ཕྱིར་འཚོང་དངོས་རྫས་ལེགས་ཤོས་ཇི་ལྟར་ཆུད་ཟོས་སུ་གཏོང་བ།
རྒྱ་གར་གྱི་ཕྱིར་འཚོང་དངོས་རྫས་ལེགས་ཤོས་༼སངས་རྒྱས༽ཇི་ལྟར་ཆུད་ཟོས་སུ་གཏོང་བ།
རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་བརྩམས། མཁན་པོ་ཆོས་དབྱིངས་རྡོ་རྗེ་ཡིས་བསྒྱུར།
རྒྱ་གར་འཕགས་པའི་ཡུལ་དང་། ཤྲི་མངའ་ལྡན་གྱི་བལ་པོས་འཛམ་གླིང་འདིའི་གོང་དུ། རིན་པོ་ཆེའི་འབྱུང་ཁུངས་རྣམས་ཀྱི་མཆོག་དུ་གྱུར་པ། སངས་རྒྱས་བཅོམ་ལྡན་འདས། འཇིག་རྟེན་གྱི་ཁམས་ལ་ལེགས་སྐྱེས་སུ་བསྩལ་ཡོད། འོན་ཀྱང་ད་ལྟའི་ཆར། རྒྱ་བལ་གྱི་ངོས་ནས་སྟོན་པའི་བསྟན་པ་ལ་རིན་ཐང་ཙམ་ཡང་འཇོག་ཤེས་ཀྱི་མེད་པ་མ་ཟད། རྒྱ་བལ་གཉིས་ཆར་སྟོན་པའི་འབྱུང་ཁུངས་ཡིན་པའི་རྒྱུ་མཚན་གྱིས་སྤོབས་པ་ཙམ་ཡང་སྐྱེ་ཤེས་པ་མི་སྣང་།
སངས་རྒྱས་རང་ཉིད་སྐུ་བལྟམས་པའི་ཕ་ས་ངོ་མའི་སྤྱི་ཚོགས་ཀྱིས། སངས་རྒྱས་ཀྱི་བསྟན་པ་ལ་མཐོང་ཆུང་དང་། ཁྱད་གསོད་བྱེད་རྒྱུ་དང་། དེ་ཡིས་བསྟན་པའི་ཐབས་དང་ཤེས་རབ་ལ་དྲིན་དྲན་ཙམ་ཡང་མེད་པར་བརྟེན། འཛམ་གླིང་གི་ཁྱད་ནོར་འདི་རྒྱ་བལ་གྱི་སྤྱི་ཚོགས་ནང་དུ་མི་མངོན་པའི་རང་བཞིན་དུ་གྱུར་ཡོད།
སོ་སོའི་ཕ་མེས་ཀྱིས་བཞག་པའི་ནོར་སྐལ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་མཛོད་ལྟ་བུའི་སངས་རྒྱས་ཀྱི་ཆོས་ལུགས་སྣང་མེད་དུ་འདོར་བ་ནི། ཚད་ལས་འདས་པའི་གྱོང་གུད་ཆེན་པོ་ཞིག་ཡིན། རྒྱལ་ཁབ་འདི་ནས་རྒྱལ་ཁབ་གཞན་དག་ལ་འགྲེམ་སྤེལ་ཐུབ་པའི་ཐོན་དངོས། སངས་རྒྱས་ཀྱི་བསྟན་པ་བཞིན་རྒྱང་ཐག་རིང་པོར་ལམ་ལྷོངས་ངང་བསྐྱོད་ཐུབ་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་རིན་ཐང་ཆེན་པོ་དང་གུས་བཀུར་ཚད་མཐོ་ཐོབ་པ་གཅིག་ཀྱང་མེད།
རྒྱ་གར་ནས་རྒྱལ་ཁབ་གཞན་ལ་ཁྱབ་སྤེལ་བྱས་པའི་ཐོན་དངོས་དཔེར་ན། ཡོ་ག་དང་ཁ་ཚའི་ཁུ་བ། འབྲས་བྷ་སི་མ་ཏེ་དང་། བྷོ་ལི་ཝོ་ཌེ་སོགས་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་ཅུང་ཐེབས་ཡོད་ཀྱང་། སངས་རྒྱས་ཀྱི་བསྟན་པ་ལྟ་བུའི་ཤུགས་རྐྱེན་ཆེན་པོ་འདེབས་ཐུབ་མེད། སངས་རྒྱས་ཆོས་ལུགས་ཀྱིས་རྒྱ་ནག་དང་། ཐེ་ལཎ་ཌ། ཝེ་ཐེ་ནམ་དང་། ཉི་ཧང་ལ་སོགས་པའི་སྤྱི་ཚོགས་ཡོངས་ལ་འགྱུར་བ་ཆེན་པོ་བཏང་ཡོད། མ་ཚད་ནུབ་ཕྱོགས་རྒྱལ་ཁབ་རྣམས་ལའང་སྔོན་ཆད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཚ་ཚ་འུར་འུར་དང་མགྱོགས་ཚད་མྱུར་པོས་འཕེལ་རྒྱས་ཕྱིན་ཡོད་པ་དང་། ད་ལྟའང་མུ་འཐུད་ནས་འགྲོ་བཞིན་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ནས་མི་མང་ས་ཡ་མང་པོའི་ཡིད་དབང་འཕྲོག་ཡོད།
ཡ་མཚན་སྐྱེ་འོས་པ་ཞིག་ལ། དེང་དུས་སངས་རྒྱས་ཀྱི་བསྟན་པ་ལ་འཛམ་གླིང་རིལ་པོས་དོ་སྣང་ཤུགས་ཆེན་གང་འདྲ་བྱེད་ཀྱི་ཡོད་ན་ཡང་། སངས་རྒྱས་རང་ཉིད་ཐོག་མར་སྐུ་བལྟམས། བར་དུ་མངོན་པར་རྫོགས་པར་སངས་རྒྱས། མཐར་ཆོས་ཀྱི་འཁོར་ལོ་བསྐོར་སའི་མི་རྣམས་ཀྱིས་ཤེས་རྟོགས་ཐུབ་མེད་ལ། རྒྱ་གར་དང་བལ་པོའི་གཞུང་དམངས་སུ་ལའང་སངས་རྒྱས་དང་སངས་རྒྱས་ཀྱི་བསྟན་པ་ལ་རང་བཞིན་གྱི་དགའ་དད་ཞིག་མེད་པ་མ་ཟད། རྫོགས་པའི་སངས་རྒྱས་སོ་སོའི་རྒྱལ་ཁབ་ནས་ཡིན་ཞེས། སྙིང་གི་ནང་དུ་འཛིན་ཞིང་། སེམས་ཀྱི་དཀྱིལ་ནས་བསམ་མཁན་སུ་ཡང་མེད། གནས་ཚུལ་འདི་ནི་སེམས་ལ་ཤོང་མི་ཐུབ་པ་ཞིག་རེད།
