བདེ་གཤེགས་ཕག་མོ་གྲུ་པའི་རྣམ་ཐར།།
ཆོས་ཚུལ་རྒྱ་མཚོ་ཆེ་ལ་དབང་བསྒྱུར་ཞིང༌། །མཁས་གྲུབ་རྒྱ་མཚོའི་འབྱུང་གནས་གཏེར་ཆེན་པོ། །འགྲོ་ཁམས་རྒྱ་མཚོ་སྒྲོལ་བའི་དེད་དཔོན་ཆེ། །རྒྱལ་སྲས་རྒྱ་མཚོའི་ཐུ་བོ་ཕག་གྲུའི་ཞབས། །དབྱར་དུས་མཁའ་ལ་སྤྲིན་ཕྲེང་ཆུ་རིས་ཅན། །མཐོང་བས་རྨ་བྱ་རབ་ཏུ་དགའ་བ་ལྟར། །ཁྱོད་ཀྱི་ཡོན་ཏན་ཆུ་མཚོ་མཐོང་གྱུར་པས། །ཐར་འདོད་ངང་པའང་མགྲིན་པའི་རྫ་རྔ་བརྡུང༌། །
རྗེ་ཕག་མོ་གྲུ་པའི་འཁྲུངས་ཡུལ་ནི། མདོ་ཁམས་སྡེ་དགེའི་སའི་ཆར་འབྲི་ཆུའི་རྒྱུད་རྨེ་ཤོད་ཀྱི་རྟག་ངོས་སབ་ཁང་དུ་གདུང་དབས་ཡབ་བེ་ན་ཨ་ཐར་དང༌། ཡུམ་བཙུན་ནེ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བཅས་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་སྐྱེ་བ་སྔ་མ་དྲན་པ་དང༌། གནས་པ་རང་འཁྲུངས་སུ་འོང་བ་ཞིག་ཡོད། དགུང་ལོ་དགུ་ཕེབས་པ་ན། གནས་བྱ་ཁྱིའི་ལྷ་ཁང་དུ་མཁན་པོ་ལྟིང་ངེ་ཚུལ་ཁྲིམས་འབར་བ་དང༌། ལས་སློབ་ལྟིང་ངེ་འོད་ཟེར་རྒྱ་མཚོ་ལས་རབ་ཏུ་བྱུང༌། མཚན་རྡོ་རྗེ་རྒྱལ་པོ་བཏགས། ཡི་གེ་དང༌། ལྷ་བྲིས་མ་བསླབས་པར་ཤེས་པས་མཁན་པོའི་ཡིག་བྲིས་དང༌། ལྷ་བྲིས་མཛད། ཁམས་ཕྱོགས་སུ་བཞུགས་རིང་སློབ་དཔོན་བཅུ་དྲུག་ཙམ་བསྟེན་ནས་ཐུན་མོང་རིག་གནས་དང༌། ཐུན་མོང་མ་ཡིན་པའི་གཞུང་ལུགས་ཁག་ལ་སློབ་གཉེར་གནང༌། སྤྱོད་འཇུག་སོགས་གཞན་ལའང་བཤད་པ་འགའ་རེ་མཛད་པས། ལུས་ཀྱི་ཤེད་མ་རྫོགས་པར་བློའི་རྩལ་རྫོགས་པ་ཞེས་མཁས་པའི་མིང་གྲགས་བྱུང༌། དགུང་ལོ་བཅུ་དགུ་པ་ལ་དབས་ཆེན་པོ་དང་བསྡུངས་ནས་ཡུལ་དབུས་སུ་ཕེབས། ཡོ་བྱད་ཐམས་ཅད་དབས་ཆེན་པོས་སྦྱར། ཐོག་མ་ནས་སྟོད་ལུང་རྒྱ་དམར་གྱི་གྲྭ་སར་རྟ་སྒ་ཕོག