བཀའ་ཤག་གིས་སྦེལ་ཇམ་བོད་མིའི་དཀའ་ངལ་སེལ་ཐབས་བཀའ་མངག
དེང་སྐབས་ཡུ་རོབ་སྦེལ་ལྗམ་ནང་གི་བོད་མི་ཚོར་སྐྱབས་བཅོལ་མ་རག་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པའི་ཐད་ནང་སྲིད་བཀའ་བློན་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ལ་བཀའ་འདྲི་ཞུས་པར། བཀའ་ཤག་གིས་སྦར་སིལ་སྐུ་ཚབ་དོན་གཅོད་མཆོག་ལ་ལས་དོན་དེའི་སྐོར་བཀའ་མངག་གནང་ཡོད་སྐོར་ངོ་སྤྲོད་གནང་སོང་།
ཟླ་འགའི་གོང་ནས་ཡུ་རོབ་སྦེལ་ལྗམ་ནང་བོད་མི་སྐྱབས་བཅོལ་བ་མང་པོ་ཞིག་ལ་ཡིག་ཆ་མ་རག་པ་དང་ཡིག་ཆ་ནག་པོ་ཆགས་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་ ༢༥ ཉིན་སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་རྒྱལ་ས་སྦར་སིལ་དུ། ཡིག་ཆའི་དཀའ་ངལ་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། ཚོགས་འདུའི་སྟེང་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་དང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་བཅས་ཕེབས་ཡོད་འདུག དེ་མིན། ཡིག་ཆ་ནག་པོ་ཆགས་མཁན་དང་དྲི་བ་གཉིས་བ་ཡོང་རྒྱུ་ལྷག་ཡོད་པ་བཅས་མི་ ༢༠༠ ཙམ་འདུ་འཛོམས་བྱུང་བའི་ཐོག་སྐུ་ཚབ་དོན་གཅོད་མཆོག་གིས་གསལ་བཤད་ལམ་སྟོན་བཅས་གནང་ཡོད་འདུག
མཇུག་ཏུ་མང་ཚོགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་སྙན་ཞུ་ཞིག་ཕུལ་ཏེ་སྦེལ་ལྗམ་གཞུང་གིས། བོད་མི་ཚོས་སྐྱབས་བཅོལ་དང་པོ་རྒྱ་གར་ནང་ཞུས་ཡོད་སྟབས་སྐྱབས་བཅོལ་གཉིས་པ་ཞུ་མི་ཆོག་པ་དང་། རྒྱ་གར་ནང་བོད་མི་རྣམས་བདེ་འཇགས་དང་རང་དབང་ཚད་ལྡན་ཡོད་པ། (R.C)དང་(I.C)ཡི་ཐོག་ནས་འཚོ་གནས་ཐོབ་ཐང་འདྲ་མཉམ་དང་འགྲོ་སྐྱོད་རང་དབང་ཡོད་པ། བོད་པ་ཚོ་སྦེལ་ལྗམ་ནང་ཡོང་དོན་དུ་དཔལ་འབྱོར་གྱི་ཆེད་ཡིན་པ། སྦེལ་ལྗམ་གཞུང་འབྲེལ་མི་སྣར་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ནས་རྒྱ་གར་ནང་ཡོད་པའི་བོད་མི་ཚོར་དཀའ་ངལ་མེད་སྐོར་བརྗོད་ཡོད་ཚུལ་སོགས་ཀྱི་རྒྱུ་མཚན་བགྲང་སྟེ་བོད་པ་ཚོར་ཡིག་ཆ་ནག་པོ་སྤྲོད་བཞིན་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་སྦེལ་ལྗམ་གཞུང་ལ་འབྲེལ་བ་ཞུས་ཏེ་དཀའ་ངལ་དེ་དག་སེལ་ཐབས་ལ་རོགས་མགོན་གནང་དགོས་པའི་འབོད་སྐུལ་ཞུས་འདུག
