བུ་གྲོངས་པའི་སྡུག་བསྔལ་ཆོས་ཕྱོགས་ཀྱི་ཉམས་ལེན་སུ་བསྒྱུར་བ།
འདི་ཟླའི་ཕྱི་ཚེས་ ༡༡ ཉིན་ཨ་རི་ཁོ་ལ་ར་ཌོ་ནས་བོད་མིའི་ཁྱིམ་ཚང་ཞིག་གི་བུ་ཆུང་ལོ་གཉིས་བྱས་པ་ཞིག་གཞན་གྱི་རླངས་འཁོར་གྱིས་བརྫིས་ནས་འདས་གྲོངས་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད། ཉེན་རྟོག་པས་ཞིབ་འཇུག་བྱས་པར་བརྒྱུད་རླངས་འཁོར་ཁ་ལོ་བ་བརྩད་འཚོལ་ཐུབ་ཡོད་ནའང་། བུ་འདས་པོའི་ཕ་མ་གཉིས་ནས་ནང་ཆོས་ཀྱི་བྱམས་སྙིང་རྗེ་དང་བཟོད་སྒོམ་གྱི་ཉམས་ལེན་འོག་མི་དེར་ཉེས་ཆད་དང་ཁྲིམས་བཤེར་སོགས་གང་ཡང་མེད་པ་གུ་ཡངས་བཏང་པར་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་མང་པོའི་ནང་བསྔགས་བརྗོད་དང་བཅས་ཁྱབ་སྤེལ་ཆེན་པོ་བྱུང་ཡོད་པ་དང་། མང་ཚོགས་ཁྲོད་བོད་མའི་ནང་པ་ཞིག་གི་ཁྱིམ་ཚང་དེའི་གུ་ཡངས་དཀྱེལ་ཆེའི་ཐག་གཅོད་ལ་ཡིད་སྨོན་དང་སེམས་འགུལ་ཆེན་པོ་ཐེབས་པར་བྱུང་ཡོད་པ་རེད།
གནས་ཚུལ་འདིའི་ཐད་ཕ་མ་གཉིས་ཀྱིས་འཕྲིན་ཡིག་ཅིག་བསྐུར་བའི་ནང་(བབསྟན་འཛིན་མཆོག་འཛིན་ནི་ང་ཚོའི་བྱིས་པ་ཆུང་ཤོས་དང་སྙིང་ཉེ་ཤོས་དེ་ཡིན་པ་མ་ཟད། གྲོགས་པོ་ཡག་ཤོས་ཀྱང་ཡིན་པས། ཁོ་ལ་དོན་རྐྱེན་བྱུང་བ་འདི་བཟོད་ཐབས་བྲལ་བ་ཞིག་ཡིན་ཡང་། ང་ཚོ་ནང་པའི་ཁྱིམ་ཚང་ཞིག་ཡིན་པའི་ངོས་ནས་བྱམས་སྙིང་རྗེའི་ཉམས་ལེན་གྱིས་དོན་རྐྱེན་འདི་གོ་སྐབས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། རྐྱེན་ངན་བཟོ་མཁན་བཟོད་བསྲན་གུ་ཡངས་བཏང་བ་ཡིན་ལ། ང་ཚོའི་བུ་ཆུང་འདི་ལ་ཁྱེད་ཀྱིས་བསྔོ་སྨོན་གནང་རོགས། མཐའ་དོན་དུ་ཁ་ལོ་བ་ཚང་མས་རླངས་འཁོར་གཏོང་སྐབས་ཐུགས་གཟབ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད།) ཅེས་བརྗོད་འདུག
དེ་བཞིན་ཁོ་ཚོའི་ཁྱིམ་མཚེས་ཞིག་གིས། བུ་འདས་པོའི་ནང་མིའི་ཆེད་དྲ་ཐོག་ཞལ་འདེབས་གྲངས་ཚད་ཨ་སྒོར་ ༡༥༠༠༠ ལོངས་བའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། འོན་ཀྱང་བུའི་ཕ་མ་གཉིས་ཀྱིས་ཞལ་འདེབས་ག་ཚོད་བྱུང་ནའང་། ཚང་མ་བུའི་རྗེས་དྲན་ཆེད་བྱིས་པའི་རོགས་སྐྱོར་ཐེབས་རྩ་ཁང་ཞིག་ལ་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་འདུག
བུའི་མིང་ལ་བསྟན་འཛིན་མཆོག་འཛིན་དང་། ཨ་ཕའི་མིང་ལ་དཀོན་མཆོག་བསྟན་འཛིན། ཨ་མའི་མིང་ལ་བཀྲ་ཤིས་སྒྲོལ་མ་བཅས་ཡིན་པ་རེད། དཀོན་མཆོག་ལགས་ནི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ས་ཁང་ཚོགས་ཆུང་གི་ཚོགས་མི་ཞིག་ཡིན་པ་དང་། ད་བར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ལས་དོན་ཆེད་མི་རྒྱུ་གཉིས་ཐད་ནས་རྒྱབ་སྐྱོར་གང་ཆེ་གནང་མཁན་ཞིག་ཡིན་སྟབས་ཡིད་སྐྱོའི་གནས་ཚུལ་འདི་བྱུང་སྐབས་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་ཐད་ཀར་ཁ་པར་ཕུལ་ནས་ཕ་རྒན་དང་ནང་མིར་སེམས་གསོ་ཞུས་ཤིང་། ཛ་དྲག་གི་རྐྱེན་དང་ཡ་ང་བའི་དཀའ་སྡུག་ཞིག་གི་ནང་ལྷུང་སྐབས་ནང་ཆོས་ཉམས་ལེན་གྱིས་འཛམ་བུ་གླིང་ལ་བཟང་སྤྱོད་ཀྱི་མིག་དཔེར་བསྟན་ཐུབ་པར་བསྔགས་ཞུས་པས་མ་ཚད། ཚོགས་པའི་ངོས་ནས་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཡིག་ཆུང་ཞིག་ཀྱང་ཕུལ་ཡོད་པ་རེད།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།