བཀའ་ཁྲིའི་འོས་མི་བློ་བཟང་སེང་གེ་ལ་དྲི་བ་ཁག་བཅུ།
ཡོང་ཁུངས། བོད་ཀྱི་དུས་བབ།
བོད་པའི་བཀའ་བློན་ཁྲི་པའི་དྲ་རྒྱ་( www.kalontripafortibet.org ) ཞེས་པའི་དྲ་རྒྱ་བརྒྱུད་མང་ཚོགས་ཀྱི་དྲི་བ་མང་པོ་ཞིག་འབྱོར་ཡོད་པ་དག་ལས་གལ་གནད་ཅན་ ༡༠ བདམས་གསེས་བྱས་ཏེ། དྲ་ཚིགས་དོ་དམ་པ་རིན་ཆེན་དོན་འགྲུབ་ཀྱིས་བློ་བཟང་སེང་གེ་མཆོག་ལ་བཅར་འདྲི་ཞུས་དོན་ལྟར། འདོན་ཐེངས་སྔ་མའི་འཕྲོས་ཀྱི་ལས་ཚན་གཉིས་པའི་ངོ་བོར་ཕུལ་ཡོད།
དྲི་བ། ད་ལྟའི་བར་ཁྱེད་རང་གཞིས་ཆགས་ཁག་ག་ཚོད་ནང་སོང་བ་དང་། ཡོངས་རྫོགས་བསྡོམས་ན་ས་ཆ་ག་ཚོད་དང་མི་མང་ཅི་ཙམ་ལ་ཐུག་འཕྲད་གནང་ཡོད་དམ།
ལན། ད་ལྟའི་སྐབས་ང་ལྷོ་ཕྱོགས་སྦེལ་ཀོབ་དང་དྷ་ས། ལྡི་ལི་བཅས་ཀྱི་ནང་བཀའ་ཁྲིའི་འོས་མིའི་བགྲོ་གླེང་ལ་སོང་བ་ཡིན། དེ་བཞིན་ཉེ་དུས་ང་གཅིག་པུ་བདེ་སྐྱིད་གླིང་དང་སྤོན་ཊ། སྤུ་རུ་ཝ་ལ། ཀ་ལི་མན་ཊོན། རྒྱ་གར་བྱང་ཤར་ཁུལ་གྱི་ས་ཁུལ་ཀ་རྡོར་སྒང་གསུམ། ཏེ་རྫུ། མེ་འོས། ལ་དྭགས་བཅས་ཀྱི་ནང་གཏམ་བཤད་ཀྱི་ཆེད་དུ་སོང་བ་ཡིན། བོད་ནང་རྩ་བ་ནས་འགྲོ་མ་མྱོང་བ་ང་ལྟ་བུར་མཚོན་ན། ལ་དྭགས་ལ་སླེབས་སྐབས་བོད་དང་ཉེ་པོ་ཡིན་པ་དང་། བོད་པའི་སྲོལ་རྒྱུན་གྱི་གོམས་གཤིས་ལྡན་པས་དམིགས་བསལ་གྱི་ཚོར་སྣང་ཡོང་གི་འདུག ང་ཕར་ཚུར་ཕྱོགས་བསྐྱོད་སྐབས་རྒྱ་གར་གྱི་ལག་དེབ་སེར་པོའི་ཐོག་འགྲོ་ཡི་ཡོད་པས། བལ་ཡུལ་གཞུང་ནས་དེའི་ཐོག་བལ་ཡུལ་དུ་ཕྱོགས་བསྐྱོད་ཀྱི་ཆོག་མཆན་ཐོབ་ཁག་པོ་ཡིན་པས་འགྲོ་ཐུབ་མ་སོང་། ཁ་སྣོན་ཙམ་ཞུས་ན། ཕྱི་ལོ་༢༠༡༠ ཟླ་ ༡ ནས་ང་རྡོ་རྗེ་གླིང་དང་ཨོ་རི་སཱ། ཅི་ནཱ། བྷེང་ལོར། ཧུན་སུར། ཀོ་ལི་གྷལ། སྦེལ་ཀོབ། མོན་གྷོ། དེ་བཞིན་བོད་མི་གནས་སྡོད་བྱེད་སའི་ཕྱི་རྒྱལ་གྱི་ས་ཁུལ་ཁག་དང། ཡུ་རོབ་དང་བྱང་ཨ་རི་སོགས་བརྗོད་མི་དགོས་པ་རེད། བསྡོམས་བརྒྱབ་ན་བགྲོ་གླེང་བརྒྱུད་ནས་མིར་ཐུག་པ་དང། དེ་བཞིན་སློབ་ཕྲུག གྲྭ་པ། བཙུན་མ། མི་སྐྱ་བཅས་སྒེར་གྱིས་ཐུག་འཕྲད་བྱས་པ་སོགས་ཁྱོན་མི་གྲངས་ ༢༦༠༠༠ ལྷག་ཙམ་ཆགས་འདུག མི་དེ་དག་ལ་འབྲེལ་ལམ་དམ་པོ་འཛིན་པ་དང་། ཁོ་ཚོ་བརྒྱུད་ནས་གནད་དོན་མང་པོ་ཞིག་ལ་ཤེས་རྟོགས་ཐུབ་པ་ནི་དགའ་བ་སྒོམ་དགོས་པ་ཞིག་རེད་འདུག
དྲི་བ། ཁྱེད་རང་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་ཀྱང་རུང་མ་ཐོབ་ཀྱང་རུང་། བཀའ་ཁྲིའི་གནས་བབ་ཀྱི་འོས་མིའི་ནང་འཛུལ་ཞུགས་བྱས་པ་དེའི་ཐོག་ནས། ཁྱེད་རང་གིས་བརྡ་ལན་གང་ཞིག་གཏོང་འདོད་ཡོད་དམ།