འཛམ་བུ་གླིང་གི་ཁྱད་ནོར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ལ། རྒྱ་གར་དང་བལ་བོས་བལྟ་སྟངས་སྐྱོ་བོ་འདི་འདྲ་ཡོད་པའི་རྒྱུ་མཚན་ནི། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་པ་དང་། སྤྱི་ཚོགས་དམུས་ལོང་གི་ངང་ཚུལ་འཛིན་པ་གཉིས་ཆའི་སྐྱོན་ཆ་རེད། སངས་རྒྱས་ཆོས་ལུགས་ལས་བལ་བོ་བ་རྣམས་དགའ་མོས་བྱེད་ཡུལ་གཅིག་རང་ཡོད་པ་དེ་ནི། གང་གི་ཚེ་གཞན་ཞིག་གིས་སངས་རྒྱས་རྒྱ་གར་དུ་སྐུ་བལྟམས་པ་རེད་ཅེས་བརྗོད་པ་དེའི་ཚེ། སངས་རྒྱས་སྐུ་འཁྲུངས་ས་བལ་ཡུལ་དུ་རེད་ཅེས་ངར་ཤུགས་ཆེན་པོས་གསལ་བཤད་བྱ་རྒྱུ་ལས་གཞན་སངས་རྒྱས་དང་སངས་རྒྱས་ཀྱི་བསྟན་པ་ལ་དགའ་དད་བྱེད་པའི་གནས་ཚུལ་ཞིག་གོ་རྒྱུ་ཐོས་རྒྱུ་ཙམ་ཡང་མེད་ལ། ངོ་མ་བྱས་ན་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་ད་ལྟའི་རྒྱ་གར་དང་བལ་ཡུལ་གང་ཡང་གྲུབ་མེད།
རྒྱལ་ཁབ་འདི་གཉིས་ཀྱི་ཤེས་ཡོན་རྩེར་སོན་རྣམས་ཀྱིས་ཀྱང་། ནང་པ་སངས་རྒྱས་པའི་རིག་གཞུང་ལ་གོ་རྟོགས་སྤེལ་བ་དང་། བཀའ་དྲིན་རྗེས་དྲན། གཅེས་སྐྱོང་བྱེད་རྒྱུར་དོ་སྣང་མེད་པར་བརྟེན། དམུས་ལོང་རང་བཞིན་ཅན་གྱི་སྤྱི་ཚོགས་རྒྱ་བསྐྱེད་དུ་ཕྱིན་ཡོད། དཔེར་ན། ཕྱོགས་མཐའ་ཁག་ནས་ཕེབས་པའི་གནས་སྐོར་བ་རྣམས་ལ་སངས་རྒྱས་ཀྱི་སྐུ་སྤར་དང་། བྷོ་དྷིའི་ཕྲེང་བ་བཙོང་ནས་འཚོ་ཐབས་བཙལ་མཁན་རིགས་དང་། གྲྭ་རྫུན་དང་ཟོག་པོ་མང་པོས། ཡིད་ཆེས་བློས་འཁེལ་བྱེད་མཁན་གྱི་གནས་སྐོར་བའི་གམ་ནས་ཞལ་འདེབས་ཕོན་ཆེན་བསགས་དང་གསོག་བཞིན་པའི་གནས་ཚུལ་མང་པོ་འདི་དག་འབྱུང་གི་ཡོད།
ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་སྣང་ཆུང་བྱེད་པའི་གནས་ཚུལ་འདི་ནི་རྒྱ་གར་གྱི་ས་ཆ་གང་སར་མཐོང་རྒྱུ་ཡོད། དཔེར་ན། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཆོས་འཁོར་དང་པོ་བསྐོར་སའི་གནས་མཆོག་ཝ་ར་ན་སའི་གནམ་ཐང་། གནས་སྐོར་བ་སྟོང་ཚོ་མང་པོ་འགྲུལ་བཞུད་བྱེད་སའི་རྒྱལ་སྒོའི་དེབ་ཁང་དུ། རྒྱ་གར་ཧི་དྷུའི་དཔེ་དེབ་ཀུན་བཏུས་ཕུན་སུམ་ཚོགས་པ་བཞུགས་ཡོད་པའི་དཀྱིལ་དུ། ནང་པ་སངས་རྒྱས་པའི་དེབ་རྐང་གཅིག་ཀྱང་མཐོང་རྒྱུ་མེད་པའི་གནས་ཚུལ་ལྟ་བུ་རེད།
ནང་ཆོས་ལ་མཐོང་ཆུང་བྱེད་པའི་གནས་ཚུལ་འདི་ལ་བརྟེན་ནས། འཛམ་གླིང་འདིའི་གོང་གི་ནང་པའི་གནས་ཆེ་ཤོས། སངས་རྒྱས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་མཆོག་ཁྱད་པར་ཅན། རྡོ་རྗེ་གདན་གྱི་མ་ཧཱ་བྷོ་དྷི་ལྷ་ཁང་དེའང་། ཚོགས་མི་མང་ཆེ་བ་ཧིན་དྷུ་ཡིན་པའི་འཛིན་སྐྱོང་དང་སྟངས་འཛིན་འོག་ལ་གནས་ཡོད། གནས་སྟངས་འདི་ནི་དཔེར་ན། ཡེ་ཤུའི་བླ་ཆེན་པོབ་ཀྱི་གདན་ས་ཝ་ཊི་ཀན་དང་། ཁ་ཆེའི་གནས་མཆོག་མེ་ཁ་ན་ཡོད་པའི་ཀ་བྷ། ཚོགས་མི་མང་ཆེ་བ་ནང་པ་ཡིན་པའི་འཛིན་སྐྱོང་སྟངས་འཛིན་འོག་ཡོད་པ་ལྟ་བུ་དང་། རྗུའུ་ཤིའི་ལྷ་ཁང་ཞིག་ཚོགས་མི་མང་ཆེ་བ་དབྱིན་ཇིའི་ཡེ་ཤུ་གསར་པའི་འཛིན་སྐྱོང་སྟངས་འཛིན་འོག་ལ་ཡོད་པ་ལྟ་བུ་རེད།
རྒྱ་གར་གྱི་ཆོས་ལུགས་དང་མ་འདྲེས་པའི་སྲིད་ཇུས་ཞེས་པ་དང་། རྙོག་དྲ་ཉུང་དུ་གཏོང་ཆེད་དུ་བཟོས་པའི་སྲིད་ཇུས།
མཁྲེགས་འཛིན་དང་རང་ཤེད་ཆེན་པོས་ནང་ཆོས་ལ་སྣང་ཆུང་བྱེད་པའི་གནས་ཚུལ་འདི་ལས་སླ་བོས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་མ་རེད། ད་ལྟའི་ཆར་རྒྱ་གར་ལ་སངས་རྒྱས་པའི་གནས་སྟངས་ཁ་ཤས། དབྱིན་ཇིས་མི་སེར་སྤེལ་བའི་རིང་ལུགས་ཀྱིས་དུས་ཡུན་རིང་པོར་དབང་སྒྱུར་བའི་ལོ་རྒྱུས་ཀྱིས་བཞག་པའི། ཆོས་ལུགས་དང་མ་འདྲེས་པའི་སྲིད་ཇུས་ཞེས་པ་དེ། རྒྱ་གར་གྱིས་རྩ་ཆེན་དུ་བཟུང་ནས། སྲིད་ཇུས་དེ་དང་སོ་སོའི་རྒྱལ་ཁབ་ཀྱི་ཟབ་ཅིང་རྒྱ་ཆེ་བའི་ཆོས་འབྱུང་རྣམས་དང་ཕན་ཚུན་བརྗེས་ཏེ་ལག་ལེན་དུ་བསྟར་བཞིན་པས་ཡིན་སྲིད།
ཉེར་ཆར་བྱུང་བའི་གནས་ཚུལ་ཞིག་དཔེར་མཚོན་དུ་ཞུས་ན། ལོ་དྲུག་བརྒྱ་ལྔ་ཅུའི་སྔོན་ལ་བཙུགས་པའི་ཨོག་སི་ཕོག་སེ་གཙུག་ལག་སློབ་གྲྭ་ཆེན་མོ་ལས་ཀྱང་ཆེས་སྔ་བའི་འཛམ་གླིང་ནས་གཙུག་ལག་གི་སློབ་གྲྭ་ཆེན་མོ་རྙིང་ཤོས་དང་། ལོ་རྒྱུས་སུ་ནང་པའི་གཙུག་ལག་སློབ་གྲྭ་ཆེ་ཤོས་ཡིན་པའི་ནཱ་ལནྜ་བསྐྱར་གསོ་བྱེད་བཞིན་རེད། ནཱ་ལནྜ་བསྐྱར་གཞེངས་ལས་འགུལ་དེའང་འབུམ་རམས་པ་སྐུ་ཞབས་ཨ་མྲ་ཏྲ་ཡ་སན་གྱི་འཛིན་སྐྱོང་འོག་བྱེད་ཀྱིན་ཡོད་རེད།
