བུ་མོ་གཟི་མིག་གསུམ་པ།
༄།། བུ་མོ་གཟི་མིག་གསུམ་པ།
(༢༠༡༨་༢་༡༦)རྩོམ་པ་པོ། ས་མཐའི་གཡུ་རལ།
ཕ་མའི་རྡོག་རྗེས་གྲོང་གསེབ་ཅིག་ནས་རིང་དུ་དོད།།
ཁྱེད་ཚོའི་ལང་ཚོ་ཤེས་རིག་གླིང་ནས་འོད་དུ་འཚེར། །
རྨི་ལམ་ནང་གི་ཕ་མའི་མིག་ཆུ་ད་སང་ཆད། །
ཁྱེད་ཚོ་འཚར་བ་དོན་དང་ལྡན་སོང་བཀྲ་ཤིས་ཤོག།
ཀ་ཁའི་དབྱངས་རྟས་ཁྱེད་ཚོ་སྙན་བྱུང་རེ་བ་ཡོད། །
བཟང་པོའི་སྤྱོད་པས་ཁྱེད་ཚོ་མཛེས་བྱུང་ཡིད་ཆེས་ཆེ། །
ཉལ་བའི་རྨི་ལམ་འཇའ་དང་འོད་ཡིན་ཁྱེད་ཚོ་བསྟོད།།
ཕྱི་ཡི་མཛེས་སྡུག་ནང་ནས་མཆེད་སོང་ཇེ་ཡག་རེད། །
ཡ་རབ་སྤྱོད་བཟང་འདི་བོད་མའི་ཁྱད་ནོར་རེད། །
ཤེས་རིག་སྦྱོང་བརྩོན་འདི་ཕ་མའི་བསམ་འདུན་རེད། །
མདུན་སྐྱོད་ཧུར་བརྩོན་ནི་ཞང་པོའི་རེ་སྨོན་ཡིན། །
མ་འོངས་གྲུབ་འབྲས་ནི་ཁྱེད་ཚོའི་མི་ཚེ་རེད། །
རིག་གནས་བདག་མེད་ལ་བློ་རིག་སུ་རྒོད་ཡིན། །
རྒྱལ་ཁའི་གྲུབ་འབྲས་ནི་འབད་བརྩོན་སུ་ཆེ་རེད། །
བུ་མོ་སྤུན་གསུམ་འདི་གཟི་མིག་གསུམ་པ་ཡིན། །
ཕ་མའི་བླ་གཟི་རེད་ངེད་ཚོའི་སྐེ་རྒྱན་ཡིན། །
ཞེས་ཚ་མོ་ཆུང་ཆུང་གསུམ་གྱིས་སློབ་ཆུང་དང་སློབ་འབྲིང་ལེགས་པར་གཅོད་ཡོང་དུས་དགའ་བ་ཚད་མེད་དང་བཅས་ལོ་གསར་འཚམས་འདྲི་དང་ལྷན་དུ་བོད་ལོ་གསར་པའི་ཆེས་ཐོག་མའི་རྩོམ་ཡིག་གི་ལེགས་སྐྱེས་སུ་འཆམ་ར་དྲི་མེད་རྒྱལ་མཚན་ནས་ཕུལ་བ་ལགས་སོ།།