ལན། ངས་རྒྱ་ནག་དབུས་གཞུང་དང་སྲིད་འཛིན་ཧུའུ་ཅིན་ཐའོ་གཙོས་པའི་དཔོན་རིགས་ཚོར། བཙན་བྱོལ་ནང་གི་མི་རྒན་པ་ཚོ་རྫོགས་འགྲོ་ཡི་ཡོད་རེད་དེ། བཙན་བྱོལ་བོད་གཞུང་དང་འདིའི་ལས་འགུལ་སོགས་རྩ་ཡལ་འགྲོ་ཡི་མ་རེད། བོད་པའི་མི་རབས་གཞོན་པ་ཚོས་མདུན་སྐྱོད་བྱས་ཏེ། ད་དུང་འབྱུང་འགྱུར་གྱི་ལོ་ ༥༠ ཆེད་དུ་གཞི་རྒྱ་ཆེ་བའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཏེ་འཐབ་རྩོད་བྱེད་ཀྱི་རེད་ཅེས་བརྡ་གཏོང་འདོད་ཡོད། ད་དུང་བོད་ནང་ཡོད་པའི་བོད་མི་ཚོར་བརྡ་གཏོང་འདོད་པ་ཞིག་ནི། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ནང་། བཙན་བྱོལ་བོད་གཞུང་གིས་བཀས་བཀོད་བརྒྱུད་འཛིན་དང་ཀླད་རྙིང་མཁྲེགས་བཟུང་གི་ལམ་ལུགས་བསྐྱར་གསོ་བྱེད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ཟེར་ནས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་ངོས་ནས་འདིའི་ཚབ་ཏུ། མང་གཙོའི་ལམ་ལུགས་ཀྱི་ཕྱོགས་སུ་བསྐྱོད་ནས། ད་ལྟའི་བོད་ནང་གི་མི་སེར་སྤེལ་ཡུལ་ལམ་ལུགས་ཀྱི་བཙན་འཛུལ་དེ་བརྗེ་བསྒྱུར་བྱ་རྒྱུ་དེ་རེད། འདི་ནི་བོད་མི་ས་ཡ་དྲུག་གི་ཡིད་ཆེས་བྱེད་བཞིན་པའི་གནད་དོན་ཞིག་རེད། བོད་པའི་ཁ་དཔེར། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་ཟེར་སྲོལ་ཡོད་པ་བཞིན། དོན་དངོས་ཐོག་ངའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དེའི་ཐོག་ནས། ད་ལྟའི་བཀའ་ཁྲིའི་འོས་མི་ཆགས་པ་ནི་བོད་པའི་གཏམ་དཔེ་དེ་བདེན་དཔང་བྱས་པ་ཞིག་རེད་དྲན་གྱི་འདུག
དྲི་བ། གལ་སྲིད་ཁྱེད་རང་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་པ་ཡིན་ན། གནས་བབས་དེའི་ཐོག་ནས་ལེགས་སྐྱེས་ག་རེ་འབུལ་རྒྱུ་ཡིན་ནམ།
ལན། བཀའ་ཁྲི་ལ་འོས་འགན་ཆེན་པོ་ལྔ་ཡོད་རེད་དྲན་ཡོད། དང་པོ། བོད་ནང་གི་བོད་མི་ཚོའི་གནས་བབ་རེད། གཉིས་པ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱབ་སྐྱོར་འཚོལ་ཐབས། གསུམ་པ། རྒྱ་གཞུང་གིས་འཛིན་པའི་བོད་ནང་གི་སྲིད་བྱུས་ལ་གདོང་ལེན་བྱ་རྒྱུ་དང་། རྒྱ་རིགས་ཚོ་དང་ལྷན་དུ་འབྲེལ་ལམ་འཛིན་རྒྱུ། བཞི་པ། རྒྱ་གར་དབུས་གཞུང་གི་རྒྱབ་སྐྱོར་རྒྱུན་གནས་ཐུབ་ཐབས་དང་། རྒྱ་གར་མི་མང་བོད་ཀྱི་གནད་དོན་ཐོག་སྲ་བརྟན་ངང་གནས་ཐུབ་ཐབས། ལྔ་པ། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་ནང་གི་ཚོགས་པ་རེད། གོང་བརྗོད་ཀྱི་གནད་དོན་དེ་དག་ལག་བསྟར་ཐུབ་ན། དོན་ཕན་ལྡན་པ་དང་ནུས་ཤུགས་ཅན་གྱི་བསྒྱུར་བཅོས་ཡོང་བ་ལ་གདེང་ཚོད་ཆེན་པོ་ཡོད། ༧གོང་ས་མཆོག་གི་དབུ་ཁྲིད་འོག་ཞབས་ཞུ་བསྒྲུབ་རྒྱུ་བྱུང་ན། ཆེས་དགའ་བ་སྒོམ་དགོས་པ་ཞིག་ཡིན་པ་ནི་བརྗོད་མི་དགོས་པ་ཞིག་རེད།
དྲི་བ། ཁྱེད་རང་གི་ལས་དོན་བསྒྲུབ་དགོས་པའི་རྩ་དོན་གལ་ཆེན་དེ་འདྲ་ཡོད་དམ།