ཆོས་ལུགས་ལ་སློབ་སྦྱོང་དང་། ཉམས་ལེན་བྱེད་པ་གཉིས་ཀྱི་བར་སྟོང་ཞེས་པའི་སྐུ་ཞབས་སན་གྱི་རྩོམ་ཐུང་དེར་གཟིགས་དང་། ༼ཁོང་གི་རྩོམ་དེ་དྲྭ་ཐག་འདིར་གཟིགས་ཐུབ།”distinction between religious studies and the practice of religion”༽ཆབ་སྲིད་ཀྱིས་བཟོས་པའི་ཆོས་ལུགས་དང་མ་འདྲེས་པའི་སྲིད་ཇུས་ཞེས་པ་ལག་ལེན་ཏུ་བསྟར་ནས། ནཱ་ལནྜའི་གཙུག་ལག་སློབ་གྲྭ་དེར་སྤྱིར་ཆོས་ལ་སློབ་སྦྱོང་དང་། ཁྱད་པར་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་ཉུང་ངུར་གཏོང་འཆར་ཡོད་པ་གསལ་པོ་རེད། སྐུ་ཞབས་སན་གྱིས་ན་ལེན་ཌའི་སྐོར་གྱི་རྩོམ་ཞིག་ཀྱང་བྲིས་ཡོད། ཡིན་ནའང་གཙུག་ལག་སློབ་གྲྭ་ཆེན་མོ་འདི་ནང་པ་སངས་རྒྱས་པའི་ཡིན་ཚུལ་ཚིག་གཅིག་ཀྱང་བཤད་མེད།
རྒྱ་གར་གྱིས་ན་ལེན་ཌ་འདི་སོ་སོའི་ཕ་མེས་ཀྱིས་བཞག་པའི་ལོ་རྒྱུས་ཅན་གྱི་ཁྱད་ནོར་ཞིག་ཡིན་ཞེས་བཤད་ནའང་། རྒྱ་ཆེ་ལ་གཏིང་ཟབ་པའི་ཚད་མཐོའི་རྣམ་དཔྱོད་ལྡན་པའི་རིག་གཞུང་བཟང་པོ། རང་གི་ཕ་མེས་ཀྱིས་ཤུལ་བཞག འཛམ་གླིང་དུ་ལེགས་སྐྱེས་སུ་གནང་པ་དེ་དང་རྩ་བ་ནས་མ་བསྟུན་པར། དངོས་གཙོ་སྨྲ་བ་དང་། འཇིག་རྟེན་གཙོ་འཛིན་རིང་ལུགས། ཆོས་ལུགས་ལ་རིན་ཐང་མེད་པར་བལྟ་བའི་ནུབ་ཕྱོགས་པའི་ལུགས་སྲོལ་བཞིན་ལག་བསྟར་བྱེད་ཀྱིན་འདུག དཔེར་ན། རྒྱ་གར་རྒྱལ་ཁབ་འདི་འཛམ་གླིང་འདིའི་ཐོག་གི་རང་དབང་ཡོད་པའི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་ཞེས་སྤོབས་པ་ཆེན་པོས་སྒྲོག་གི་ཡོད་ཀྱང་། མི་མང་ཆེ་བས་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ལུགས་དེ་ཅི་ཞིག་ཡིན་པའང་ཤེས་ཀྱི་མེད། དྲང་པོར་ཞུས་ན། རྒྱ་གར་གྱི་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ནང་ལ། སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ལུགས་ཤེས་མཁན་ལས་མ་ཁེ་སི་དང་མ་ཁེ་སིའི་རིང་ལུགས་ཤེས་མཁན་ཏན་ཏན་མང་གི་རེད།
ནུབ་ཕྱོགས་པའི་ཆབ་སྲིད་ཀྱིས་བཟོས་པའི་ཆོས་དང་མ་འདྲེས་པའི་སྲིད་ཇུས་ཞེས་པའི་མཚན་བྱང་དེ་ནཱ་ལནྜའི་གྱང་གོག་ཞིག་རོའི་སྒོ་འགྲམ་དུའང་མཐོང་རྒྱུ་ཡོད། གྱང་ཤུལ་ཞིག་གང་འདྲ་རེད་ཅེ་ན། ཕྱི་ལོ་ ༡༡༩༣ ལ། རིན་ཐང་བྲལ་བའི་གཙུག་ལག་བཤད་གྲྭ་ཆེན་མོ་དང་། སངས་རྒྱས་ཀྱི་གསུང་རབ་བཞུགས་པའི་གཙུག་ལག་ཁང་མང་པོ་ཞིག་ཁ་ཆེའི་གཞུང་ལུགས་ཀོ་རན་འཇོག་ས་མིན་པ་རྒྱུ་མཚན་དུ་བྱས་ནས། ཁ་ཆེ་བ་རྣམས་ཀྱིས་རྩ་བརླག་བཏང་ཤུལ་ཡིན་པ་རྒྱ་གར་གྱི་ལོ་རྒྱུས་ཞིབ་འཇུག་པས་ཤེས་ཀྱང་། ཇི་བཞིན་སྨྲ་མ་ཕོད་ནས་ལུས་པའི་གྱང་ཞིག་རེད། དེ་བཞིན་དུ་རྒྱ་གར་གཞུང་ངོས་ནས་ཀྱང་བདེན་དོན་གྱི་གནས་ཚུལ་སྦས་ཏེ། འདི་ནི་བྷ་ཁ་ཏྲེ་ཡར་ཁིལ་ཛྙེ་ཞེས་པའི་མི་ཞིག་གིས་ནཱ་ལནྜའི་གཙུག་ལག་སློབ་གྲྭ་ཆེན་མོ་རྩ་གཏོར་བཏང་བའི་གྱང་ཤུལ་རེད་ཅེས་ནང་པའི་གནས་སྐོར་བ་རྣམས་ལ་ངོ་སྤྲོད་བྱེད་དགོས་པའི་བཀོད་མངག་བྱེད་སའི་གྱང་ཞིག་རེད།
བདེན་དོན་དང་ལོ་རྒྱུས་ཁུངས་ཡོད་རྣམས་བཅོས་མའི་རྫུན་གྱིས་བསྒྲིབ་ཅིང་། དོན་དངོས་ཀྱི་ལོ་རྒྱུས་དང་མི་མཐུན་པའི་བསྲེ་སླད་ཀྱི་གནས་བཤད་འདི་འདྲས་སུ་དང་ཅི་ཞིག་ལ་ཁེ་ཕན་མེད་པའི་ཚབ་ཏུ་དངོས་བྱུང་གི་ལོ་རྒྱུས་སྦས་སྐུང་ཅི་ནུས་དང་། བདེན་དོན་རྣམས་ཁས་ལེན་མི་བྱེད་པའི་གནས་ཚུལ་འདིས་མཐར་ལྷུང་དྲག་སྤྱོད་རིང་ལུགས་རྒྱ་བསྐྱེད་དུ་གཏོང་གི་ཡོད། དཔེར་ན། འཚེ་བ་མེད་པའི་རིང་ལུགས་ཀྱི་སྲོལ་རྒྱུན་ཅན་གྱི་འབར་མའི་ནང་པས། རྒྱལ་ཁབ་དེར་གྲངས་ཉུང་མི་རིགས་ཡིན་པའི་ཁ་ཆེ་པ་རྣམས་ལ། དྲག་ཤུལ་རྩུབ་སྤྱོད་ཀྱིས་འཚེ་བའི་མནར་གཅོད་གཏོང་བཞིན་པའི་གནས་ཚུལ་ལྟ་བུ་རེད།
གལ་སྲིད་ནེའུ་ཡོག་ཏུ་སྲིད་གཞུང་དང་མཁས་པའི་ལྷན་ཚོགས་ཀྱིས། ཇར་མན་ཧི་ཐི་ལར་གྱིས་རྗུའུ་མི་རིགས་རྩ་མེད་གཏོང་འཆར་གྱི་སྲིད་ཇུས་དང་། བྱ་འཛོལ་གྱི་ལོ་རྒྱུས་རིགས་སྦས་སྐུང་འཐེན་འཕྲི་བྱེད་པའི་ལག་སྟར་བྱས་ན། རྗུའི་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་མི་རྣམས་ཀྱིས། ཁོང་ཁྲོ་ཆེན་པོས་སྐྱོན་འཛུགས་གྱེན་ལངས་གང་འདྲ་ཞིག་བྱེད་རྒྱུ་རེད་བསམ་བློ་ཞིག་ཐོངས་དང་། དེ་བཞིན་དུ། གལ་སྲིད་གཞུང་གི་ལས་བྱེད་རྣམས་དང་། མཁས་པ་རྣམས་ཀྱིས་དབྱིན་ཇིས་རྒྱ་གར་ལ་བྱ་འཛོལ་བཤུ་གཞོག་བྱས་པའི་འདས་པའི་ལོ་རྒྱུས་རྣམས་ཉུང་འཕྲི་གཏང་ན། རྒྱ་གར་མི་མང་གིས་དེ་ལ་རྒོལ་ལན་ཅི་འདྲ་ཞིག་བསློག་སྲིད་པར་ཐུགས་བསམ་ཞིག་བཞེས་དང་། རྒྱུ་མཚན་དེས་ན་མཁས་པ་རྣམས་དང་། གསར་འགོད་པ། རྟོགས་ཞིབ་པ། ཕུལ་བྱུང་གི་ཆེད་ལས་པ་རྣམས་ཀྱིས། རྒྱ་གར་དང་། ཨ་ཕི་གྷ་ནེ་སི་ཐན་ནང་གི་སྐུ་འདྲ་དང་། སངས་རྒྱས་ཀྱི་ཆོས་ལུགས། ཁ་ཆེ་བས་ཇི་ལྟར་གཏོར་བརླག་བྱས་པའི་གནས་ཚུལ་རྣམས་སྦས་སྐུང་འཕྲི་འཐེན་མེད་པར་བདེན་དོན་ཇི་བཞིན་བཤད་ན་འཛམ་གླིང་ཧྲིལ་པོ་ཞི་བདེ་དང་འཆམ་མཐུན་ཡོང་བར་ཁེ་ཕན་ཆེ།
རྒྱ་གར་དང་ནུབ་ཕྱོགས་པའི་བཟོད་གསོལ་ཞུ་མཛད་རྣམས་ཀྱིས། ཁ་ཆེས་འཁྲུག་རྩོད་དང་འཇིགས་སྐུལ། དེ་བཞིན། དངངས་སྐྲག་ཇི་ལྟར་སྐྱེས་བཅུག་ཀྱང་། ཆོས་ལུགས་དམག་གིས་གཞན་དག་གཏོར་བརླག་བྱས་པའི་ལོ་རྒྱུས་མང་པོ་ཡོད་པ་སྟེ། དཔེར་ན། ཡེ་ཤུའི་ཆོས་ལུགས་པས་ཁོང་ཚོའི་སྟོན་པའི་འཁྲུངས་ཡུལ་ལེན་ཆེད་དུ་བརྒྱབ་པའི་དམག་འཁྲུགས་ The Crusades ཟེར་ཅིང་། སངས་རྒྱས་པ་གཅིག་པུས་ཚུར་འཁྲུག་རྩོད་རྡུང་རྡེག་བྱས་པར། ཕར་ཡ་ལན་དུ་འཚེ་མེད་ལམ་ལུགས་ལག་བསྟར་བྱས་པ་རེད་ཟེར་ནས་བསྟོད་བསྔགས་བག་ཙམ་རེ་བྱེད་ཅིང་། ཁ་ཆེ་བར་བཟོད་སྒོམ་གོང་འཕེལ་གཏོང་བའི་གོམས་གཤིས་ཤིག་འཇགས་བཞིན་པ་རེད།
འདི་ལྟ་བུའི་བཟོད་པ་ལྟར་སྣང་ནི། ལོག་ལམ་དུ་ཁྲིད་པའི་ཆབ་སྲིད་ཀྱི་རྣམ་འགྱུར་ཞིག་ལས་བཟོད་སྒོམ་ངོ་མ་ཞིག་དང་། འཁོན་འཛིན་མེད་པའི་བློ་རྒྱ་ཡངས་པོ་ཞིག་མིན། དཔེར་ན། སྡུག་རྩུབ་ཆེན་པོས་རྒོལ་བརྡུང་ཤུགས་དྲག་བྱས་པའི་མི་ཞིག་ལ། ནག་ཉེས་ཀྱི་གནས་ཚུལ་ངོ་མ་བསྒྲིབ་ཕྱིར་དུ། ལན་མ་སློག་པར་བསྟོད་བསྔགས་ཆེ་ཐག་ཆོད་ཅིག་བྱས་ཤིང་། འཁོན་ལེན་མི་སློག་པའི་ཐབས་སུ་བློ་ཁ་གཞན་དུ་བསྒྱུར་བའི་བསླུ་ཁྲིད་བྱས་ན་གནས་ཚུལ་དེ་ཅི་འདྲ་ཞིག་རེད་མནོ་བསམ་ཞིག་ཐོངས་དང་།
དེས་ན་དངོས་བྱུང་གི་གནས་ཚུལ་ཇི་བཞིན་དང་། བཙན་རྒོལ་བྱེད་གཏེ་སུ་ཡིན་བདེན་པར་བཤད་ན། ནང་པ་སངས་རྒྱས་པའི་ལུགས་ལྟར་ན། ཤེས་རབ་དང་ཁ་མ་བྲལ་བའི་བྱམས་པ་དང་སྙིང་རྗེ་བཅོས་མ་མ་ཡིན་པ་སྐྱེ་བའི་རྒྱུ་རྐྱེན་འགྱུར་བ་མ་ཟད། དྲངས་བདེན་གྱི་ལོ་རྒྱུས་ཇི་བཞིན་བཤད་པས་ཕན་ཚུན་འཁོན་ལན་དང་རྒོལ་ལན་སློག་འདོད་ཀྱི་ཤུགས་དྲག་ཀུན་སློང་ཆུང་ངུར་གཏོང་ཞིང་། འཚེ་མེད་ལམ་ལུགས་ཀྱིས་འཚེ་བའི་གདོང་ལེན་བྱེད་ནུས་པའི་སྙིང་སྟོབས་དང་། སེམས་དཔའ་ཆེན་པོའི་རང་བཞིན་རྣམས་གསལ་པོར་བསྟན་གྱི་རེད། དེ་ལྟར་བྱས་ན་རྒྱ་གར་གྱིས་རང་བཙན་རྩོད་ལེན་གྱི་འཐབ་རྩོད་བྱས་པའི་ཚེ། དབྱིན་ཇིས་རྒྱ་གར་ལ་གདུག་རྩུབ་བྱ་འཛོལ་བྱས་རིགས་ཀུན་སྦས་སྐུང་ཅུང་ཟད་མེད་པར་གསལ་པོར་བསྒྲགས་མཛད་པའི་མ་ཧ་གྷནྡྷེ་རྗེའི་ཆེ་བའི་ལམ་སྲོལ་དང་། འཇིགས་དངངས་དང་བྲལ་བའི་ཡང་དག་པའི་འཚེ་མེད་ཞི་བདེའི་ལམ་ལུགས་ངོ་མ་དེ་ཆགས་ཐུབ།
