བག་བཤད་བསྡུས་པ་དགེ་ལེགས་ཀུན་འབྱུང་བཞུགས།
བག་བཤད་བསྡུས་པ་དགེ་ལེགས་ཀུན་འབྱུང་བཞུགས།
སྒྲིག་སྦྱོར་བ། སྡེ་དགེ་དགེ་ལེགས་ཕུན་ཚོགས།
གླིང་གེ་སར་དར་ནས་དམག་འགྲོ་དར། །
སྨན་འབྲུག་མོ་དར་ནས་བག་འགྲོ་དར། །
གླིང་གེ་འབྲུག་གཉིས་ཀྱི་བཞག་པ་ལས། །
འདིར་བག་བཤད་བསྡུས་པ་བཀོད་པར་བྱ། །
འདིར་མཐུན་སྦྱོར་གཉེན་སྟོན་དང་འབྲེལ་བའི་བག་བཤད་མདོར་བསྡུས་སུ་བཀོད་པ་ལ་དོན་བརྒྱད་ལས།
དང་པོ་མནའ་མའི་བག་གདན་གྱི་བཤད་པ་ནི།
དྲི་བ། ཡ་་་ ང་ཚོ་མནའ་མའི་བབ་ས་ལ། །བག་གདན་ཅི་དང་ཅི་ཞིག་ཡོད། །
ལན། ཡ་་་་ གཡུ་དང་བྱེ་རུ་སྤོས་ཤེལ་སོགས། །རྒྱན་ཆའི་རིགས་ཀྱི་དགུ་ཚན་གཅིག །དར་དང་གོས་ཆེན་འབུ་རས་སོགས། །ན་བཟའི་རིགས་ཀྱི་དགུ་ཚན་གཅིག །རྟ་དང་འབྲི་དང་མཛོ་མོ་སོགས། །རྐང་འགྲོས་རིགས་ཀྱི་དགུ་ཚན་གཅིག །སྟག་ལྤགས་གཟིག་ལྤགས་དོམ་ལྤགས་སོགས། །པགས་པའི་རིགས་ཀྱི་དགུ་ཚན་གཅིག །ཁ་གདན་འབོལ་གདན་ཕྱིང་གདན་སོགས། །འབོལ་གདན་རིགས་ཀྱི་དགུ་ཚན་གཅིག །སྐྱིད་ཉི་མ་འདྲ་བའི་བུ་མོ་ལ། །གནམ་ཨ་སྔོན་འདྲ་བའི་འཁོར་ས་ཡོད། །སེང་དཀར་མོ་འདྲ་བའི་བུ་མོ་ལ། །གངས་དཀར་པོ་འདྲ་བའི་འཁོར་ས་ཡོད། །རྒོད་ཐང་དཀར་འདྲ་བའི་བུ་མོ་ལ། །བྲག་དཀར་འཛོང་འདྲ་བའི་འཁོར་ས་ཡོད། །སྟག་དམར་ཡག་འདྲ་བའི་བུ་མོ་ལ། །ནགས་རྒྱ་རྫོང་འདྲ་བའི་འཁོར་ས་ཡོད། །
གཉིས་པ་སྒོ་ལ་འཛུལ་བའི་བཤད་པ་ནི།
ཁང་འོག་མ་བར་མ་སྟེང་མ་གསུམ། །ཁང་སྟེང་མ་བླ་ལུའི་ཆོས་སྒོ་རེད། །ལྷ་བླ་ལུའི་ཆོས་སྒོ་ཅི་ཡིས་ཕྱེ། །ལྷ་བླ་ལུའི་ཆོས་སྒོ་སྤོས་ཀྱིས་ཕྱེ། །ཤུག་སྤོས་སྤང་སྤོས་རྫ་སྤོས་གསུམ། །སྤོས་དེ་གསུམ་བརྒྱུད་ནས་ཡར་རེ་ཕྱེ། །ཁང་འོག་མ་བར་མ་སྟེང་མ་གསུམ། །ཁང་བར་མ་དཔོན་ལུའི་ཁྲིམས་སྒོ་རེད། །གོང་དཔོན་ལུའི་ཁྲིམས་སྒོ་ཅི་ཡིས་ཕྱེ། །གོང་དཔོན་ལུའི་ཁྲིམས་སྒོ་དར་གྱིས་ཕྱེ། །དར་དཀར་པོ་དམར་པོ་སེར་པོ་གསུམ། །དར་དེ་གསུམ་བརྒྱུད་ནས་ཡར