ལན། ངས་ལས་དོན་བསྒྲུབ་པར་རྩ་དོན་གསུམ་གྱི་རྗེས་སུ་འགྲོ་རྒྱུ་ཡིན། དེ་ཡང་། ཆིག་སྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་བཅས་ཡིན་ཞིང་། ཆིག་སྒྲིལ་ནི་རྩ་བའི་རྨང་གཞི་ཆགས་རྒྱུ་ཡིན་པ་དང་། གསར་གཏོད་དང་རང་མགོ་རང་ཐོན་དམིགས་ཡུལ་འགྲུབ་པའི་མཐུན་རྐྱེན་ཉེ་ཤོས་དེ་རེད། ང་ཚོའི་མཐའ་མཇུག་གི་དམིགས་ཡུལ་བོད་མིའི་རང་དབང་སྐྱར་གསོ་བྱེད་རྒྱུ་དེ་བརྗོད་མི་དགོས་པ་རེད། ཆིག་སྒྲིལ་ཞེས་པའི་ནང་དོན་ནི། སྤྱི་ཚོགས་ཀྱི་གཞི་རྟེན་ནང་ཆོས་ལུགས་དབྱེར་མེད་དང་ཕོ་མོ་འདྲ་མཉམ་ཐོག་གནས་དགོས་པ་ལ་གོ་ཞིང་། མཉམ་རུབ་བྱེད་པ་ཙམ་གྱིས་ཆིག་སྒྲིལ་གྱི་ངོ་བོ་མཚོན་མི་ཐུབ། འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་མཁན་ཞིག་ལ་ཆ་མཚོན་ན། ཆིག་སྒྲིལ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན་པ་དང་། དཔེ་མཚོན་བཟང་ཤོས་ནི། མི་རིགས་དཀར་པོ་གྲངས་མང་མི་རིགས་ཆགས་ཡོད་པའི་ཨ་རིའི་ལུང་པའི་ནང་། གྲངས་ཉུང་མི་རིགས་ཡིན་པའི་མི་རིགས་ནག་པོ་ཨོ་བྷ་མ་སྲིད་འཛིན་ལ་བདམས་ཡོད་པ་དང་། རྒྱ་གར་ནང་ཧིན་རྡུ་གྲངས་མང་མི་རིགས་ཀྱིས། སཱིཀ་གྲངས་ཉུང་མི་རིགས་ཀྱི་མན་མོ་ཧན་སིང་སྲིད་བློན་བདམས་པ། འཇར་མན་གྱི་སྲིད་བློན་ཨན་ཇི་ལཱ་མར་ཁལ་བུད་མེད་ཡིན་པ་དང་། ཤར་འཇར་མན་ནས་ཡོང་བ་ཞིག་དེང་སྐབས་འཇར་མན་གྱི་སྲིད་བློན་ལ་བདམས་ཡོད་པ་རེད། ང་ཚོ་བོད་པས་ཀྱང་ཆིག་སྒྲིལ་གྱི་ལག་ཆ་བཟུང་ནས། ནང་ཁུལ་མ་འཆམ་པ་དང་རིགས་རུས་དབྱེ་འབྱེད་སོགས་མེད་པ་བཟོས་ནས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་ཁ་གཏད་གཅོག་དགོས་པ་རེད། ཆིག་སྒྲིལ་མེད་ན་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྣུམ་ཟད་ཀྱི་མར་མེ་བཞིན་འགྱུར་ངེས་ཡིན་ལ། དུས་རབས་༡༩ པའི་གནས་བབ་བཞིན་ཆོས་ལུགས་དང་གྲུབ་མཐའ་ཕྱོགས་རིས། རང་ཉིད་ཀྱི་རིགས་རུས་མཐོན་པོ་འཛིན་པའི་ལམ་ལུགས་ཀྱི་ཕྱོགས་སུ་འགྲོ་ངེས་ཡིན་པ་ལས། དེ་ལས་གཞན་པའི་གདམ་ཁ་གང་ཡང་ལྷག་མེད་པ་རེད།
གསར་གཏོད་ནི། འཚེ་མེད་ཞི་བའི་འཐབ་རྩོད་ལམ་སློང་ཡོང་བ་ལ། འཛམ་གླིང་འདིའི་སྒང་གིས་ས་ཁུལ་དང་ས་གནས་ཆབ་སྲིད་ཀྱི་ཁོར་ཡུག་ལ་ནུས་ཤུགས་བསྐྱེད་ཐབས། ས་གནས་དེ་དང་དེའི་འཐབ་རྩོད་རྒྱུན་གནས་ཐུབ་ཐབས་སུ་གསར་གཏོད་དགོས་གལ་ཆེན་པོ་ཡིན། དེ་བཞིན་ཤེས་ཡོན་སློབ་གསོ་དང་འབྲེལ་ལམ། ཁོར་ཡུག དཔལ་འབྱོར་ཡང་ན་ལས་གནས་མཁོ་སྤྲོད་ཀྱི་གནད་དོན་བཞི་དེ། ངས་བསྒྲུབ་དགོས་པའི་ལས་དོན་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཤེས་ཡོན་ཀྱི་ཐད། ང་རང་ཆེད་ལས་པ་ཆགས་ཡོད་པ་བཞིན། ངས་བོད་པའི་ན་གཞོན་ཚོར་ཤེས་ཡོན་གྱི་ཐད་ལ་གང་ཐུབ་ཅི་ནུས་བྱས་ཏེ། ཤེས་སྤྱོད་གཉིས་ཀའི་ཆ་ནས་ཆེད་ལས་པ་ཚད་ལྡན་ཞིག་ཆགས་ཐབས་བྱེད་རྒྱུ་ཡིན། འབྲེལ་ལམ་ཟེར་བ་དེ། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབྲེལ་ལམ་བྱས་ཏེ་ཁོ་ཚོའི་རྒྱབ་སྐྱོར་ཐོབ་པ་བྱེད་རྒྱུ་དང་། དེ་བཞིན་བོད་ནང་གི་བོད་མི་ཚོ་རྡོག་རྩ་ཆིག་སྒྲིལ་ཐོག་གནས་ཐབས། འཛམ་གླིང་གི་ས་གནས་གང་སར་ཡོད་པའི་རྒྱ་རིགས་དང་། དམིགས་སུ་བཀར་ནས་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པའི་དངོས་ཡོད་གནས་ཚུལ་ཤེས་ཐབས། རྒྱ་གར་གཞུང་ཕྱོགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རྒྱབ་སྐྱོར་མུ་མཐུད་གནས་ཐབས་བཅས་རེད། ཁོར་ཡུག་གི་ཐད་དུ། གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་གོ་ལའི་ཚ་དྲོད་ཆེ་རུ་འགྲོ་བཞིན་ཡོད་པས། བོད་ཀྱི་གནད་དོན་འདི་ཁོར་ཡུག་གི་འགྱུར་ལྡོག་དང་འབྲེལ་ཆེ་བས། བོད་དོན་རྒྱལ་སྤྱིའི་རང་བཞིན་ཅན་གྱི་གནད་དོན་ལ་བསྒྱུར་ཐབས་བྱེད་དགོས། དཔལ་འབྱོར་རམ་ཡང་ན་ལས་གནས་མཁོ་སྤྲོད། བཙན་བྱོལ་ནང་ཡོད་པའི་བོད་པའི་གཞིས་ཆགས་ཁག་སྲ་བརྟན་དང་རང་མགོ་རང་ཐོན་བྱེད་དགོས། རང་མགོ་རང་ཐོན་ལ་ཆ་མཚོན་ན། བདག་ཉིད་ཆེན་མོ་གྷན་རྡི་མཆོག་གིས། རང་འགོ་རང་ཐོན་དེ་རྒྱ་གར་གྱི་རང་དབང་འཐབ་རྩོད་ནང་གི་རྩ་དོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་བ་རེད། གང་ཡིན་ཞེ་ན། གལ་སྲིད་ལས་འགུལ་དེ་རང་ཉིད་ཀྱི་རྐང་པའི་ཐོག་ནས་ལངས་མ་ཐུབ་པ་ཡིན་ན། ཕྱི་ལོག་གི་རྒྱབ་སྐྱོར་མེད་པའི་སྐབས་ལ་ལས་འགུལ་དེ་རང་བཞིན་གྱིས་ནུས་མེད་ཆགས་འགྲོ་ཡི་ཡོད་རེད། འདས་པའི་ལོ་ ༥༠ རིང་ལ་ང་ཚོའི་ཕ་མ་དང་ཕ་མའི་ཕ་མ་ཚོ་གཞིས་དང་པོ་ཆགས་སྐབས། གཞན་ལ་བརྟེན་དགོས་པ་དང་གཙོ་བོ་རྒྱ་གར་གཞུང་ལ་མ་བརྟེན་རང་བརྟེན་ཆགས་ཡོད་པ་རེད། འབྱུང་འགྱུར་གྱི་ལོ་ ༥༠ ནང་ང་ཚོས་གཞན་རྟེན་གྱི་བསམ་བློ་དོར་ནས་རང་མགོ་རང་ཐོན་ཆགས་པ་བྱ་དགོས། དེ་ལྟར་བྱུང་ན་ང་ཚོའི་འཐབ་རྩོད་ཀྱི་ལས་འགུལ་སྲ་བརྟན་ངང་གནས་ཐུབ།
དྲི་བ། ཁྱེད་ཀྱིས་བཀའ་ཤག་གི་སྒྲོམ་གཞིའི་ལས་དོན་ཁག་ཇི་ལྟར་གནང་འདོད་ཡོད་དམ།
ལན། གལ་སྲིད་བྱུང་བ་ཡིན་ན་བཀའ་ཤག་ལོ་དང་པོ་ནས་གཞིས་ཆགས་ཁག་ལ་བསྐོར་བསྐྱོད་བྱེད་རྒྱུ་དང་། དེ་མ་བྱུང་ན་ལོ་གཉིས་པའི་ནང་ངེས་པར་དུ་སྐོར་སྐྱོད་བྱ་རྒྱུ་ཡིན། དེ་དང་ཕྱོགས་མཚུངས་ལས་ཁུངས་ཁག་གི་བཀའ་བློན་ཚོ་ལས་འཆར་གྱི་ཆེད་དུ་སྐོར་སྐྱོད་བྱེད་རྒྱུ་དང། འབད་བརྩོན་འདི་འདྲའི་ཐོག་ནས་མི་མང་དང་བཀའ་ཤག་གཉིས་དབར་བློ་ཐག་ཉེ་པོའི་ཆིག་སྒྲིལ་ཡོང་ཐུབ་ཀྱི་རེད། གལ་སྲིད་གནད་དོན་གང་ཞིག་ས་གནས་ནས་སེལ་མ་ཐུབ་ན། མི་སུ་འདྲ་ཞིག་ཡིན་ནའང་དྷ་སར་ཡོང་ནས་ཁ་ཐུག་བཀའ་བློན་ལ་ཐུག་ཆོག བཀའ་ཤག་དེ་ཡང་མི་རྒན་པའི་གྲས་དང་བཀའ་ཤག་ལས་ཐོག་ནང་ཡོད་པ་བཀའ་བློན་ལ་བསྐོ་རྒྱུ་ཡིན། དེ་ལྟར་བྱུང་ན་བཀའ་ཤག་གསར་རྙིང་བར་ཕྱག་ལས་གནང་སྐབས། ལས་དོན་གང་ཅིའི་ཐད་ལ་སྤྱི་སྙོམས་ཡོང་ཐུབ་པ་དང། ད་ལྟའི་བར་བཀའ་ཤག་གིས་གནང་བའི་ལས་དོན་དགོས་གལ་ཆེ་རིགས་ལ་གྲོས་བསྡུར་གནང་ཕྱོགས་སོགས་ཐུགས་ཕན་ཆེན་པོ་ཡོད་པ་རེད། དེ་བཞིན། འཛིན་སྐྱོང་གི་གནད་དོན་ཆེ་རིགས་ལ་དགོས་གལ་བྱུང་དུས། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུ་རྒྱུ་ཡིན། ད་དུང་མི་རབས་གཞོན་པའི་ཁོངས་ནས་བཀའ་བློན་བཞི་བདམས་པའི་ནང་ནས། ཆོལ་ཁ་གསུམ་གྱི་ཁོངས་དང་། དེའི་ནང་དུ་དགེ་འདུན་པ་ཡོད་པ། བོད་ནས་ཕེབས་མཁན་ཡོད་པ། བུད་མེད་ཡོད་པ་བཅས་བྱེད་ཀྱི་ཡིན། དེ་བཞིན་བཀའ་ཤག་ལས་དོན་དེ་མཉམ་རུབ་ཀྱི་ཐོག་ནས། སྲོལ་རྒྱུན་དང་དེང་རབས། ཆོས་ལ་མཁས་པ་དང་ཆེད་ལས་པ་སོགས་ཀྱིས་འཛིན་སྐྱོང་བྱེད་རྒྱུ་ཡིན་པས། རྩ་དོན་ཐོག་ཆིག་སྒྲིལ་ཡོང་གི་རེད་བསམ་གྱི་འདུག
དྲི་བ། དེང་སྐབས་མི་འགའ་རེ་ཡིས་བདུན་ཅུ་དོན་གྲངས་ནང་ཁྱེད་རང་གིས་དཔྱ་དངུལ་ལག་དེབ་ཀྱི་ཁྲལ་སྤྲད་མེད་ཚུལ་དང་། ཡང་སྤྲད་པ་དེའང་ ༢༠༠༨ ལོའི་ཕྱེད་ཆག་སྐབས་སྤྲད་པ་རེད་ཟེར་གྱི་འདུག་ལ། ཁ་ཤས་ཀྱི་ཁྱེད་ཀྱི་བཟའ་ཟླ་བོད་རིགས་གཙང་མ་མིན་སྐོར་ཡང་བཤད་མཁན་འདུག་སྟབས། འདིའི་སྐོར་གང་འདྲ་ཡོད་མེད་གསལ་བཤད་ཅིག་གནང་རོགས།
ལན། གཞི་རྩ་མེད་པའི་འཆལ་གཏམ་རྣམས་རྫོགས་རྒྱུ་མེད་པ་འདྲ་པོ་འདུག དང་ཐོག་ང་ལ་ཧྭ་ཝར་ཌིའི་ཁྲིམས་ཀྱི་སློབ་གྲྭའི་ནང་སློབ་མཐར་ཕྱིན་མེད་རབས་དང་། དེ་བཞིན་སློབ་གྲྭའི་ནང་ཁྲིམས་ཀྱི་ལས་ཀ་གཏན་འཇགས་མེད་རབས་སོགས་མང་པོ་ཞིག་བཤད་པ་རེད། དོན་དངོས་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་དང་། ཨ་རིའི་དོན་གཅོད་ལས་ཁུངས། ཧྭ་ཝར་ཌིའི་ཁྲིམས་ཀྱི་སློབ་གྲྭ་སོགས་ནས་གནང་བའི་ཡིག་ཆ་མང་པོ་ཞིག་ཚགས་པར་ཁག་དང་དྲ་རྒྱ་བཅས་ཀྱི་ནང་ཁྱབ་བསྒྲགས་བྱས་པ་རེད། ད་ལྟའི་སྐབས་དཔྱ་དངུལ་ལག་དེབ་ཀྱི་སྐོར་འཆལ་གཏམ་འདྲ་མིན་བཟོ་ཡི་ཡོད་ཚོད་འདུག་པས། ངས་གང་མགྱོགས་ཨ་རིའི་དོན་གཅོད་ལས་ཁུངས་ཀྱི་ཡིག་ཆ་དེ་འགྲེམས་སྤེལ་བྱ་རྒྱུ་ཡིན། སྤྱིར་ངའི་ཕ་མ་གཉིས་ཀྱིས་ ༡༩༧༠ ནས་དཔྱ་ཁྲལ་ཕུལ་ཡོད་པས་ངའང་དེ་བཞིན་རེད། གནད་དོན་འདིའི་ཐད་སྟབས་བདེ་པོ་བྱས་ནས་ཤེས་ཀྱི་རེད། ངས་གཞི་རིམ་སློབ་གྲྭར་སློབ་སྦྱོང་བྱས་པ་རེད། དཔྱ་དངུལ་ལག་དེབ་མེད་ན་སློབ་ཞུགས་བྱེད་ཐུབ་ཀྱི་མ་རེད། དེ་བཞིན་ཤེས་རིག་ལས་ཁུངས་བརྒྱུད་ནས་ངས་མཐོ་སློབ་ཁག་ནང་སློབ་སྦྱོང་བྱེད་སྐབས་དཔྱ་དངུལ་ལག་དེབ་ནི་མེད་ཐབས་མེད་པ་རེད། མཐའ་མཇུག་ཏུ་ཨ་རིར་སློབ་སྦྱོང་གི་གོ་སྐབས་ཐོབ་པ་རེད། དེའང་དཔྱ་དངུལ་ལག་དེབ་མེད་ན་འགྲོ་ཐབས་བྲལ་བ་ཞིག་རེད། ༡༩༩༥ ལོར་ངས་ཨ་རིའི་ནང་སློབ་དཔོན་གྱི་སློབ་སྦྱོང་བྱེད་སྐབས་ངའི་དཔྱ་དངུལ་ལག་དེབ་དང་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར། དེ་མིན་གྱི་ཡིག་ཆ་ཡོངས་རྫོགས་ནང་གི་ཕ་མ་གཉིས་ལ་བཅོལ་བ་རེད། ༡༩༩༧ ལོར་ངས་ཨ་རིའི་ནང་འབུམ་རམས་པའི་སློབ་སྦྱོང་བྱེད་སྐབས། ཨ་རིའི་ནང་དུས་ཡུན་རིང་པོར་སྡོད་དགོས་པས། ཨ་རིའི་བྷོ་སི་ཊོན་བོད་རིགས་ཚོགས་པའི་ནང་དཔྱ་དངུལ་ཕུལ་བ་རེད། དེ་ནས་ངའི་བཟའ་ཟླ་དང་ངེད་གཉིས་ཀས་ཆད་ལྷག་མེད་པར་ས་གནས་འདི་རང་ལ་ཕུལ་བ་རེད། ད་ལྟའི་སྐབས་ང་ཕར་ཚུར་འགྲོ་སྐབས་ལག་དེབ་སེར་པོའི་སྒང་ལ་འགྲོ་ཡི་ཡོད་པས། གནད་དོན་འདིའི་ཐད་ལའང་དཔྱ་དངུལ་ལག་དེབ་དགོས་ཀྱི་ཡོད་པ་རེད། ངའི་རེ་བ་ལ་འཆལ་གཏམ་སྤེལ་མཁན་ཚོས་དོགས་པ་ཡོད་ན། རྡོ་རྗེ་གླིང་གི་རང་བདེན་ཚོགས་ཆུང་དང་། དྷ་སའི་དཔལ་འབྱོར་ལས་ཁུངས། ནེའུ་ཡོག་དོན་གཅོད་ལས་ཁུངས་བཅས་ལ་དོགས་འདྲི་གནང་ན་གསལ་པོ་ཆགས་ཀྱི་རེད་བསམ་གྱི་འདུག ངའི་བཟའ་ཟླ་བོད་རིགས་གཙང་མ་ཡིན་མིན་སྐོར་དེ་ (www.kalontripafortibet.org) ཞེས་པའི་དྲ་གནས་སུ་བཀོད་ཡོད་པ་རེད། ངའི་བཟའ་ཟླ་དབུས་གཙང་ཁུལ་གྱི་བོད་རིགས་གཙང་མ་ཞིག་ཡིན་པ་དང་། ཁོང་མོའི་ཕ་དམ་པ་བོད་ལྷོ་ཁ་ཤག་བྱང་ཚང་དང་། ཨ་མ་ཕག་རི་ནོར་བུ་ཁང་གསར་ཚང་རེད། མོའི་དབུས་སྐད་སོགས་ང་ལས་གཙང་བ་དང་ལེགས་པ་ཡོད།
དྲི་བ། ཁྱེད་རང་ལ་ཁ་གཏད་གཅོག་མཁན་གྱི་ལས་འགུལ་སྤེལ་བཞིན་པར་ཁྱེད་ལ་དགོངས་ཚུལ་ག་རེ་ཡོད་དམ།
ལན། ང་མང་གཙོའི་ལམ་ལུགས་དང་སྨྲ་བརྗོད་རང་དབང་ལ་བརྩི་འཇོག་བྱེད་མཁན་ཞིག་ཡིན། སྨྲ་བརྗོད་རང་དབང་གིས་མང་གཙོའི་ལམ་ལུགས་ལ་ནུས་ཤུགས་སྐྱེད་ཀྱི་ཡོད་པ་དང་། སྐྱོན་འཛུགས་དང་རྒོལ་གཏམ་རྣམས་སྨྲ་བརྗོད་རང་དབང་གི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་རེད། དོན་དངོས་ཐོག་མང་གཙོའི་ལམ་ལུགས་ལ་ནུས་ཤུགས་བསྐྱེད་རྒྱུའི་རྒོལ་གཏམ་དེ། དངོས་ཡོད་གནས་ལུགས་དང་ལྡན་པ་ཞིག་ཡིན་དགོས། ངས་མི་མང་ལ་དངོས་ཡོད་གནས་ཚུལ་དང་རྒྱུ་མཚན་གཞིར་བཞག་ནས། བཀའ་ཁྲིའི་འོས་མི་ཚང་མ་ལ་དཔྱད་ཞིབ་དང་རྒོལ་གཏམ་སྤེལ་དགོས་པར་ནན་བརྗོད་བྱེད་ཀྱི་ཡོད། དེས་ན་མི་མཐུན་ཕྱོགས་ཀྱི་ལས་འགུལ་དེའང་འོས་འགྲན་འདིའི་བརྒྱུད་རིམ་གྱི་ཆ་ཤས་ཆགས་ཀྱི་ཡོད་པ་རེད། གལ་སྲིད་རྒོལ་གཏམ་གང་ཞིག་ལ་གནས་ལུགས་ཡོད་ན་ངས་ཉན་ནས་དོ་སྣང་བྱེད་ཀྱི་ཡོད། གནས་ལུགས་མེད་ནའང་སུན་སྣང་སྐྱེས་ཀྱི་མི་འདུག ང་སྡོད་གནས་ཨ་རིའི་བྷོ་སུ་ཊོན་ལྟ་བུར་མཚོན་ན། ངས་སྤོབས་པ་ཆེན་པོའི་ཐོག་ནས་བརྗོད་ཐུབ་པ་ཞིག་ནི། ང་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་དང་དེའི་ནང་ནས་ལས་ཀྱི་སྣེ་མོ་བ་ཚོ་སྒེར་གྱི་ཐོག་ནས་ཡོང་གི་ཡོད་པ་དང་། ཁོང་རྣམས་ཀྱི་རྒྱབ་སྐྱོར་ཡི་གེ་དྲ་གནས་http://www.kalontripafortibet.org/Boston.aspx འདིའི་ཐོག་བཀོད་ཡོད་པས་སུ་ཞིག་གིས་ཀློག་ན་དགའ་བསུ་ཞུ་རྒྱུ་ཡིན། དེ་བཞིན་བོད་ཀྱི་ཚོགས་པའི་ལས་ཀྱི་སྣེ་མོ་བ་གང་ཟག་སྒེར་ http://bostontibet.org/contact.html འདིའི་སྐོར་འབྲེལ་བ་གནང་ནའང་འགྲིག
དྲི་བ། ཁྱེད་རང་བཀའ་བློན་ཁྲི་པའི་འོས་མིའི་ཐོག་ནས་ས་གནས་གལ་ཆེན་ཁག་ལ་སྐོར་སྐྱོད་གནང་ཡོད་པ་དེ། གཙོ་བོ་གང་གི་ཆེད་དུ་རེད་དམ།