ཡིད་ཕམ་སྐྱེ་ངེས་པ་ཞིག་ལ། ཧིན་དྷུ་དང་ཁ་ཆེས་ནང་པ་སངས་རྒྱས་པའི་ཆོས་ལུགས་རྩ་རླག་བཏང་བའི་གནད་དོན་གྱི་སྐོར་ལ། རྒྱ་གར་རྒྱལ་ཁབ་བློ་ཁོག་ཆུང་དྲགས་ཤིང་། འཇིགས་དངངས་ཆེ་དྲགས་པའི་བསམ་བློ་གུ་དོག་པོས་བཟོས་པའི་སྲིད་ཇུས་ཐབས་སྡུག་ཅིག་ལག་བསྟར་བྱེད་ཀྱིན་འདུག བྱེད་སྟངས་འདིས་འཚེ་མེད་ཞི་བདེའི་ལམ་ལུགས་ལ་ལེགས་སྐྱེས་འབུལ་རྒྱུ་དང་། དེ་ལ་སྲུང་སྐྱོབ་བྱེད་མ་ཐུབ་པར་བག་ཏུ་ལུས། འཚེ་བ་དང་འཇིགས་སྐུལ་རིང་ལུགས་ལ་ཤུགས་སྣོན་བྱེད་ཀྱིན་ཡོད། རྒྱལ་ས་ལྡི་ལིའི་གནམ་ཐང་ལ་རྒྱ་གར་གཞུང་ངོས་ནས། ཁ་ཆེ་བ་རྣམས་ལྷོ་ཨ་རབ་རྒྱལ་ཁབ་ལ་ཧཱ་རྗེའི་གནས་སྐོར་འགྲོ་སའི་བབས་ཚུགས་དམིགས་བསལ་ཞིག་ཆེད་དུ་བཙུགས་ཡོད་ཀྱང་། ནང་པ་སངས་རྒྱས་པའི་གནས་སྐོར་བ་ལ་དེ་དང་ཕྱོགས་མཚུངས་པའི་རོགས་རམ་དང་རྒྱབ་སྐྱོར་གྱི་དྲི་ཙམ་ཡང་མེད།
རྒྱ་གར་ནང་ཁུལ་དུ་ཆོས་ལུགས་གཉིས་ཁོ་ན་གལ་ཆེན་དུ་ཆགས་ཡོད།
དེ་ལྟར་ནའང་། ཆོས་ལུགས་དང་མ་འདྲེས་པའི་སྲིད་ཇུས་གཅིག་པུར་བརྟེན་ནས་རྒྱ་གར་གྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་སྣང་ཆུང་བག་མེད་བཟོས་པ་རེད་ཅེས་བཤད་མི་ཐུབ་པ་ནི། ད་ལྟའི་ཁ་ཆེ་དང་ཧིན་དྷུའི་བར་ལ་སེམས་ཚོར་རྐྱེན་པོ་ཅན་གྱི་འགལ་ཟླ་འབྱུང་བཞིན་པ་འདིས་དཔང་པོ་བྱས་ཡོད། དཔེར་ན། ཝ་རཱ་ཎ་སི་ལ་ཡོད་པའི་ཁ་ཆེའི་ཆོས་ཁང་ཛྙན་ཝ་པིས་ཞེས་པས་ཧིན་དྷུའི་གནའ་བོའི་ལྷ་ཁང་གི་ས་ཆ་བདག་པའི་རྒྱུ་མཚན་གྱིས་ཧིན་དྷུ་བ་རྣམས་ཁོང་ཁྲོ་ཆེན་པོ་བསླངས་ཡོད་ལ། ཧིན་དྷུ་བས་ཧིན་དྷུའི་ལྷ་ཁང་གཞེངས་བའི་ཆེད་དུ་ཨཱ་ཡུ་དྷ་ཡ་ལ་ཡོད་པའི་ཁ་ཆེའི་ཆོས་ཁང་བྷབ་རིས་དེ་གཏོར་གཤིགས་བྱས་པ་རེད། དེ་དང་དུས་མཚུངས་པར་བྷང་གྷ་ལ་དང་། ཁྱིམ་མཚེས་བྷང་ལ་དྷེ་ཤི་དང་། པཱ་ཀི་སི་ཏན་ལ་ཡོད་པའི་ཁ་ཆེ་བ་རྣམས་ཀྱིས་ཧིན་དྷུའི་ལྷ་ཁང་མང་པོར་བཙན་རྒོལ་དང་གཏོར་བཤིགས་ཡང་ཡང་བྱས་པ་རེད།
དེ་ལྟ་ནའང་ད་དུང་ཧིན་དྷུ་བ་རྣམས་ལ་གནང་འགྱོད་དང་ངོ་ཚ་གང་ཡང་མེད་པར། ནང་པ་སངས་རྒྱས་པའི་རྩ་ཆེ་ཤོས་ཀྱི་གནས་ཆེན། རྫོགས་པའི་སངས་རྒྱས་མངོན་པར་རྫོགས་པར་བྱང་ཆུབ་པའི་གནས་མཆོག་ཁྱད་པར་ཅན། རྡོ་རྗེ་གདན་འདི་ནང་པ་སངས་རྒྱས་པ་ལ་འཛིན་སྐྱོང་བྱེད་མི་བཅུག་པར། རྡོ་རྗེ་གདན་གྱི་བདག་པོ་དངོས་འབྲེལ་བྱས་ན་ནང་པ་སངས་རྒྱས་པ་ཡིན་པའི་ལོ་རྒྱུས་རྨང་ནས་འགེབས་གཡོག་བྱེད་ཅི་ཐུབ་མཛད་ཀྱི་ཡོད། བྱ་འཛོལ་གྱི་གནས་ཚུལ་འདི་ནི། ནང་པ་སངས་རྒྱས་པ་ལ་མཚོན་ན། ཁ་ཆེའི་གནས་ཆེན་མེ་ཁའི་བདག་པོ་ཁ་ཆེ་བ་ཡིན་པའི་གནས་ཚུལ་འགེབས་གཡོག་བྱས་པ་དང་གཅིག་མཚུངས་ཡིན། འདི་ནི་ཆོས་ལུགས་དང་མ་འདྲེས་པའི་ཆབ་སྲིད་ཀྱི་རོལ་པ་ཙམ་མ་ཡིན་པ། གྱོན་ཆས་ལི་ཁྲིའི་མདངས་ཅན་དང་། ལྗངས་ཁུའི་མདོག་ཅན་གྱི་ཆོས་ལུགས་གང་གི་རྗེས་སུ་འབྲངས་ཀྱང་མཐའ་གཏུགས་ན་རྒྱ་གར་ནང་ཁུལ་དུ་ཆོས་ལུགས་ལ་སྟོབས་ཤུགས་དང་ནུས་པ་ཆེན་པོ་ཡོད་དགོས་ན། ཁྲེགས་འཛིན་དང་དྲགས་ཤུལ་གྱི་ལས་འགུལ་མེད་ན་ཐབས་མེད་ཡིན་པ་བསྟན་པ་འདྲ།
རྒྱ་གར་དུ་ནང་པ་སངས་རྒྱས་རྐྱེན་ལམ་དུ་བཏང་བ་ནི་ཧིན་དྷུ་དང་ཁ་ཆེ་གཉིས་ཆར་ལ་བརྟེན་ནས་བྱུང་བའི་གནས་ཚུལ་ཞིག་རེད་ལ། ནང་པ་རྩ་མེད་བཏང་བའི་ལས་འགུལ་ནི་ཧིན་དྷུ་བས་འགོ་བཙུགས་ཤིང་ཁ་ཆེ་བས་འཇུག་བསྡུས་པ་ཞིག་རེད། དཔེར་ན་དུས་རབས་ལྔ་བ་ནས་བཟུང་བྲམ་ཟེའི་ཆོས་ལུགས་ཀྱི་གནོད་ཤུགས་འོག་ནང་པའི་དགོན་པ་མང་པོ་ཞིག་ཧིན་དྷུ་བའི་མཆོད་གནས་སུ་བསྒྱུར་བ་དང་། ཕྱིས་སུ་ཁ་ཆེ་བ་བཙན་འཛུལ་བྱས་ཏེ་ཧིན་དྷུ་ལ་བསྒྱུར་མ་ཟིན་པའི་ལྷག་མར་ལུས་པའི་ནང་པའི་དགོན་གནས་གང་ཡིན་ཐམས་ཅད་རྩ་མེད་བཏང་བ་ལྟ་བུ་རེད།
གནའ་དུས་ནང་བསྟན་གྱི་ཤུལ་བཞག ནང་པ་སངས་རྒྱས་པའི་ཐོབ་སྐལ། གནས་ཆེན་རྡོ་རྗེ་གདན་སོགས་དེང་དུས་ཧིན་དྷུ་བས་འཛིན་སྐྱོང་དང་སྟངས་འཛིན་བྱེད་བཞིན་ཡོད་པ་ནི། ཧིན་དྷུ་བཙན་ཤེད་རིང་ལུགས་ཀྱིས་ནང་པའི་གནས་ཆེན་རྣམས་བཙན་པོས་བདག་སྐྱོང་བྱེད་པ་མཚོན་པ་གཅིག་པུར་མ་ཡིན་པ། རྒྱ་གར་གྱི་རྩ་ཁྲིམས་ཀྱིས་ཀྱང་གནས་དོན་ངོ་མ་འགེབས་གཡོག་བྱེད་ཀྱི་ཡོད་པའི་དཔང་རྟགས་གསལ་པོ་རེད། །རྩ་ཁྲིམས་ལེ་ཚན་༢༥ པ་ལའང་། “ཧིན་དྷུ་ལ་ཁུངས་ཐུག་པ་རྣམས་ཧིན་དྷུའི་ནང་ལ་ཚུད་ཀྱི་ཡོད་པ་སྟེ་དཔེར་ན་གཅེར་བུ་པ་དང་། སིཀ དེ་བཞིན་ནང་པ་ཡིན་བསམ་མཁན་གྱི་གང་ཟག་སུ་ཡིན་ནའང་ཧིན་དྷུར་འདུས་པའི་འགྲེལ་བཤད་རྒྱག་པ་དང་། ཧིན་དྷུ་ལ་ཁུངས་གཏུགས་པའི་ཆོས་ལུགས་རྣམས་ཧིན་དྷུའི་སྡེ་ཚན་དུ་གནས་ཚུལ་དང་བསྟུན་ནས་འགྲེལ་བཤད་བསྐྱོན་དགོས་”ཞེས་པ་འདིས་གསལ་བཤད་བྱས་ཡོད་རེད།
སྔོན་དུས་གནས་ཚུལ་གང་བྱུང་ན་བྱུང་། དེང་དུས་ཡིད་ཕམ་དགོས་པའི་དངོས་བྱུང་གི་གནས་ཚུལ་ཞིག་ནི། རྒྱ་གར་དང་བལ་ཡུལ། དེ་བཞིན་བྷི་ཧ་རིའི་མངའ་སྡེའི་ནང་དུ། སངས་རྒྱས་ཀྱི་བསྟན་པ་དང་སྟོན་པར་གུས་འདུད་དང་མཆོད་བཀུར་གྱི་ཆེད། ལོ་ལྟར་གནས་སྐོར་བ་བརྒྱ་སྟོང་མང་པོ་ཡོང་བཞིན་པ་ལ། རྒྱ་གར་གཞུང་དམངས་གཉིས་ཆར་གྱི་ངོས་ནས། སྣེ་ལེན་བྱེད་སྟང་ཧ་ཅང་ཐབས་སྐྱོ་བོ་ཡིན་པའི་མིང་གྲགས་ངན་པ་ཞིག་གང་སར་ཁྱབ་བཞིན་པ་ལྟར། དོན་དངོས་ལའང་ཆེས་མཐོའི་གཞུང་འཛིན་དབུ་ཁྲིད་ནས་བཟུང་། དམའ་བའི་ལམ་འགག་ཏུ་སློང་མོས་འཚོ་བ་ཡན་གྱིས། ས་ཐག་རིང་པོ་ནས་ཕེབས་པའི་གནས་སྐོར་བའི་རྩར་ནས། བསམ་གྱི་མི་ཁྱབ་པའི་གནས་ཚུལ་གྱི་འོག ཚད་ལས་འདས་པའི་དངུལ་དངོས་ལོན་པའི་ཐབས་འཕྲུལ་ལས། སྣེ་ལེན་བཟང་པོ་ཞིག་བྱེད་འདོད་པའི་རྟགས་མཚན་ཙམ་ཡང་མངོན་རྒྱུ་མེད།
ནཱ་ལནྜ་དང་། ཝ་ར་ན་སི། རྡོ་རྗེ་གདན་སོགས་ཀྱི་གནས་སྟངས་ཐབས་སྡུག་འདི། དངོས་གནས་བྱས་ན། ཕྱི་རོལ་པ་ཁོ་ནར་སྐྱོན་འཛུགས་དང་། ལེན་ཁག་དཀྲི་རྒྱུ་མེད། ང་ཚོའི་ཐེག་ཆེན་མཆོག་འཛིན་རིང་ལུགས་དང་། གནས་གཏན་སྡེ་བ་མཁྲེགས་འཛིན་རིང་ལུགས་བ་རྣམས་ཀྱིས་སོ་སོའི་འཁོར་ཡུག་ཅིག་སྐྲུན་ཅིང་། དེ་འཛིན་སྐྱོང་བྱ་བར་མགོ་འཐོམས་ནས་སྡད་ཡོད། དཔེར་ན་རྡོ་རྗེ་གདན་གྱི་ཉེ་སྐོར་ན་ཡོད་པའི་ནང་པའི་དགོན་སྡེ་རྣམས། གནས་དོན་ཆུང་ཆུང་ཆུ་འཐེན་པ་དང་གློག་འཛུགས་དགོས་པ་འདྲ་བྱུང་ན་མ་གཏོགས། གཞན་གྱི་གལ་ཆེའི་གནས་དོན་ཅི་འདྲ་ཞིག་ཡོད་ཀྱང་མཉམ་འཛོམས་དང་ཆིག་སྒྲིལ་གྱི་ནུས་ཤུགས་འདོན་རྒྱུ་ནི་ཉིན་མོའི་སྐར་མ་ལྟར་རེད།
སངས་རྒྱས་པའི་རྗེས་འཇུག་ཐུན་མོང་གི་གཅེས་ནོར་གསུང་རབས་རྣམས་དང་། སྒོམ་དང་ཉམས་ལེན། ཆོ་ག་དང་ཆོས་སྤྱོད། དུས་ཆེན་རྗེས་དྲན་རྣམས་ཕན་ཚུན་སློབ་སྦྱོང་བྱེད་རེས་ཀྱིས་ཐུན་མོང་དུ་སྤྱོད་དགོས་རྒྱུ་ཡིན་ནའང་། དེ་མེད་པའི་ཚབ་ཏུ། སོ་སོའི་ཆོས་རྒྱུད་དེ་བཟང་སར་བསྒྲག་རྒྱུར་གཙོ་བོར་དམིགས་ཤིང་། ཆོས་རྒྱུད་གཞན་གྱི་སྐུ་རིམ་ཞབས་བརྟན་གསོལ་སྨོན་རྣམས་ཟིལ་གྱི་མནོན་ཐབས་སུ། དམིགས་གསལ་གྱི་ཞབས་རིམ་དང་། གསོལ་སྨོན་དག་འུར་སྒྲ་ཟིང་ཆ་གཅིག་ལས་གཅིག་ཆེ་དང་། དུང་ཆེན་འབུད་པ། རྒྱང་གྲགས་ཤུགས་ཆེན་གཏོང་རྒྱུ་ལ་མགོ་བོ་འཁོར་ནས་སྡད་ཡོད།
ངས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ལ་རྒྱ་གར་གྱིས་གཟིགས་སྐྱོང་བྱ་སྟངས་ཐབས་ཧ་ཅང་སྐྱོ་བོ་ཡིན་པའི་སྐྱོན་བརྗོད་བྱེད་ཚེ། སྒེར་གྱི་ཧིན་དྷུའི་གྲོགས་པོ་རྣམས་ཀྱིས། ནང་ཆོས་ནི་ཧིན་དྷུའི་བསྟན་པའི་བྱེ་བྲག་རེད་ལ། སངས་རྒྱས་ཤཀྱ་ཐུབ་པ་ནི་ཁྱབ་འཇུག་གི་འཇུག་པ་ཞིག་རེད་ཟེར་ནན་བརྗོད་བྱེད་ཀྱིན་འདུག ནང་པ་སངས་རྒྱས་པ་འདི་ཧིན་དྷུའི་ཆ་ཤས་མིན་ཚུལ་ལྟ་གྲུབ་ཀྱི་སྒོ་ནས་བཤད་མ་དགོས་པར། མི་སེར་སྐྱུས་མ་དང་། སྤྱི་ཚོགས་ནང་གི་འཆར་ཅན་རྒྱུན་ཤེས་ཀྱི་ལུགས་སྲོལ་ལ་ལྟོས་ནའང་། ཧིན་དྷུ་བ་ལ་རྒྱལ་ཁ་དང་། ཁེ་སོང་གང་དགོས་ཚང་མ་ཐོབ་པ་དེ་ལས་ཁེ་ཕན་ཏིལ་འབྲུ་ཙམ་ཡང་ནང་པ་སངས་རྒྱས་པ་ལ་སྤྲད་ཀྱི་མེད་པས། ནང་ཆོས་ཧིན་དྷུའི་བསྟན་པའི་བྱེ་བྲག་ཡིན་ཞེས་པ་དང་། སངས་རྒྱས་ཁྱབ་འཇུག་གི་སྤྲུལ་པ་ཡིན་ཟེར་བའི་རྩོད་པ་དེ་ནི་གྱ་ཚོམ་དུ་སྨྲས་པ་ཡིན་པར་ཤེས་ཐུབ།
རྒྱ་གར་གྱིས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་སྣང་མེད་དུ་དོར་བ་ནི། རྒྱ་གར་གྱི་གུན་གསབ་མི་ཐུབ་པའི་གྱོང་གུད་ཆེ་ཤོས་ཞིག་ཡིན།