ཕྱི་ཚེས་ ༢༨ ཉིན་འདི་གས་གསར་འགོད་པ་བཀའ་ཤག་ཏུ་བཅར་ཏེ་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་གོང་གསལ་གནད་དོན་སྐོར་ལ་བཀའ་འདྲི་ཞུ་རྒྱུ་ཡིན་སྐོར་ཞུས་པར་ཁོང་ལ་དུས་ཚོད་མེད་ཚུལ་གསུངས་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་བཅར་ཏེ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ། སྦེལ་ལྗམ་བོད་མིའི་དཀའ་ངལ་སྐོར་སེལ་ཐབས་གང་འདྲ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། “ ༢༠༡༣ ལོའི་ཕྱི་ཟླ་ ༡༠ ནང་ཚོགས་གཙོས་སྣེ་ཁྲིད་པའི་སྤྱི་འཐུས་ ༥ ཡུ་རོབ་ཏུ་ཕྱིན་སྐབས། སྦེལ་ལྗམ་དང་སུད་སིའི་སྐུ་ཚབ་གཟིགས་སྐོར་དུ་ཕེབས་པའི་གནས་ཚུལ་དེ་གོ་ཐོས་བྱུང་བ་མ་གཏོགས་ཚོགས་གཙོ་ཐུག་རྒྱུ་མ་བྱུང་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ཡང་ཐད་ཀར་འབྲེལ་བ་བྱུང་མེད་སྟབས། སྤྱི་འཐུས་ཀྱི་ངོས་ནས་འདི་ཞུས་ཡིན་དེ་ཞུས་མེད་ཟེར་ནས་ཞུ་རྒྱུ་གང་ཡང་ཡོད་པ་མ་རེད། ང་ཚོ་སྦེལ་ལྗམ་དུ་ཕྱིན་སྐབས་ད་ལྟའི་དཀའ་རྙོག་དེ་སྦེལ་ལྗམ་ཙམ་མིན་པར་ཧོ་ལན་ཌིའི་བོད་མི་སྐྱབས་བཅོལ་བ་ ༨༠ ཙམ་ལའང་ཡིག་ཆའི་དཀའ་ངལ་འཕྲད་འདུག་སྟབས། སྐབས་དེར་ང་ཚོ་ཁྲིམས་རྩོད་པ་དང་ཐུག་པའི་གོ་སྐབས་བྱུང་སོང་ལ། ཧོ་ལན་ཌི་བོད་རིགས་ཚོགས་པའི་སྙན་ཞུའི་ནང་གསལ་ལྟར། སྐབས་དེར་ང་ཚོས་ཧོ་ལན་ཌི་སྲིད་གཞུང་ལའང་སྙན་ཞུ་ཞིག་ཕུལ་བ་ཡིན། ཡིན་ནའང་། ཧོ་ལན་ཌི་སྲིད་གཞུང་གིས་སྐྱབས་བཅོལ་གནད་དོན་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་ཡིག་ཆའི་ནང་དོན་ལྟར་མ་གཏོགས་བྱེད་ཐུབ་པ་མ་རེད་ཅེས་ཚུར་གསལ་བཤད་གནང་སོང་། ”ཞེས་གསུངས་སོང་།
ཁོང་གིས་མུ་མཐུད་དུ། “ང་ཚོ་བོད་མི་སྐྱབས་བཅོལ་བ་ཚོར་སྐྱབས་བཅོལ་ཐོབ་ཐང་སྤྲོད་དང་མི་སྤྲོད་ཟེར་བ་དེ་ཁོ་རང་ཚོས་རྟོག་ཞིབ་བྱས་པའི་ཡིག་ཆ་དེ་ཚོ་གཞིར་བཞག་ནས་ཚུར་བཤད་ཡོང་གི་ཡོད་སྟབས། ཡིན་པ་ཡིན་པ་དང་མ་ཡིན་པ་མ་ཡིན་པ་དེ་ང་ཚོས་ཁྲིམས་རྩོད་པ་བརྒྱུད་ནས་ཕར་འགྲེལ་བཤད་བརྒྱབ་སྟེ། ཁོ་ཚོས་ཡིད་ཆེས་རྙེད་ཐུབ་པ་བཟོ་དགོས་བ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། ད་ལྟ་སྐུ་ཚབ་དོན་གཅོད་དང་ས་གནས་བོད་རིགས་ཚོགས་པའི་ངོས་ནས་ཁྲིམས་རྩོད་པ་གླས་ནས་གྲ་སྒྲིག་གནང་གི་འདུག གལ་སྲིད་བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་དང་ཡང་ན་ཚོགས་གཙོ་ཕར་ཕྱིན་ཏེ་དཀའ་ངལ་སེལ་ཐུབ་པའི་རེ་བ་དེ་འདྲ་ཡོད་པ་ཡིན་ན། སྐུ་ཚབ་དོན་གཅོད་དང་བོད་རིགས་ཚོགས་པས་ཚུར་གསུང་ཡོང་གི་རེད་ལ། དེ་དུས་ང་ཚོ་ཕར་བཅར་དགོས་པའི་གནས་སྟངས་ཤིག་རང་བཞིན་གྱིས་ཆགས་ཀྱི་ཡོད་པ་རེད། གནད་དོན་འདིའི་ཐད་ཚོགས་གཙོ་དང་སྲིད་སྐྱོང་མཆོག་བཀའ་མོལ་གནང་རྒྱུ་མ་བྱུང་ཡང་། ཉེ་སྔོན་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཞོན་རྣམ་པ་གཉིས་ཀྱིས་བཀའ་བསྡུར་གནང་འདུག ངས་གོ་བ་ལྟར་ན། འཛིན་སྐྱོང་བཀའ་ཤག་ནས་དོན་གཅོད་ལ་དཀའ་ངལ་སེལ་ཐབས་གནང་དགོས་པའི་བཀའ་མངགས་གནང་འདུག ”ཅེས་གསུངས་སོང་།