ལན། གནད་དོན་དེ་དག་ལ་ཆ་མཚོན་ན། ང་བཀའ་ཁྲིའི་འོས་མི་ནང་འཛུལ་ཞུགས་ཀྱི་ལས་འགུལ་དང་། དེ་དང་འབྲེལ་ནས་ང་གཞིས་ཆགས་ཁག་དང་། འཛམ་གླིང་འདིའི་ནང་ཡོད་པའི་བོད་ཀྱི་ཚོགས་སྡེ་ཁག་ལ་སྐོར་སྐྱོད་ཕྱིན་པ་རེད། ངས་བོད་མི་རྒན་པ་དང་གཞོན་པ། སྐྱེས་པ་དང་བུད་མེད། དགེ་འདུན་པ་དང་བཙུན་མ་བཅས་མི་མང་གི་ཁྲོད་དུ། བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་འཕེན་འདི་དང་འབྲེལ་ནས་དོ་སྣང་བྱེད་དགོས་པའི་རིགས་ཡོད་པ་དང་། དེའང་ལྷག་བསམ་རྣམ་དག་གི་ཐོག་ནས་བྱེད་དགོས་པ་རེད། དེས་ན་ང་ཚོའི་མང་གཙོའི་ལམ་ལུགས་སྲ་བརྟན་དང་ནུས་ཤུགས་དང་ལྡན་པ་ཞིག་ཆགས་ཀྱི་རེད། དེ་བཞིན་ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་ནུས་ཤུགས་བསྐྱེད་ན། ང་ཚོའི་མང་གཙོའི་ལམ་ལུགས་འདིའི་ནང་གཞན་དག་འཛུལ་ཞུགས་ཡོང་གི་རེད།
དྲི་བ། བཀའ་ཁྲིའི་འོས་མི་ཚོའི་ཁྱབ་བསྒྲགས་ཀྱི་འགྲོ་སོང་གི་ཐད་ལ་སྒྲིག་གཞི་དགོས་སྐོར་སོགས་ཀྱི་བསམ་ཚུལ་བཤད་མཁན་འདུག་པས། ཁྱེད་རང་ལ་འདིའི་ཐད་དགོངས་ཚུལ་དང་འགྲོ་སོང་གི་སྐོར་གསུང་རྒྱུ་ཡོད་དམ།
ལན། སྤྱིར་བཏང་ངའི་ངོས་ནས་ཁྱབ་བསྒྲགས་ཀྱི་འགྲོ་སོང་བཏང་བ་ལ་མཚོན་ན། པར་རིས་སྦྱར་ཡིག་དང་དེབ་ཆུང་། དྲ་རྒྱ་དང་འོད་སྡེར་བཅས་རེད། དེ་དག་བཀའ་ཁྲིའི་འོས་མི་གཞན་དག་གིས་ཁྱབ་བསྒྲགས་གནང་པ་ལྟར་ངས་ཀྱང་བྱས་པ་རེད། ཁྱབ་བསྒྲགས་ཀྱི་ཁ་ཕྱོགས་ལ་འདིའི་རིགས་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་རེད། ངའི་ཁྱབ་བསྒྲགས་ཀྱི་འགྲོ་སོང་གི་ཐད། པར་རིས་དང་དེབ་ཆུང་གཉིས་ཀྱི་སྦྱིན་བདག་མཇུག་ཏུ་བཀོད་ཡོད། དེ་བཞིན་དྲ་རྒྱ་ནི་ང་ལ་རྒྱབ་སྐྱོར་བྱེད་མཁན་དང་བླངས་བ་ཚོས་གསར་བཟོ་བྱས་པ་ཞིག་རེད། འོད་སྡེར་ལ་ཆ་མཚོན་ན། ངས་སཱ་ར་མཐོ་སློབ་ནས་མགོ་བཙུགས་ནས་ནོར་གླིང་མཐོ་སློབ་དང་། མཚན་ཉིད་སློབ་གྲྭ ཧུན་སུར། ཀོ་ལའི་གྷལ། སྦེལ་ཀོབ། མོན་གྷོ་སོགས་སུ་བོད་ཀྱི་ལས་འགུལ་གྱི་གནས་བབས་ཞེས་པ་ནུས་པ་བཅུའི་སྐོར་གཏམ་བཤད་བྱས་སྐབས། མི་མང་གིས་ཡིག་ངག་གཉིས་ཐོག་ནས་ནུས་པ་བཅུ་དེ་ཡིག་ཐོག་ཕབ་པའམ། ཡང་ན་འོད་སྡེར་གྱི་ལམ་ནས་ལྟ་ཐུབ་པ་བཟོས་ན་ཡག་པོ་ཡོད་ལུགས་བརྗོད་པ་ལྟར། ངས་མི་མང་གི་རེ་བ་བཞིན་འོད་སྡེར་བཟོ་རྒྱུ་བྱས་ཏེ། ཨ་རིའི་ནང་གི་ང་རང་གི་ངོ་ཤེས་ཨ་ཅག་ཅིག་ཡོད་པ་དེར་རེ་འདུན་ཞུས་པ་བཞིན་ཁོང་མོས་ནུས་པ་བཅུའི་སྐོར་གྱི་འོད་སྡེར་གཅིག་དང་། རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་བོད་དོན་ལས་འགུལ་སྐབས་བཤད་པའི་གཏམ་བཤད། ཨ་རིའི་གྲོས་ཚོགས་ནང་གི་གཏམ་བཤད་སོགས་འོད་སྡེར་བཟོས་པ་རེད། སྤྱིའི་ཆ་ནས་འོད་སྡེར་དེ་རིན་གོང་ཆུང་ཆུང་རེད། དཔེར་ན། སྤུས་ཀ་སྐྱོ་བ་ལ་ཨ་རིའི་པེ་ཤག་ ༥༠ དང་ཡག་པ་ལ་ཨ་སྒོར་༡ རེད། དེ་བཞིན། ཟླ་རེའི་ནང་བདུན་ཕྲག་གཉིས་གསུམ་ནང་རྟག་པར་ཕྱི་རུ་ཚོགས་འདུ་སོགས་སུ་འགྲོ་ཡི་ཡོད་པས། མཁས་དབང་གི་ཚོགས་འདུ་དང་། ཤེས་ཡོན་སྐོར། བོད་དོན་དང་འབྲེལ་བའི་ཚོགས་འདུ་སོགས་ལ་འགྲོ་སྐབས། ངའི་ལས་ཁུངས་ཧྭ་ཝར་ཌི་རང་ནས་འགྲོ་སོང་གཏོང་གི་ཡོད། ང་རྒྱ་གར་ནང་མང་ཆེ་བ་བོད་དོན་ཚོགས་འདུ་དང་འབྲེལ་ནས་འགྲོ་ཡི་ཡོད་རེད་ལ། ད་ལོའི་ཕྱི་ཟླ་ ༦ ནང་མོན་གྷོ་སོགས་སུ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་འགྲོ་གྲོན་བཏང་བ་རེད། ཟླ་ ༨ པའི་ནང་St. Joseph College ནང་རྒྱ་གར་དང་རྒྱ་ནག བོད་ཀྱི་གནས་བབ་ཞེས་པར་གཏམ་བཤད་ཀྱི་ཆེད་དུ་སོང་བ་རེད། ཟླ་ ༩ པའི་ནང་དྷ་ས་དང་ལྡི་ལི། བདེ་སྐྱིད་གླིང་བཅས་ཀྱི་ནང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་འགྲོ་གྲོན་བཏང་བ་རེད། ཟླ་ ༡༡ པའི་མཇུག་དང་ ༡༢ པའི་ཟླ་འགོར་ཨིན་དྷོ་ནི་ཤ་ཡ་ནང་ཨེ་ཤ་ཡའི་ན་གཞོན་མགོ་འཁྲིད་ཚོའི་ཚོགས་འདུའི་སྐབས་དང་ཁེལ་ཡོད་ལ། དེ་བཞིན་ཉི་ཧོང་ནང་གཙུག་ལག་སློབ་གྲྭ་ཁག་ ༦ ཙམ་གྱི་ནང་བོད་དོན་དང་འབྲེལ་བའི་གཏམ་བཤད་ཀྱི་ཆེད་དུ་འགྲོ་དགོས་པས། ཞོར་ལ་ཀ་རྡོར་སྒང་གསུམ་དང་ཏེ་རྫུ། མེ་ཡོས་བཅས་ཀྱི་ནང་སྐོར་སྐྱོད་བྱས་པ་ཡིན། སྐབས་དེའང་ས་གནས་དེ་དང་དེའི་གཞོན་ནུ་དང་བུད་མེད་ཚོགས་པ་སོགས་ཀྱིས་སྣེ་ལེན་གནང་སྟེ། སྡོད་ས་དང་ཞལ་ལག་བཅས་ལ་འགྲོ་སོང་གང་ཡང་མི་འདུག དེ་དང་འབྲེལ་ནས་རྒྱ་གར་གྱི་ས་ཁུལ་ཁག་ཏུ་ཡར་མར་འགྲོ་སྐབས། ཨ་སྒོར་ ༡༠༠ ཡིས་ཕར་ཚུར་མང་པོ་འགྲོ་ཐུབ་ཀྱི་འདུག སྤྱིར་འོས་མིའི་འགྲོ་གྲོན་གྱི་ཐད་ལ་དབུས་འོས་བསྡུ་ལས་ཁུངས་ཀྱིས་འགན་བཞེས་ནས་སྒྲིག་གཞི་བཟོས་ན། ད་ལྟའི་སྐབས་དེ་འདྲ་ཞིག་རེད་དེ་ཕུགས་ལ་ཕན་གྱི་རེད་དྲན་གྱི་འདུག ཨ་རི་སོགས་དམངས་གཙོའི་རྒྱལ་ཁབ་སྟོབས་ཆེན་སོགས་ལ་འོས་མིའི་འགྲོ་གྲོན་གྱི་སྒྲིག་གཞི་ཡོད་པ་བརྗོད་མི་དགོས་ལ། མཐའ་ན་འབྲུག་རྒྱལ་ཁབ་ཆུང་ཆུང་དེ་ལའང་འོས་མིའི་འགྲོ་གྲོན་གྱི་སྒྲིག་གཞི་ཡོད་པ་རེད།
དྲི་བ། མཐའ་མཇུག་འབོད་སྐུལ་འདྲ་ཡོད་དམ།
ལན། ངས་སྔོན་མ་འོས་ཤོག་མ་ཚར་སྔོན་ལ། གཞིས་ཆགས་ཁག་དང་བོད་མི་ཡོད་སའི་ས་ཁུལ་བརྒྱ་ཆ་ ༧༥ ནང་སྐོར་སྐྱོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་ཞུས་ཡོད་པས། ད་ལྟའི་སྐབས་མང་ཆེ་བར་སྐོར་སྐྱོད་ཟིན་པ་ཡིན། སྐོར་སྐྱོད་ཟིན་པའི་ས་གནས་ཁག་གི་ས་གནས་བུད་མེད་དང་གཞོན་ནུ། དེ་མིན་གྱི་གོ་སྒྲིག་གནང་མཁན་ཚོགས་པ་ཁག དེ་དང་ཕྱོགས་མཚུངས་གང་ཟག་སྒེར་བཅས་ནས་རོགས་རམ་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། རྣམ་པ་ཚོའི་རྒྱབ་སྐྱོར་དེ་དང་འཚམ་པར་ང་ལངས་ཀྱི་ཡོད་པ་དང་། ངས་རང་ཉིད་ཀྱི་ནུས་ཤུགས་ཡོངས་རྫོགས་བཏོན་ནས། ཁྱེད་རྣམ་པའི་རེ་བ་བསྐོང་ཐབས་ཞུ་རྒྱུ་ཡིན་ཞེས་བརྗོད་འདོད་བྱུང་།