད་བྱིན་པ་ནས། བོད་ཀྱི་གཞོན་སྐྱེས་གླུ་བ་མང་པོས་ཁོང་གི་དབྱངས་འགྲོས་དང་གར་ཉམས་ཀྱི་རྗེས་སུ་འབྲང་སྟེ། དེང་སང་བོད་ཕྱི་ནང་གཉིས་ན་གླུ་གར་གྱི་འཚོ་བས་འཇིག་རྟེན་འདིར་གསོན་ཤུགས་བསྐྲུན་མཁན་མང་པོ་བྱུང་ཡོད་ལ། དེའི་ནང་གི་དཔེར་མཚོན་གསལ་ཤོས་ཤིག་ནི། གྲགས་ཆེན་གླུ་བ་ཀུན་དགའ་ཕུན་ཚོགས་དང་། ཚེ་དབང་། གངས་གཞུག་བཅས་རེད།
རྗེས་སུ་ཁོང་གིས་ང་ཚོ་བོད་ཀྱི་གླུ་པ་ཚོས་གླུ་དབྱངས་ལེན་ཤེས་པ་ལས་རོལ་མོའི་རིགས་དཀྲོ་མི་ཤེས་པ་དང་། དེའི་ཐད་ནས་དམིགས་བསལ་དཀའ་ངལ་ཡོད་པར་གཟིགས་ནས་ཁོ་རང་གིས་པི་ཝང་རྒྱུད་དྲུག་མང་དང་བོད་ཀྱི་པི་ཝང་། ས་ཁི་སེ། རྔ་གཅོང་སོགས་རོལ་ཆས་འདྲ་མིན་མང་པོ་ཞིག་ཀྱང་དཀྲོལ་ཤེས་ཀྱིན་ཡོད་པས་རོལ་མོ་སྒྱུ་རྩལ་ཁང་ཞིག་གཉེར་ནས་དགེ་ཕྲུག་མང་པོ་ཞིག་གསོ་སྐྱོང་གནང་ཡོད།
ཡིད་སྐྱོ་བ་ཞིག་ལ་ཉེ་བའི་ལོ་འགའི་སྔོན་ནས་ཁོང་གིས་ད་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་གླུ་གཞས་ལེན་མཁན་དང་། རོལ་མོ་དཀྲོལ་ཤེས་མཁན་ཀྱང་གང་འཚམ་བྱུང་སོང་། ད་ནི་ང་ཚོའི་སྤྱི་ཚོགས་ནང་གློག་བརྙན་བཟོ་སྐྲུན་དང་འཆར་འགོད་ཐད་ནས་སྟོང་ཆ་ཞིག་ལུས་འདུག་པས་ངས་གླུ་དབྱངས་ལེན་མཚམས་བཞག་སྟེ་དེའི་ཐད་ལ་ཤུགས་སྣོན་རྒྱག་གི་ཡིན་ཞེས་གསུངས་ཡོད་པ་རེད། ཁོང་གི་ཐག་བཅད་སྟངས་འདིས་ང་ཚོས་ཁོང་གི་གླུ་དབྱངས་གསར་པ་མ་ཐོས་ནས་དུས་ཡུན་གང་འཚམས་ཤིག་ཕྱིན་ཟིན་པ་རེད།
འོན་ཀྱང་ཁོང་གི་རྣམ་དཔྱོད་དང་སྙིང་སྟོབས་ལས་ཐོན་པའི་གློག་བརྙན་ཁག་ལ་མང་པོ་ཞིག་གིས་ངང་སྒུག་བྱེད་ཀྱིན་ཡོད་པ་ལྟར་རེད།
འཆམ་ར་དྲི་མེད་རྒྱལ་མཚན་གྱིས་སྒྲིག