རྒྱ་དམར་བ་དང་ཉང་བྲན་ལས། དབུ་མ་དང༌། ཚད་མ། བྱམས་ཆོས། སྤྱོད་འཇུག་སོགས་གསན། ཡང་གད་པ། དོན་སྟེང་པ། བྱ་ཡུལ་བ་སོགས་ལས་ཇོ་བོ་བཀའ་གདམས་པའི་གདམས་ངག་མང་དུ་གསན། དགུང་ལོ་ཉེར་ལྔ་ལ་ཟུལ་ཕུ་རུ་བྱ་འདུལ་བ་འཛིན་པ་ཆེན་པོས་མཁན་པོ་དང༌། རྒྱ་དམར་གྱིས་ལས་སློབ། ཨར་གྱིས་གསང་སྟོན་བྱས་ནས། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། མཁན་སློབ་གཉིས་ལས་འདུལ་བ་དང༌། གསང་སྟོན་ལས་ཕར་ཕྱིན་གསན་ནས་མཁས་པའི་གྲགས་པ་ཐོབ། ཚུལ་ཁྲིམས་ཀྱི་བསླབ་པ་མིག་གི་འབྲས་བུ་ལྟར་སྲུང༌། གྲྭ་ས་རྣམས་སུའང་ཐུན་བཞིའི་རྣལ་འབྱོར་ཆག་མ་མྱོང་བ་སོགས་ཞི་དུལ་བག་ཡོད་ལྡན་པ་བཙུན་པའི་དཔེར་བྱེད། དམར་ཆོས་ཀྱི་རྒྱལ་པོ་ལས་བདེ་མཆོག་གི་རྒྱུད་མན་ངག་མཐའ་དག་གསན། འཇང་བྲག་སྟག་པ་དང༌། རྔོག་མུ་ནེ་ལས། མངོན་པ་དང༌། འཕགས་སྐོར་ཞུས། བུར་སྒོམ་ལ་རས་ཆུང་པའི་གདམས་སྐོར་ཞུས་པས་སྣང་བ་བདེ་བར་ཤར། གཞན་ཡང༌། དཔལ་ཆེན་རྒྭ་ལོ། འཇིམ་ལོ་ཙཱ་བ། བྱང་སེམས་ཟླ་བ་རྒྱལ་མཚན་སོགས་བསྟེན་ནས་མདོ་སྔགས་ཀྱི་གདམས་ངག་ཤིན་ཏུ་མང་པོ་གསན་སྦྱང་གནང་བས་དགེ་བཤེས་ཁམས་པ་ཞེས་མཁས་པའི་སྙན་གྲགས་ཇེ་ཆེར་རྒྱས། ཁྱད་པར་དུ་ས་སྐྱ་པ་ཆེན་པོ་ལས་ཀྱཻ་རྡོ་རྗེ་སོགས་རྒྱུད་དངལམ་འབྲས་སོགས་རྫོགས་པར་གསན། མཐོང་ལམ་པར་ངོ་སྤྲོད། ཆོས་མང་པོ་ཚུར་འདྲི་ཞིང་ཁམས་པ་ཤེས་རབ་ཅན་ཞེས་ཐུགས་མཉེས་པོ་མཛད།
མདོར་ན་གཞུང་མན་ངག་དང་བཅས་པ་ལ་མི་མཁྱེན་པ་གང་ཡང་མེད་པ་ལྟ་བུར་གྱུར་ནས་མཁས་པའི་གྲགས་པ་ཕྱོགས་ཐམས་ཅད་དུ་ཁྱབ། དེ་ནས་དྭགས་པོ་སྙི་སྒོམ་པ་དེ་གྲགས་པ་ཆེ་བར་འདུག་པས་ངས་མི་ཤེས་པའི་ཆོས་ཞུ་རྒྱུ་ནི་ཅི་མེད་ཀྱང༌། ཞལ་ལྟ་བ་ཞིག་ལ་འགྲོ། དེ་ནས་ཁམས་སུ་འགྲོ་དགོངས་ནས་ཞང་དང་གཉིས་སྒམ་པོར་བྱོན་པས། ཞག་བཞི་ན་སྒམ་པོ་པ་མཇལ། ཆོས་ཀྱི་དྲི་བ་དྲི་ལན་མང་དུ་གནང་ནས། དགྱེས་བཞིན་རྗེས་སུ་བཟུང༌། ཕག་གྲུ་རིན་པོ་ཆེ་དགུང་ལོ་ཞེ་གཅིག་ནས་ལོ་གསུམ་བསྟེན་ནས། གདམས་ངག་ཞུས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། སྔར་གྱི་རྟོགས་པ་ཐམས་ཅད་ཕྱི་ཤུན་དང་སྦུན་པ་ལྟར་བུར་གྱུར་ཏོ་ཞེས་གྲགས་སོ། །དེ་ནས་རྗེ་སྒམ་པོ་པ་དགུང་ལོ་དོན་ལྔ་བཞེས་པ་ན་སྐུ་གཤེགས་པས་དེར་སྡོད་མི་འདོད