ཉེ་ལམ་ཚོགས་གཙོ་མཆོག་སྦེལ་ལྗམ་ནང་ཕེབས་སྐབས་གཞུང་འབྲེལ་མི་སྣ་དེ་ཚོར་བཀའ་མོལ་གང་འདྲ་གནང་ཡོད་མེད་དྲིས་པར། “ང་ཚོ་སྤྱི་འཐུས་རྣམས་ཡུ་རོབ་ཏུ་ཕྱིན་སྐབས་ཡུ་རོབ་གྲོས་ཚོགས་དང་སྦེལ་ལྗམ་གྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་ཡོད་པ་རེད་མ་གཏོགས། སྦེལ་ལྗམ་གཞུང་གི་འཛིན་སྐྱོང་མི་སྣ་དང་མཇལ་པའི་གོ་སྐབས་བྱུང་ཡོད་པ་མ་རེད། དེ་ལས་རིམ་ནང་དུའང་ཡོད་པ་མ་རེད། གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་མཇལ་སྐབས་ང་ཚོས་གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཞུ་གཏུག་བྱས་པ་རེད། དེང་སང་ང་ཚོའི་སྤྱི་ཚོགས་ནང་ཡིག་ཆ་ནག་པོ་ཆགས་པའི་རྒྱུ་རྐྱེན་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣས་བཟོས་བ་དང་། དེའི་ནང་ནས་ཀྱང་སྤྱི་འཐུས་ཚོགས་གཙོ་དང་ནང་སྲིད་བཀའ་བློན་མཆོག་གིས་བཟོས་བ་རེད་ཟེར་བ་སོགས་ཀྱི་དཀྲོག་གཏམ་མང་པོ་ཞིག་སྤེལ་བཞིན་ཡོད་པ་རེད། ང་རང་སྒེར་ལ་མཚོན་ན། དཀྲོག་གཏམ་དེ་ཞེ་དྲག་ཅིག་ཏུ་རྩི་ཡི་མེད་ཀྱང་། དེང་སང་ང་ཚོའི་སྤྱི་ཚོགས་ནང་དཀྲོག་གཏམ་མང་པོ་སྤེལ་ཏེ་མི་ཁ་ཤས་ནག་པོ་བཟོ་ཐབས་དང་བོད་མིའི་སྒྲིག་འཛུགས་ལ་མཐོང་བརླག་ཏུ་འཇུག་པའི་གནས་ཚུལ་ཡོང་གི་འདུག་སྟབས། ད་རེབ་སྦེལ་ལྗམ་ནང་གི་གནད་དོན་གཅིག་པུ་མ་རེད། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་བ་ཁག་ནས་མ་འོངས་པར་ཡང་དེ་འདྲའི་རིགས་མང་པོ་སྤེལ་སྲིད་པས། དེ་འདྲའི་རིགས་བྱུང་བའི་སྐབས་སུ་བརྒྱུད་ལམ་ཁག་གིས་འབྲེལ་ཡོད་མི་སྣར་སྐད་ཆ་དྲིས་ཏེ། གནས་ཚུལ་དེ་བྱུང་ཡོད་དང་མེད་གསལ་བོ་མ་ཆགས་ཀྱི་བར་དུ་སྤྱི་ཚོགས་ཐོག་མ་བཀྲམ་ན་ཡག་པོ་ཡོད་པ་རེད། དེ་མིན་ང་ཚོའི་སྤྱི་ཚོགས་འདི་དཀྲོག་གཏམ་གྱི་སྤྱི་ཚོགས་ཤིག་ཆགས་ཏེ། ང་ཚོའི་མཐུན་སྒྲིལ་གྱི་ནུས་པར་གྱོང་གུད་ཆེན་པོ་ཕོག་རྒྱུ་ཡིན་པ་གདོན་མི་ཟ་བ་ཞིག་རེད། ”ཅེས་གསུངས་སོང་།