་རེ་ཕྱེ། །ཁང་འོག་མ་བར་མ་སྟེང་མ་གསུམ། །ཁང་འོག་མ་ཨ་ཁུའི་གཏམ་སྒོ་རེད། །ཕ་ཨ་ཁུའི་གཏམ་སྒོ་ཅི་ཡིས་ཕྱེ། །ཕ་ཨ་ཁུའི་གཏམ་སྒོ་ཆང་གིས་ཕྱེ། །གྲོ་ཆང་ནས་ཆང་རྒུན་ཆང་གསུམ། །ཆང་དེ་གསུམ་བརྒྱུད་ནས་ཡར་རེ་ཕྱེ། །སྒོ་ཕྱི་མ་བར་མ་ནང་མ་གསུམ། །སྒོ་ཕྱི་མ་ཟལ་མོ་འབྲི་ཡིས་གང༌། །འབྲི་ཟལ་མོ་ང་ལ་མི་འདྲོག་ལེ། །བཞོ་གསེར་ཟོ་བརྒྱུད་ནས་འདྲིད་བཞིན་ཡོང༌། །སྒོ་ཕྱི་མ་བར་མ་ནང་མ་གསུམ། །སྒོ་བར་མ་འདོ་བ་རྟ་ཡིས་གང༌། །རྟ་འདོ་བ་ང་ལ་མི་འདྲོག་ལེ། །སྒ་གསེར་སྒ་བརྒྱུད་ནས་འདྲིད་བཞིན་ཡོང༌། །སྒོ་ཕྱི་མ་བར་མ་ནང་མ་གསུམ། །སྒོ་ནང་མ་གཡང་དཀར་ལུག་གིས་གང༌། །ལུག་གཡང་དཀར་ང་ལ་མི་འདྲོག་ལེ། །བལ་སོག་བལ་བརྒྱུད་ནས་འདྲིད་བཞིན་ཡོང༌། །རྒྱབ་སྒོ་ཕྱི་མ་ཡར་ཕྱེ་དང༌། །དར་དཀར་པོ་བརྒྱུད་ནས་ཡར་རེ་ཕྱེ། །སྐས་ཐེམ་སྒྲོལ་མ་ཉེར་གཅིག་རེད། །སྐས་མགོ་ཨ་ཡིག་རང་བྱོན་རེད། །མདོ་ར་པདྨའི་པད་ཐང་རེད། །ཆུ་ར་རྒྱ་མཚོ་ཡར་འཁྱིལ་རེད། །ཕྱི་ལ་བལྟས་ན་རི་བོ་འདྲ། །རི་བོར་རི་དྭགས་འཁོར་བར་ཤོག །རང་འཐག་རུས་སྦལ་རྒྱ་བོ་རེད། །ཡ་མཆིག་དེ་དུང་ལས་གྲུབ་ནས་གདའ། །མ་མཆིག་དེ་གཡུ་ལས་གྲུབ་ནས་གདའ། །ཁ་བ་འབབ་འབབ་བབས་ནས་ཤོག །གངས་རིའི་གསོག་གསོག་བསགས་ནས་ཤོག །དཀྱིལ་ཀ་པདྨ་འདབ་བརྒྱད་རེད། །ཀ་བ་འདི་ནི་ཕ་རྒྱུད་འདྲ། །ཕ་རྒྱུད་ཙནྡན་སྡོང་པོ་རེད། །ཀ་བ་ཡར་བཙུགས་གསེར་ཀ་ཡིན། །གདུང་མ་མར་བཀོད་དངུལ་གདུང་ཡིན། །ཀ་ཐོད་ཆུ་སྲིན་ཁ་སྤྲོད་ཡིན། །བཤད་དགོས་བྱུང་ན་འདི་འདྲ་རེད། །
གསུམ་པ་རྟེན་འབྲེལ་མཐུན་བཤད་ནི།
འོ། ལེགས་སོ། །ལེགས་སོ། །དེ་རིང་གནམ་ལ་སྐར་མ་ཡག །དེ་རིང་བར་ལ་བསིལ་བུ་འཇམ། །དེ་རིང་ས་ལ་དུས་ཚོད་བཟང༌། །བཟང་གསུམ་གྱི་རྟེན་འབྲེལ་འགྲིག་པ་ལ། །རི་བོ་སྒུལ་བའི་ཤུགས་ཤིག་དགོས། །རྒྱ་མཚོ་དཀྲུག་པའི་བློ་ཞིག་དགོས། །མི་མང་འཛོམ་པའི་གཏམ་ཞིག་དགོས། །ཕུ་ཡི་བླ་མ་ལ་ཐུགས་བརྟག་ཞུས། བླ་མའི་ཐུགས་བརྟག་བཟང༌། བར་གྱི་མོ་མ་ལ་མོ་ཞུས། མོ་མའི་མོ་བཟང༌། མདའ་ཡི་རྩིས་པ་ལ་རྩིས་ཞུས། རྩིས་པའི་རྩིས་བཟང༌། མོ་བཟང་དང་རྩིས་བཟང་ཐུག་ནས་གདའ། འབྱུང་བ་དང་སྤར་ཁ་མཐུན་ནས་གདའ། ལོ་སྐོར་དང་སྨེ་བ་མཐུན་ནས་གདའ། དེ་རིང་སྐར་མ་མགོ་ལ་ཐུག །ལས་ཅི་བྱས་མགོ་ལ་ཡག་པར་ཤོག །དེ་རིང་སྐར་མ་ལག་ལ་ཐུག །ལས་ཅི་བྱས་ལག་ལ་ལོན་པར་ཤོག །དེ་རིང་སྐར་མ་རྒྱལ་ལ་ཐུག །ལས་ཅི་བྱས་རྒྱལ་ཁ་ལོན་པར་ཤོག །
བཞི་པ་རི་ཞིང་ཆུ་གསུམ་གྱི་བཤད་པ་ནི།
ཕྱི་མི་འགྱུར་གཡུང་དྲུང་ར་བས་བསྐོར། །བར་མི་འགྱུར་བཀྲ་ཤིས་རྟགས་ཀྱིས་བསྐོར། །ནང་མི་འགྱུར་ནོར་བུ་དགའ་འཁྱིལ་ཡོད། །ཕུ་ལ་གངས་རིས་བསྐོར་བའི་རི། །གངས་ལ་སེངྒེ་འཁོར་བའི་རི། །སེང་ལ་གཡུ་རལ་རྒྱས་པར་ཤོག །བར་ལ་ཙནྡན་ནགས་ཀྱི་རི། །ནགས་ལ་སྟག་མོ་འཁོར་བའི་རི། །སྟག་མོ་འཛུམ་དྲུག་རྒྱས་པར་ཤོག །མདའ་ལ་མཚོ་མོ་འཁྱིལ་བའི་རི། །མཚོ་ལ་ཉ་སྲམ་འཁོར་བའི་རི། །ཉ་སྲམ་རྐྱལ་རྩལ་རྒྱས་པར་ཤོག །རྒྱབ་རི་སེངྒེ་འགྱིང་བའི་རི། །སེང་ལ་གཡུ་རལ་རྒྱས་འདྲ་ཡོད། །མདུན་རི་འདོད་འཇོའི་བུམ་པའི་རི། །གཏེར་བུམ་ནོར་བུས་བརྒྱན་འདྲ་ཡོད། །རི་མཐའ་ས་ཞིང་ཆགས་ལེ་དེ། །ཞིང་ཆུ་མ་པུསྟི་བརྩེགས་འདྲ་ཡོད། །འབྲུ་སྔོན་མོའི་གཏེར་ཁ་བོར་བར་ཤོག །གཤམ་ལ་ཆུ་བོ་རྒྱུ་ལེ་དེ། །ཆབ་ཆུ་བོ་ཆབ་མ་བརྡབ་འདྲ་ཡོད། །
ལྔ་པ་ཇ་ཆང་འོ་གསུམ་གྱི་བཤད་པ་ལ། ཐོག་མར་ཇ་བཤད་ནི།
གཡས་གསེར་སྐྱེམས་ནང་ལ་ཇ་སྣ་ཡོད། །ཇ་འདི་ཡི་འབྱུང་ཁུངས་བཤད་པ་ན། །ཤར་རྒྱ་ནག་བཀྲ་ཤིས་རི་བོ་ནས། །ཚོང་དཔོན་ནོར་བུ་བཟང་པོ་གཅིག །ལག་དོ་ཀརྨ་བཀྲ་ཤིས་གཉིས། །རྒྱབ་དྲེལ་མི་ཉག་འཚེར་མོ་གསུམ། །རྒྱ་ནག་པོའི་ཇ་གཡང་འབེབས་པའི་དུས། །ཉིན་རེའི་ཉིན་གྱི་ཤོག་དཀར་ཇ། །སྲིབ་རིའི་སྲིབ་ཀྱི་ཤོག་ནག་ཇ། །ཉིན་སྲིབ་བར་གྱི་ཤོག་དམར་ཇ། །ཇ་རབ་ཇ་ཡི་བླ་མ་དང༌། །རྒྱ་ཇ་མེ་ཏོག་གཡང་འཛིན་གཅིག །ཏིལ་འབྲུ་ཇ་ཡི་དཔོན་པོ་གཉིས། །ཅན་ཤིང་ཇ་ཡི་དཔའ་བོ་གསུམ། །འབྲུ་དང་ཇ་ཡི་མ་བྱན་བཞི། །ལྷ་ཇ་ཇ་ཡི་གཡོག་མོ་ལྔ། །ཀོང་རྩི་ཇ་ཡི་གཡོག་དང་དྲུག །རྫ་ཆུ་བསིལ་མ་དེ་དང་བདུན། །འབྲི་མར་སེར་པོ་དེ་དང་བརྒྱད། །བྱང་ཚྭ་དཀར་ཡག་དེ་དང་དགུ། །དགུ་སེར་ཇ་ཡི་དགུ་དཀྲུག་བརྒྱབ། །ཇ་ཐེངས་གསུམ་བཞེས་དང་དབུ་འཕང་མཐོ། །དབང་པོ་གསལ་ཞིང་རིག་པ་རྣོ། །ལྷ་བླ་མས་གསོལ་ན་ཆོས་སྒོ་ཡངས། །གོང་དཔོན་པོས་གསོལ་ན་ཁྲིམས་སྒོ་ཡངས། །མ་སྲུ་མོས་གསོལ་ན་གནས་སྒོ་ཡངས། །བུ་ཚ་བོས་གསོལ་ན་དགྲ་མགོ་ནོན། །སྨན་བུ་མོས་གསོལ་ན་བག་འགྲོ་བྱེད། །ཆུང་བྱིས་པས་གསོལ་ན་རྩེད་ར་རྒྱས། །གཉེན་ཕོ་མོ་རྣམས་ཀྱིས་རེ་རེ་མཆོད། །རྟགས་དང་རྟེན་འབྲེལ་འགྲིག་ལེ་ཡིན། །ལས་དང་སྨོན་ལམ་བཟང་ལེ་ཡིན། །
གཉིས་པ་ཆང་བཤད་ནི།
གཡོན་དངུལ་སྐྱེམས་ནང་ལ་ཆང་སྣ་ཡོད། །ཆང་འདི་ཡི་འབྱུང་ཁུངས་བཤད་དགོས་ན། །ཕུན་སུམ་ཚོགས་པའི་ཐབ་ཀྱི་ནང༌། །དམར་འོད་འཚེར་བའི་མེ་ཞིག་འབུད། །བཀྲ་ཤིས་འཁྱིལ་པའི་ཟངས་ཤིག་བཙུགས། །རྒྱུན་ཆད་མེད་པའི་ཆུ་ཞིག་བླུགས། །ཨ་ཡག་ནས་ཀྱི་ཕ་དང་གཅིག །དར་ཡག་ནས་ཀྱི་མ་དང་གཉིས། །རྒྱ་སྨུག་ནས་ཀྱི་བང་མཛོད་གསུམ། །སེང་ཁྲི་ནས་ཀྱི་སྡེ་པ་བཞི། །སྨ་ར་ནས་ཀྱི་བླ་མ་ལྔ། །ཁྲ་བོ་ནས་ཀྱི་ཞང་པོ་དྲུག །ནས་དཀར་ནས་ཀྱི་སྐྱ་བོ་བདུན། །དམར་ཁྲ་ནས་ཀྱི་གྲྭ་པ་བརྒྱད། །སྔོ་ཆུང་ནས་ཀྱི་རྒན་མ་དགུ། །ཁ་ར་ནས་ཀྱི་གཡོག་མོ་བཅུ། །ལོ་གསུམ་བཙོས་པའི་ལོ་ཆང་ཡིན། །ཟླ་གསུམ་བཙོས་པའི་ཟླ་ཆང་ཡིན། །ཆང་ཐེངས་གསུམ་བཞེས་དང་དབུ་འཕང་མཐོ། །ཕ་ཡུལ་སྟོད་ཀྱི་བུར་དཀར་ཆང༌། །ཚ་བ་རོང་གི་རྒུན་འབྲུམ་ཆང༌། །རྫ་ཡུལ་རོང་གི་འབྲས་དམར་ཆང༌། །ལོ་ལ་བཙོས་པའི་ལོ་ཆང་ཡོད། །ལོ་ཆང་ལོ་ཡག་ཁམ་པ་ཡོད། །ཟླ་ལ་བཙོས་པའི་ཟླ་ཆང་ཡོད། །ཟླ་ཆང་ཟིལ་མངར་ལྡན་པ་ཡོད། །ཞག་ལ་བཙོས་པའི་ཞག་ཆང་ཡོད། །ཞག་ཆང་ཞག་ལོ་མེ་འབར་ཡོད། །ཉིན་ལ་བཙོས་པའི་ཉིན་ཆང་ཡོད། །ཉིན་ཆང་བདུད་རྩི་