ཚོང་འབྲེལ་དང་། ཆབ་སྲིད། རྒྱལ་ཁབ་ཀྱི་ཆེ་མཐོང་། ཐོན་དངོས་ཕྱིར་འདྲེན་གྱི་གོ་སྐབས་དང་། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སོགས་འཇིག་རྟེན་གཙང་མའི་སྒོ་ནས་ཡིན་ནའང་རེད། ཆོས་ལུགས་ཁོ་ནའི་ཐོག་ནས་བཤད་པ་ཡིན་ནའང་རེད། གནས་ཚུལ་གང་གི་ཐོག་ནས་བལྟས་པ་ཡིན་ན། རྒྱ་གར་རང་གི་ཕ་མེས་ཀྱི་ཤུལ་བཞག་ནང་པ་སངས་རྒྱས་པའི་ཆོས་ལུགས་སྣང་མེད་དུ་དོར་བ་ནི། རྒྱ་གར་གྱི་གུན་གསབ་མི་ཐུབ་པའི་གྱོང་གུད་ཆེ་ཤོས་ཞིག་རེད། །
ཆོས་ལུགས་དང་གཏན་ནས་མ་འདྲེས་པ། འཇིག་རྟེན་གྱི་ཚོང་འབྲེལ་གཙང་མའི་སྒོ་ནས་མནོ་བསམ་ཞིག་བཏང་ན། ལུམ་བཱི་ནི་དང་རྡོ་རྗེ་གདན་ལ། གསེར་གྱི་གཏེར་ཁ་ཞིག་གི་ཁེ་ཕན་དང་ནུས་པ་ཏན་ཏན་མངའ། ཉེར་ཆར་ང་རང་རྡོ་རྗེ་གདན་ལ་སྡོད་ཡུན་ཐུང་ངུའི་ཚེ། ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་མཐོན་པོ་གཉིས་ཐམ་པ་རྡོ་རྗེ་གདན་ལ་གུས་ཕྱག་དང་བཅས་གཟིགས་སྐོར་དུ་ཕེབས་སོང་། ཕྱི་རྒྱལ་གྱི་མཐོ་རིམ་དཔོན་པོ་དང་། ཆེས་མཐོའི་དམག་དཔོན། དེ་བཞིན་གྲགས་ཅན་གྱི་མི་སྣ་དེ་དག་རྡོ་རྗེ་གདན་ལ་ཕེབས་དོན་དེ། གྲོས་མོལ་དང་ཚོགས་འདུ་གང་གི་ཆེད་དུ་མ་ཡིན་པར། རྡོ་རྗེ་གདན་ལ་ཕྱག་སྐོར་དང་། མཆོད་འབུལ་བྱེད་རྒྱུ་ཉག་གཅིག་གི་ཆེད་དུ་ཕེབས་པ་རེད། གཞན་ཡུ་རོབ་དང་། ཨོ་སི་ཏྲི་ལི་ཡ། ཨ་མི་རི་ཀ རྒྱ་ནག། ལྷོ་དང་། ཤར་ལྷོའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཀྱིས་གཙོས་འཛམ་གླིང་གང་སར་ནས་ལོ་ལྟར། རྡོ་རྗེ་གདན་སོགས་སུ་གནས་སྐོར་བ་སྟོང་ཚོ་མང་པོ་རྒྱུན་ལྡན་དུ་ཕེབས་ཀྱི་ཡོད་པ་རྣམས་ཀྱང་། ཕྱག་སྐོར་དང་། མཆོད་འབུལ་ཁོ་ནའི་ཆེད་དུ་ཡིན་པ་ནི་སྨྲོས་མ་དགོས་པ་རེད།
གལ་སྲིད་ཆབ་སྲིད་དང་འབྲལ་མི་ཐུབ་པའི་དབང་དུ་བཏང་ན། རྡོ་རྗེ་གདན་གཙོས་རྒྱ་གར་དུ་ཡོད་པའི་གནས་ཆེན་རྣམས་ནི། ཕྱི་འབྲེལ་སྲིད་ཇུས་ལ་ངེས་པར་དུ་དགོས་མཁོ་ཆེ་ཤོས་ཀྱི་ཅ་དངོས་དག་རེད། གནས་ཆེན་འདི་རྣམས་ནི། ཆོས་ལུགས་འཐེན་ཁྱེར་གྱི་ཆབ་སྲིད། ཚོགས་པ་དུམ་བུར་གཏོང་ཐབས་ཀྱི་སྲིད་ཇུས་། དོགས་ཟོན་ཆེན་པོ་དགོས་པའི་བོད་ཀྱི་གནས་དོན་ལས་ཆེར་འདས་པའི་ཆབ་སྲིད་ལ་དགོས་མཁོ་ཅན་གྱི་ལག་ཆ་དག་རེད། བསྡུས་ནས་ཞུས་ན། གནས་ཆེན་འདི་དག ནང་པའི་ཆོས་བརྒྱུད་གང་ནས་བྱུང་ནའང་ཁྱད་པ་མེད་པར། ཚང་མའི་ངོར་བྱིན་རླབས་དང་གལ་འགངས་ཆེན་པོ་ཅན་ཤ་སྟག་ཡིན་པ་དང་། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་སྙིང་པོ་དག ནམ་ཡང་བརྗེད་དུ་མི་བཅུག་པའི་འགྱུར་མེད་ཀྱི་དྲན་རྟེན་རྣམས་ཡིན། །
རྒྱལ་ཁབ་ཀྱི་ཐོན་དངོས་ཕྱིར་འདྲེན་གྱི་ལྟ་གྲུབ་སྒོ་ནས་བལྟས་པ།
གང་ཅིའི་ཐད་ནས་ཕྱུག་པོ་ཡིན་པའི་ནང་པ་སངས་རྒྱས་པའི་ཆོས་དང་། ཆེ་མཐོང་དང་བསྟོད་སྔགས་ཐོབ་ཚུལ་གྱི་སྒོ་ནས་ཁ་སྐྱེངས་དགོས་པའི། རྒྱ་གར་རང་ནས་ཐོན་རྫས། སྦྲག་རྟགས་ཡིག་ཁུག་ལ་མི་འབྱར་བ་དང་། འཇུག་སྒྲོག་འཇུག་རྟར་འཚམས་པོ་མེད་པ་སོགས་དང་ལེགས་པོར་བསྡུར་མཛོད་དང་། འཛམ་གླིང་འདིའི་ཐོག་གི་ལོ་རྒྱུས་ནང་དུ་ཆེས་ཁྱད་དུ་འཕགས་པའི་ཐོན་དངོས། གཡའ་དང་དྲི་མས་ནམ་ཡང་གོས་མ་མྱོང་པའི་ཐབས་ཤེས་ཀྱི་སྙིང་པོ་ལྡན་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ལ། ཚོང་འབྲེལ་གྱི་ཆེད་ཙམ་དུའང་གཙིགས་ཆེར་མི་འཛིན་པ་ནི། ཅི་འདྲའི་བློ་ཕམ་པའི་གནས་ཚུལ་ཞིག་ཡིན་པར་ཤེས་ཐུབ།
རྒྱལ་ཁབ་སོ་སོའི་ཆེ་མཐོང་གི་སྒོ་ནས་བཤད་ན། དབང་ཕྱུག་དང་ཁྱབ་འཇུག་སུ་གང་ལ་དེང་དུས་བལ་བོ་དང་རྒྱ་གར་གྱི་མི་སེར་ལག་ཁྱེར་རག་པའི་ཐོབ་ཐང་མེད། ཁོང་ཚོ་ནི་ལྷའི་རིགས་སུ་གཏོགས་པ་ལས་མི་ཡང་མ་རེད། །