ནང་སྲིད་བཀའ་བློན་རྒྱ་རི་མཆོག་ལྡི་ལིར་གཞུང་འབྲེལ་ཕྱོགས་སྐྱོད་གནང་གི་ཡོད་སྟབས། གསར་འགོད་པས་ཁ་པར་བརྒྱུད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ། སྔ་ལོར་སྦེལ་ལྗམ་དང་སུད་སིའི་སྐུ་ཚབ་དྷ་སར་འབྱོར་སྐབས་ཕྱོགས་གཉིས་བར་བཀའ་མོལ་གནང་འདྲ་བྱུང་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་མོས། “ སྐུ་ཚབ་ཚོགས་པ་དེར་ཐུག་ཡོད་དང་མེད་ང་ལ་གསལ་བོ་བྱས་ནས་བཤད་རྒྱུ་མེད། ཡིན་ནའང་། གསལ་བོ་བྱས་ནས་ག་རེ་ཞུ་ཐུབ་ཀྱི་ཡོད་ལབ་ན། བརྒྱ་ཆ་བརྒྱ་ཕར་ཕྱོགས་སུ་ཡོད་པའི་བོད་མི་ཚོར་གནོད་པ་ཅིག་བཤད་ཡོད་པ་རེད་བསམ་པ་རྩ་བ་ཉིད་ནས་མེད། ༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་པ་གང་དུ་ཕྱིན་ཡང་ བདེན་པ་བདེན་དྲང་ག་ཚོད་ཆགས་ཡོད་ན་མེད་ན། གང་ལྟར་བོད་ནང་གི་ཛ་དྲག་གནས་སྟངས་གཙོ་བོར་བཟུང་ནས་ཚང་མར་རོགས་སྐྱོར་གནང་གི་འདུག་ལ། དེ་ཚོའི་ཐོག་ས་གནས་གང་དུ་འབྲེལ་ཡོད་མི་སྣ་སུ་ཞིག་ལ་ཐུག་པ་དང་། ཡང་ན་ཚུར་ཡོང་མཁན་སུ་ཞིག་ཡོད་ནའང་ཚང་མར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ། མུ་མཐུད་དུ་རོགས་སྐྱོར་གནང་རོགས་ཞེས་ཞུས་པ་མ་གཏོགས། རོགས་སྐྱོར་དགོས་ཀྱི་མི་འདུག་ཞུས་པ་དང་གནོད་པའི་སྐད་ཆ་ཞིག་བཤད་མྱོང་མེད།”ཅེས་གསུངས་སོང་།
ཁོང་མོས་མུ་མཐུད་དུ། “ན་ནིང་ཕྱི་ཟླ་ ༨ པའི་ནང་ང་སྦེལ་ལྗམ་དུ་ཕྱིན་པ་ཡིན། སྐབས་དེར་གཙོ་བོ་ནང་སྲིད་ལས་ཁུངས་ཀྱི་པན་ཌོ་(Pandoh) གཞིས་ཆགས་ཀྱི་དོན་དག་ཆེད་ཕྱིན་སྟབས། སྦེལ་ཇམ་གཞུང་གི་གནད་ཡོད་མི་སྣ་ལ་ཐུག་དགོས་པའི་གནས་ཚུལ་དམིགས་བསལ་བྱུང་མེད་ལ། དུས་ཚོད་ཀྱི་ཆ་ནས་ཀྱང་བྱུང་མ་སོང་། ཕྱི་ནང་གང་ཡིན་ཡང་སྐད་ཆ་ག་རེ་ཡོད་ལབ་ན། ང་ཚོ་མི་གཅིག་གཉིས་ཤིག་ལ་གཅིག་བྱས་པ་རེད། གཉིས་བྱས་པ་རེད་ཟེར་ནས་བཤད་པ་དེར། སྤྱིར་བཏང་ང་རང་ལ་དག་ཕུད་བྱེད་པའི་འདོད་པ་གང་ཡང་མེད། གང་ཡིན་ཟེར་ན། གལ་ཆེ་ཤོས་དེ་ད་ལྟ་ཕར་ཕྱོགས་ན་དཀའ་ངལ་འཕྲད་ཡོད་པའི་བོད་མི་ཚོའི་དཀའ་ངལ་སེལ་ཐབས་ལ་ག་རེ་བྱེད་རྒྱུ་འདུག དེ་ལ་ང་ཚོ་ཚང་མས་རྡོག་གཅིག་ཏུ་སྒྲིལ་དགོས་པ་རེད། ད་རེབ་ཀྱི་གནད་དོན་འདིའི་ཐོག་ནས་ཞུ་དགོས་པ་ཞིག་ལ། རྒྱ་གཞུང་གིས་བོད་ནང་དྲང་བདེན་མེད་པའི་སྲིད་བྱུས་སྤེལ་བཞིན་པའི་རྐྱེན་གྱིས་ང་ཚོ་རང་བཞིན་གྱིས་མིའི་ལུང་པར་སྐྱབས་བཅོལ་བྱས་ནས་བསླེབས་བསྡད་ཡོད་སྟབས། གནས་སྟངས་དེ་རང་གི་ཐོག་ནས་འབྲེལ་ཡོད་སུ་ལ་ཞུ་དགོས་ཀྱི་ཡོད་ནའང་ཞུ་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག ”ཅེས་གསུངས་སོང་། གསར་འགོད་པ། པདྨ་མཚོ། ཡོང་ཁུངས། བོད་ཀྱི་དུས་བབ།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།