ཟེགས་མ་ཡོད། །དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ནང༌། །རྒྱལ་སྲིད་རི་མོ་སྣ་བདུན་ཡོད། །སེངྒེའི་མར་གྱི་ཁ་རྒྱན་ཡོད། །ཆང་ཐེངས་གསུམ་བཞེས་དང་དབུ་འཕང་མཐོ། །གཉེན་ཕོ་མོ་རྣམས་ཀྱིས་རེ་རེ་མཆོད། །རྟགས་དང་རྟེན་འབྲེལ་འགྲིག་ལེ་ཡིན། །ལས་དང་སྨོན་ལམ་བཟང་ལེ་ཡིན། །
གསུམ་པ་འོ་བཤད་ནི།
མདུན་དུང་སྐྱེམས་ནང་དུ་འོ་འདྲེན་ཡོད། །སེངྒེ་དཀར་མོའི་འོ་མ་གཅིག །གཡུ་འབྲུག་སྔོན་མོའི་འོ་མ་གཉིས། །རྒྱ་ཚ་བ་མོའི་འོ་མ་གསུམ། །མ་ཧེ་ཁ་དཀར་འོ་མ་བཞི། །ཟལ་མོ་འབྲི་ཡི་འོ་མ་ལྔ། །ཁྱུང་དཀར་མཛོ་མོའི་འོ་མ་དྲུག །འདོད་འཇོའི་བ་ཡི་འོ་མ་བདུན། །གཡང་དཀར་ལུག་གི་འོ་མ་བརྒྱད། །ཚེ་ཚེ་ར་ཡི་འོ་མ་དགུ། །འོ་སྣ་ནང་གི་འོ་འདྲེན་དེ། །ཐེངས་གསུམ་བཞེས་དང་ཤ་ལོ་དཀར། །གཟུགས་པོ་སོས་ཤིང་ཁ་ཞིང་ཆེ། །རྩི་དང་རོ་བཅུད་ལྡན་པ་ཡོད། །བཀྲ་ཤིས་དུས་ཀྱི་སྨོན་ལམ་འགྲུབ། །
དྲུག་པ་དར་བཤད་ནི།
ངའི་ལག་ནང་འཛིན་པའི་དར་དཀར་འདི། །སྟེང་ལྷ་མོ་གསུམ་གྱིས་བཀལ་ལེ་ཡིན། །བར་གཉན་མོ་གསུམ་གྱིས་བསྒྲིགས་ལེ་ཡིན། །འོག་ཀླུ་མོ་གསུམ་གྱིས་བཏགས་ལེ་ཡིན། །དར་མགོར་བཀྲ་ཤིས་རྟགས་བརྒྱད་ཡོད། །དར་དཀྱིལ་རྒྱལ་སྲིད་སྣ་བདུན་ཡོད། །དར་མཐར་མུ་ཏིག་ཛར་ལོ་ཡོད། །བྱུང་བ་ནག་པོ་རྒྱ་ནས་བྱུང༌། །དར་བ་དབུ་ནག་བོད་ལ་དར། །ཚོང་དཔོན་ནོར་བུ་བཟང་པོས་ཉོས། །ལག་དོ་ཀརྨ་བཀྲ་ཤིས་ཀྱིས། །རྒྱ་དྲེལ་མི་ཉག་འཚེར་མོར་བཀལ། །ཆུ་ལ་ཆུ་རིན་མ་སྤྲད་དར། །ཟམ་ལ་ཟམ་རིན་མ་སྤྲད་དར། །ལ་ལ་ལ་བཙས་མ་གསོ་དར། །ལྷ་བླ་མར་མཇལ་དར་མ་ཕུལ་དར། །གོང་དཔོན་པོར་ཁྲིམས་དར་མ་ཕུལ་དར། །དར་དཀར་པོ་དྲི་མ་མེད་པ་འདི། །ཡར་གཡུགས་ཨ་སྔོན་གནམ་ལ་གཡུགས། །གནམ་འཁོར་ལོ་རྩིབ་བརྒྱད་གུར་ཞིག་ཕུབ། །མར་གཡུགས་དོག་མོ་ས་ལ་གཡུགས། །ས་པདྨ་འདབ་བརྒྱད་གདན་ཞིག་བཏིང༌། །ཁྲི་རིན་ཆེན་བརྩེགས་པའི་གདན་སྟེང་ནས། །ཕྱིང་པ་དཀར་པོའི་གདན་ཞིག་བཏིང༌། །ཕྱི་མི་འགྱུར་རྒྱ་ནག་ལྕགས་རི་ཡོད། །ནང་མི་འགྱུར་གཡུང་དྲུང་ལག་སྦྲེལ་ཡོད། །སྟོད་མི་འགྱུར་མི་འུ་གདུང་དྲུག་ཡོད། །དར་དཀར་པོ་ཨ་ཤེ་ཁ་བཏགས་འདི། །བུ་བུ་མོ་གཉིས་ཀྱི་མགུལ་ལ་སྒྲོན། །དར་མདུད་རིན་ཆེན་སྤུངས་པ་རྒྱག །དང་པོ་དར་གྱི་མདུད་པ་དེ། །ལྷ་ཚངས་པ་དཀར་པོའི་མདུད་པ་ཡིན། །གཉིས་པ་དར་གྱི་མདུད་པ་དེ། །བར་གཉན་ཆེན་སྐུ་ལྷའི་མདུད་པ་ཡིན། །གསུམ་པ་དར་གྱི་མདུད་པ་དེ། །འོག་ཀླུ་རྒྱལ་གཙུག་ནའི་མདུད་པ་ཡིན། །རྡོ་རྗེ་སྤ་ཆེན་མདུད། མི་ཉག་གཡུ་རྩེའི་མདུད། ཚོང་དཔོན་དར་ལུ་མདུད། ཁ་མཚར་གཏམ་གྱི་མདུད། ཤ་ཟ་མར་གྱི་མདུད། ཆང་འཐུང་སྐྱུ་རུའི་མདུད། རྡོ་རྗེ་ཚེ་ཡི་མདུད། ཚེ་སྲོག་བྲག་ལས་སྲ་བར་ཤོག །ལྕགས་ཀྱི་སྲོག་རྩ་འགྲུབ་པར་ཤོག །མི་རྒྱུད་ཆུ་ལས་རིང་བར་ཤོག །མི་ལོ་བརྒྱ་ལ་འཚོ་བར་ཤོག །སྟོན་བརྒྱ་མིག་གིས་མཐོང་བར་ཤོག །ཚེ་ཉི་ཟླ་གཉིས་དང་མཉམ་པར་ཤཽག །འཆི་མེད་ཚེ་ཡི་གཡུང་དྲུང་ཐོབ་གྱུར་ཅིག །
བདུན་པ་གསོལ་སྟོན་ལ་རོལ་རྗེས་ཀྱི་གཡང་འབོད་ནི།
མདའ་དར་དང་ཕྱེ་མར་ལག་ཏུ་བཟུང་ནས་འདི་སྐད་བརྗོད་དོ། །ཕྱི་མི་དགོས་དངུལ་དཀར་གྱི་མེ་ལོང༌། །བྲི་མི་དགོས་འཇའ་ཚོན་གྱི་རི་མོ། །ཤད་མི་དགོས་ཇོ་བོ་ཡི་དབུ་སྐྲ། །བཙུགས་མི་དགོས་དཔག་བསམ་གྱི་ལྗོན་ཤིང༌། །ཉི་མ་ཁ་དཀར་ངོ་དཀར་ལོ། །གཡང་ལེན་དང་བཀྲ་ཤིས་བརྗོད་དགོས། །དེ་རིང་བཀྲ་ཤིས་གཡང་ཞིག་འབོད། །སྟོད་རྒྱ་གར་རྒྱལ་པོའི་ཆོས་གཡང་ཁུག །སྨད་རྒྱ་ནག་རྒྱལ་པོའི་ཁྲིམས་གཡང་ཁུག །བར་བལ་པོ་རྒྱལ་པོའི་ཚོང་གཡང་ཁུག །བྷ་ཏ་ཧོར་གྱི་རྟ་གཡང་ཁུག །སྟག་གཟིག་རྒྱལ་པོའི་ནོར་གཡང་ཁུག །ནམ་མཁའི་མཐོང་ནས་གཡང་ཞིག་འབོད། །ཉི་མ་བཞིན་དུ་དྲོད་ཀྱི་གཡང༌། །སྐྱེ་དངོས་བཞིན་དུ་མཚར་བའི་གཡང༌། །བར་སྣང་མཐོང་ནས་གཡང་ཞིག་འབོད། །ཆུ་སྤྲིན་བཞིན་དུ་འཚུབ་པའི་གཡང༌། །སྦྲང་ཆར་བཞིན་དུ་འབབ་པའི་གཡང༌། །འབྲས་དྲུག་བཞིན་དུ་སྨིན་པའི་གཡང༌། །ས་དོག་མོ་བརྒྱུད་ནས་གཡང་ཞིག་འབོད། །རི་རྒྱལ་བཞིན་དུ་བརྟན་པའི་གཡང༌། །གངས་རི་བཞིན་དུ་སྤུངས་པའི་གཡང༌། །ཆུ་བོ་བཞིན་དུ་འབབ་པའི་གཡང༌། །རྒྱ་མཚོ་བཞིན་དུ་འཁྱིལ་པའི་གཡང༌། །དེ་རིང་བཀྲ་ཤིས་ཉི་མ་ལ། །ངོ་མཚར་ཆེ་བའི་གཡང་ཞིག་འབོད། །སྟེང་ལྷ་ཡི་བུ་མོ་འོད་དཀར་བྱོན། །བར་གཉན་གྱི་བུ་མོ་འོད་ཅན་བྱོན། །འོག་ཀླུ་ཡི་བུ་མོ་ཆུ་ལྷ་བྱོན། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་གཡང་ཁུག །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་གཡང་ཁུག །ནུབ་ཕྱོགས་ཆུ་ལྷའི་ལག་ནས་ཚེ་གཡང་ཁུག །བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་གཡང་ཁུག །ཤར་ལྷོ་མེ་ལྷའི་ལག་ནས་ཚེ་གཡང་ཁུག །ལྷོ་ནུབ་སྲིན་པོའི་ལག་ནས་ཚེ་གཡང་ཁུག །ནུབ་བྱང་རླུང་ལྷའི་ལག་ནས་ཚེ་གཡང་ཁུག །བྱང་ཤར་དབང་ལྡན་ལག་ནས་ཚེ་གཡང་ཁུག །སྟེང་ཕྱོགས་ཚངས་པའི་ལག་ནས་ཚེ་གཡང་ཁུག །འོག་ཕྱོགས་ཀླུ་གཉན་ལག་ནས་ཚེ་གཡང་ཁུག །འབྱུང་བ་རྣམ་ལྔའི་ལག་ནས་ཚེ་གཡང་ཁུག །འཆི་བདག་གཤིན་རྗེའི་ལག་ནས་ཚེ་གཡང་ཁུག །བདུད་དང་འདྲེ་སྲིན་ལག་ནས་ཚེ་གཡང་ཁུག །ཁམས་གསུམ་སྲིད་གསུམ་ལག་ནས་ཚེ་གཡང་ཁུག །ས་འོག་ས་སྟེང་ས་བླ་གསུམ་གྱི་ལག་ནས་བཀྲ་ཤིས་ཐམས་ཅད་འདིར་ཁུག་ཅིག །མི་གཡང་ཁྱིམ་དུ་ལོན་པར་ཤོག །ནོར་གཡང་ཁྱིམ་དུ་ལོན་པར་ཤོག །ཞིང་གཡང་མཛོད་དུ་ལོན་པར་ཤོག །ནས་གཡང་སྒམ་དུ་ལོན་པར་ཤོག །ཆང་གཡང་བན་དུ་ལོན་པར་ཤོག །ཟས་གཡང་གོ་ཁར་ལོན་པར་ཤོག །ཕྱུགས་གཡང་ར་བར་ལོན་པར་ཤོག །དེ་ནས་མདའ་དར་བུ་ཡི་ལག་དང༌། ཕྱེ་མར་བུ་མོའི་ལག་ཏུ་ཕུལ་ནས། ཕྱྭ་གཡང་ཤོག །གཡང་ཁུག་ཅིག་ཅེས་ལན་གསུམ་བརྗོད་དོ། །
བརྒྱད་པ་བཀྲ་ཤིས་བརྗོད་པ་ནི།