་པར་གྱུར་ཀྱང༌། སྒོམ་པ་ཚུལ་ཁྲིམས་སྙིང་པོའི་ཕྱག་རོགས་ཞུས་ནས་རེ་ཞིག་བཞུགས། རྗེ་སྒམ་པོ་པས། ཁྱོད་ཀྱི་གདུལ་བྱ་ངམ་ཤོད་རི་ནག་གི་དྲུང་དུ་ཡོད་ཅེས་ལུང་བསྟན་པ་ལྟར། དགུང་ལོ་ཞེ་དགུ་ལོར་ཕག་མོ་གྲུ་པ་ཀུན་བཟང་ནགས་ཁྲོད་དུ་གདན་ས་བརྒྱབ་ནས་ཕག་གྲུ་བཟུང་བས་འགྲོ་མགོན་ཕག་མོ་གྲུ་པ་དང༌། རིན་ཆེན་སྤུངས་པའི་བྲག་རྩར་བཞུགས་པས་མཐའ་རྩ་བ་ཡང་གྲགས། དེར་ལོ་བདུན་ལོན་པ་ན། སྟག་ལུང་ཐང་པ་ལོ་ཉེར་བཞི་ལོན་པ་ཞིག་གིས་མཇལ་ནས་ཉེ་གནས་མཛད། རིམ་གྱིས་སློམ་མའི་ཚོགས་མང་དུ་འདུས། འགྲོ་མགོན་ཡེལ་པ་རླངས་སེང་གེ་རྒྱལ་མཚན་སོགས་སློབ་མ་མོས་གུས་ཅན་མང་པོ་ཞིག་མཚན་ལ་མོས་པ་ཙམ་དང༌། ཞལ་མཇལ་བ་ཙམ་དང༌། བརྡ་དང་རྣམ་འགྱུར་བསྟན་པ་ཙམ་དང༌། བྱིན་རླབས་གནང་བ་ཙམ་གྱིས་རྟོགས་པ་སྐྱེས་ཤིང་གྲོལ་བ་མང་དུ་བྱུང༌། སྐུ་འདའ་ཁར་གྲྭ་ཚོགས་བརྒྱད་བརྒྱ་ཙམ་ཡོད་པ། ཐམས་ཅད་ཡོན་ཏན་ཡོངས་སུ་རྫོགས་པ་ཤ་སྟག་བྱོན། ཕག་མོ་གྲུར་བྱོན་ནས་གྲོང་དུ་ཕེབས་མ་མྱོང་བར་ཆོས་བཤད་སྒྲུབ་ཀྱི་བསྟན་པ་ཁོ་ན་བསྐྱངས་ནས་བཞུགས། མདོར་ན་མཐོང་ཐོས་དྲན་རེག་གི་འགྲོ་བ་དཔག་ཏུ་མེད་པ་དད་པའི་ས་ལ་བཀོད། སྐལ་ལྡན་གྱི་སློབ་མ་ཆེས་མང་པོ་ཞིག་ཚེགས་ཆུང་ངུས་གྲོལ་བར་མཛད་ནས་ལོ་བཅུ་གསུམ་བར་དུ་ཕག་མོ་གྲུ་པའི་གདན་སར་ཆོས་ཀྱི་འཁོར་ལོ་བསྐོར་བས་ཕག་གྲུ་བཀའ་བརྒྱུད་ཅེས་གྲགས་པ་དེ་བྱུང་དེ་ནས་ལྕགས་ཕོ་སྟག་གི་ལོ་ཟླ་བ་བདུན་པ་ཚེས་ཉེར་ལྔ་སྔ་དྲོ་ངོ་མཚར་བའི་ལྟས་དང་བཅས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །འདིའི་སྐྱེས་རབ་ཀྱང༌། དགེ་སློང་ཆོས་ཀྱི་དཔལ་དུ་གྱུར་པ་སོགས་སྐྱེས་རབ་ཆེན་མོར་གསུངས་པ་ལྟར་ཡིན་ནའང༌། ཐུན་མོང་གདུལ་བྱའི་སྣང་ངོར་སོ་སོའི་སྐྱེ་བོ་ལྟར་བསྟན་པ་དང༌། སྐལ་པ་མཆོག་གི་གདུལ་བྱའི་ངོར། སྐུའི་བཀོད་པ་བརྒྱད་དང་བཅུ་གཉིས་སོགས་དུས་གཅིག་ལ་སྟོན་པ་དང༌། ནག་ཕྱོགས་ཀྱི་མི་མ་ཡིན་མང་དུ་བཏུལ་བ་སོགས་ནི་དབང་པོ་འབྲིང་ལ་གྲུབ་ཐོབ་ཆེན་པོ་བསྟན་པའི་རྣམ་པར་ཐར་པའོ། །འདས་པའི་སངས་རྒྱས་འཁོར་བ་འཇིག་དང༌། ད་ལྟར་གྱི་སྟོན་པ་སངས་རྒྱས་ཉིད་དང་མ་འོང་པའི་སངས་རྒྱས་མི་བསྐྱོད་སྨན་པའི་རྒྱལ་པོར་ཞལ་གྱི་བཞེས་པ་ནི་གདུལ་བྱ་དབང་པོ་ཡང་རབ་ལ་སངས་རྒྱས་ཉིད་དུ་བསྟན་པའི་རྣམ་པར་ཐར་པའོ། །
འདིའི་སློབ་མ་ལ། སྤྱིར་སློབ་མའི་ཚོགས་ཤིན་ཏུ་མང་ཡང་གཙོ་ཆེ་བ་ཚོགས་པ་བརྒྱད་བརྒྱ་དང༌། གདུགས་ཐོགས་ལྔ་བརྒྱར་གྲགས་ཤིང༌། ཁྱད་པར་དུ་འཕགས་པའི་བུ་ཆེན་ཉེར་བཞི། མོས་གུས་མཐར་ཕྱིན་སྟག་ལུང་ཐང་པ་བཀྲ་ཤིས་དཔལ། རྟོགས་པའི་མཐར་ཐུགས་སྣ་ཕུ་པ་གླིང་རས་པདྨ་རྡོ་རྗེ། ཤེས་རབ་མཐར་ཐུག་སྤར་ཕུ་པ་བློ་གྲོས་སེང་གེ ནུས་པའི་མཐར་ཐུག་མཆན་བུ་རྒྱ་རས་ཏེ་མཐར་ཐུག་གི་བུ་བཞི། ཟ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་རྟོགས་ལྡན་མི་ཉག་སྒོམ་རིང༌། ཉག་རེ་སེ་བོ། ཀུན་ལྡན་གཙང་པ་རས་ཆུང་རྣམས་ནི་གདམས་པའི་བུ་བཞི། འབྲི་གུང་འཇིག་རྟེན་མགོན་པོ། ཆོས་རྗེ་ལྡུམ། ཆོས་རྗེ་གཏུམ། བནྡྷ་ཕུག་པ་སྟེ་རོ་གཅིག་རྟོགས་པ་ཕྱེད་དང་བཞི། གཏུམ་ལ་གཟུགས་སྐུའི་ས་བོན་མ་ཐེབས་པས་ཕྱེད་མར་འཇོག་གོ །གཤེན་དགོན་དཀར་བ། གྱང་ཤན་གྲོང་པ། རྔོག་སེང་གེ་ཁ་པ། རྩི་ལུང་པ་རྣམས་ལ་ཐུགས་ཀྱི་སྲས་བཞི། རིན་པོ་ཆེ་ཤུགས་ཚར་བ། ལྷ་ས་པ་དགེ་འདུན་སྐྱབས། གྲུ་གུ་སྟོན་པ་བློ་གྲོས་སེང་གེ རྒྱན་ཐང་པ་སྟེ་ཡི་གེ་མའི་བུ་བཞི། བླ་མ་སྨར་པ། ཡེལ་ཕུག་པ། དགྱེར་སྒོམ་པ། སེང་གེ་དཔལ་སྟེ་ཉེ་བའི་སྲས་བཞི་ཞེས་སྔ་རབས་རྣམས་འདྲེན་པར་མཛད་དོ། །གཞན་ཡང་གྲུབ་པའི་སྐྱེས་བུ་མང་དུ་བྱུང་བ་དང༌། སློབ་མའི་ཚོགས་དེ་དག་རེ་རེ་བཞིན་གནས་གཞིའི་གདན་ས་བཙུགས་ནས་སློབ་མ་བསྐྱངས། ཆོས་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་ཕྱོགས་མཐར་ཁྱབ་པའི་ཕྲིན་ལས་མཛད། སྐུ་གདུང་གི་ཐུགས་དང་ལྗག་མེས་མ་གནོད་པ་གདུང་རྟེན་བཀྲ་ཤིས་འོད་འབར་དང་རྟ་རྣའི་གདུང་འབུམ་ཆེན་མོ་སོགས་སུ་བཞུགས་སོ། །