ཐབ་གཡས་ཐབ་གཡོན་ཐབ་དཀྱིལ་ཐབ་གསུམ། །ཐབ་གཡས་ཐབ་གསེར་ཐབ་ཁྲ་མོ་རེད། །ཇ་འུ་ཟིའི་འགྲུལ་ལམ་མི་ཆད་པའི་བཀྲ་ཤིས་ཤོག །དྲེལ་སྨུག་ཆུང་མཐའ་ནས་བསྐོར་བའི་བཀྲ་ཤིས་ཤོག །ཐབ་གཡོན་ཐབ་དངུལ་ཐབ་ཁྲ་མོ་རེད། །ཆང་སྐྱེམས་འབར་གྱི་འགྲུལ་ལམ་མི་ཆད་པའི་བཀྲ་ཤིས་ཤོག །ཆབ་ཆུ་མས་མཐའ་ནས་བསྐོར་བའི་བཀྲ་ཤིས་ཤོག །ཐབ་དཀྱིལ་ཐབ་དུང་ཐབ་ཁྲ་མོ་རེད། །དཀར་འོ་མའི་འགྲུལ་ལམ་མི་ཆད་པའི་བཀྲ་ཤིས་ཤོག །འབྲི་ཟལ་ཆུང་མཐའ་ནས་བསྐོར་བའི་བཀྲ་ཤིས་ཤོག །ཁྱིམ་ལ་མི་ཡིས་གང་བའི་བཀྲ་ཤིས་ཤོག །བང་མཛོད་འབྲུ་ཡིས་གང་བའི་བཀྲ་ཤིས་ཤོག །ཕྱུགས་རར་ནོར་གྱིས་གང་བའི་བཀྲ་ཤིས་ཤོག །མི་སྲོག་བྲག་ལས་སྲ་བའི་བཀྲ་ཤིས་ཤོག །བྲག་ལ་ཞིག་རལ་མེད་པའི་བཀྲ་ཤིས་ཤོག །མི་ཚེ་ཆུ་ལས་རིང་བའི་བཀྲ་ཤིས་ཤོག །ཆུ་ལ་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག །བཀྲ་ཤིས་ཐམས་ཅད་འདིར་བྱོན་ཅིག །མི་ཕྱྭ་ཁུག་ལ་ཕྱུགས་གཡང་ཤོག །ཕྱྭ་ཁུག་ཅིག །གཡང་ཁུག་ཅིག །སྐྱབས་ལ་བྱོན་ཅིག །ཅེས་བརྗོད་དེ་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །
སྔོན་བསགས་ལས་ཀྱི་ཤིང་རྟས་ཉེར་དྲངས་པའི། །
རིགས་མཐུན་ཉི་ཟླའི་དགའ་སྟོན་འདིར་བརྟེན་ནས། །
བདེ་སྐྱིད་པདྨོའི་དཔལ་ཡོན་མཆོག་ཏུ་རྒྱས། །
སྐལ་བཟང་སྐྱེ་དགུུ་དགའ་བའི་གཉེན་དུ་ཤོག །
ཅེས་པའང་འདི་རིགས་ལ་དུང་ཞེན་ལྕི་བའི་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཆུ་སྟག་རྒྱལ་ཟླའི་དམར་ཕྱོགས་ཀྱི་བཟང་པོ་གཉིས་པར་མཁར་མདོ་ནས་བསྡུས་པ་དགེ་ལེགས་འཕེལ། །
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྡེ་དགེ་ཉིན་མོའི་དུས་སྟོན་སྐབས་སུ་སྡེ་དགེའི་བྲོ་ཆེན་འཛོམ་བྲོ་འཁྲབ་བཞིན་པའི་རྣམ་པའོ།
- སྡེ་དགེ་བུ་མོ་བསྟན་འཛིན་བདེ་གསལ་གྱི་ངོ་སྤྲོད་མདོར་བསྡུས།
- ༈ གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
- བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ། རབ་བརྟན་དགེ་ལེགས།
- མཁྱེན་བརྩེ་དབང་པོའི་ཐུགས་དམ་གྱི་རྟེན་སྒྲོལ་དཀར་ཞལ་ཐང་གི་སྐོར།