རྒྱ་གར་གྱི་ཁ་གཏད་དགྲ་བོ་ཆེ་ཤོས་སུ་རྩི་བའི་རྒྱ་ནག་གིས་གཙོས་འཛམ་གླིང་ཧྲིལ་པོ་འདི་ནས་མི་འབོར་ས་ཡ་མང་པོའི་སེམས་ཀྱི་གཏིང་། སྙིང་གི་དཀྱིལ་ལ་རྒྱུན་དུ་འཆང་ཡོད་པའི་སངས་རྒྱས་ཤཀྱ་ཐུབ་པ་ནི། རྒྱ་གར་དང་བལ་ཡུལ་གྱི་ས་ཆ་འདི་རང་ནས་ཕེབས་པའི་མི་ཞིག་རེད། དེ་ལྟར་ནའང་རྒྱལ་ཁབ་གཉིས་པོ་གང་ལ། སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ལུགས་ལ་དགའ་ཞེན་དང་། སངས་རྒྱས་ཀྱི་ཆོས་ལུགས་ལ་བརྟེན་པའི་ཁེ་དབང་ཙམ་ཡང་སྤྱོད་འདོད་པའི་མོས་པ་མེད་པའི་གནས་ཚུལ་འདི་བསམ་ཡུལ་ལས་འདས་པ་ཞིག་རེད།
བསམ་བློ་ཁྱེར་ཕྱོགས་ཀྱི་གནད་དོན།
ཆེས་ཡིད་དུ་མི་འོང་བའི་རྣམ་འགྱུར་གྱིས། ཚད་མེད་པའི་མཐོང་ཆུང་འདི་ལྟར་བྱེད་ཀྱི་ཡོད་པ་ཤེས་ན། གནས་མཆོག་རྡོ་རྗེ་གདན་ལ་ཡར་རྒྱས་ཀྱི་རྣམ་པ་གང་ཡང་མེད་པའི་གནས་ཚུལ་ལ་ཧ་ལས་པ་དང་ཧང་སང་གི་མ་རེད། ངེས་ཅན་དུ་མཁྱེན་དགོས་རྒྱུ་ཞིག་ལ་རྡོ་རྗེ་གདན་གྱིས་མཚོན་ནང་པའི་རྩ་ཆེན་གྱི་གནས་རྣམས་ལ་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡོད་ནས་བཟུང་ཏེ། ཕྱག་ལས་གང་དང་ཅི་འདྲ་ཞིག་བྱས་ནའང་གོམ་པ་རེ་རེ་བཞིན་ལྐོག་རྔན་སྤྲད་པ་ལས་ལམ་འགག་གཞན་མེད་པའི་བོད་པ་སྐྱབས་བཅོལ་བ་དང་། ཕྱི་རྒྱལ་བས་མགོ་བཙུགས་ཏེ་བཟོས་པ་ཤ་སྟག་རེད།
གནས་གཏན་སྡེ་བས་བདག་ཅག་གི་སྟོན་པ་སངས་མ་རྒྱས་པའི་སྔོན་དུ་ལོ་དྲུག་རིང་དཀའ་ཐུབ་སྤྱོད་སར་འདོད་པའི་བསིལ་བ་ཚལ་ལ། ཉེ་ཆར་ལྷག་པའི་གནས་ཚུལ་འདིས། རྒྱ་གར་གཞུང་དམངས་གཉིས་ཆར་གྱིས་ཕྱི་ལོག་ནས་གཏོང་ཕོད་ཆེན་པོས་ཞབས་འདེགས་གནང་མཁན་ལ་སྣང་ཆུང་དང་ཁྱད་གསོད་ཇི་ལྟར་བྱེད་ཀྱི་ཡོད་པ་གསལ་པོར་བསྟན་ཡོད། ཀོ་རི་ཡའི་གྲྭ་བ་ཞིག་གིས་འགོ་བཙུགས་པའི་ཕྲུ་གུ་ལྔ་བརྒྱ་ཐམ་པ་ཡོད་པ། ཕྲུ་གུ་མང་ཆེ་བ་རིགས་དམན་ཡིན་པའི་སློབ་གྲྭ་ཞིག་བསིལ་བ་ཚལ་དུ་ཡོད་པ་དེ་ལ། རྒྱལ་ས་ལྡི་ལིའི་གཞུང་འཛིན་མཐོ་རིམ་དཔོན་པོས་ཧིན་སྒོར་ས་ཡ་དགུའི་ཉེས་ཆད་བཀལ་བར་སློབ་གྲྭས་ཉེས་ཆད་འཇལ་མ་ཐུབ་པར་བརྟེན། བཙན་ཤུགས་ཀྱིས་ཕྱི་རྒྱལ་གྱི་རོགས་རམ་བཀག་པས་གནས་སྐབས་སློབ་གྲྭ་སྒོ་རྒྱག་དགོས་བྱུང་བ་རེད།
སློབ་གྲྭ་ཁྲིམས་ཁང་དུ་སོང་ཞིང་དྲང་སྙོམས་མ་བྱུང་བའི་སྙན་གསེང་དང་ཞུ་གཏུགས་བྱས་པ་དེ་ནི། བྷི་ཧཱ་རིའི་མངའ་སྡེའི་ནང་ལ་མཚོན་ན་ཧ་ཅང་བློ་ཁོག་ཆེན་པོའི་ལས་ཀ་ཞིག་ཡིན། ཆེས་མཐོའི་ཁྲིམས་ཁང་གིས་སློབ་གྲྭར་བཀལ་བའི་ཉེས་ཆད་རྩིས་མེད་བཏང་ཞིང་འཇལ་མི་དགོས་པ་བཟོས་པ་དང་། དངོས་གནས་བྱས་ན་རྒྱ་གར་གྱི་སྤྲང་ཤོས་ཕྲུ་གུ་རྣམས་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་རོགས་དན་གནང་རྒྱུ་དེ་རྒྱ་གར་གཞུང་གིས་སྒྲུབ་དགོས་པའི་ལས་འགན་ཞིག་རེད། ཡིན་ནའང་དེ་མེད་པར་བསིལ་བ་ཚལ་ལྟ་བུར་ནང་པ་སངས་རྒྱས་པས་རོགས་རམ་དང་འཛིན་སྐྱོང་བྱེད་པའི་སློབ་གྲྭར་ཉེས་ཆད་དེ་ལྟར་བཀལ་བ་དེ་ནི། མ་འོས་པ་རེད་ཅེས་མང་ཚོགས་ཀྱིས་གཞུང་ལ་སྐྱོན་བརྗོད་ཆེན་པོ་བྱས་པ་རེད།
དྲང་སྙོམས་ཀྱི་ཁྲིམས་ལུགས་ལག་བསྟར་ས་གནས་འདི་དག་ལ་དཀོན་པོ་རེད་དེ། སྟབས་ལེགས་པ་ཞིག་ལ་སློབ་གྲྭས་ཁྲིམས་ཁང་དུ་ཞུ་གཏུགས་བྱས་པའི་གྲུབ་འབྲས་ཐོན་ཡོད། འོན་ཀྱང་མཐོ་རིམ་དཔོན་པོས་བརྙས་བཅོས་དང་། ཁྲིམས་ཁང་གིས་ཐག་གཅོད་བྱ་བའི་བརྒྱུད་རིམ་ནར་འགྱངས་བཏང་བ་འདིས། ཁྲིམས་སའི་བཅད་མཚམས་ལ་རྒྱ་གར་གྱིས་ནང་པ་སངས་རྒྱས་པར་དཀའ་རྙོག་ཅན་དུ་བལྟ་བཞིན་ཡོད་པའི་མིག་ལྟོས་ངན་པ་བཞག་ཡོད། ལྟ་སྟངས་དང་ཀུན་སྤྱོད་འདི་འདྲ་ཡོད་པའི་རྒྱུ་མཚན་གྱི་ཕྱོགས་གཅིག་ནི་རིགས་ཀྱི་རྙོག་དྲ། དེང་སང་ཡང་རིགས་བཟང་པོས་རིགས་དམན་པར་དབང་སྒྱུར་དང་སྟངས་འཛིན་ཤུགས་ཆེན་བྱེད་བཞིན་པའི་གནས་དོན་ལ་ཐུག་ཡོད། རྒྱ་གར་གྱི་མངའ་སྡེ་མ་ཧཱ་ར་སི་ཏའི་ནང་དུ། རབ་འབྱམས་པ་ཨམྦི་ཌ་ཀར་གྱིས་སངས་རྒྱས་པའི་ལམ་སྣེ་བསྟན་ནས་ཁྲིད་པའི་ནང་པ་ཡིན་ཟེར་མཁན་ས་ཡ་མང་པོ་ཡོད། ཁོང་ཚོས་ནང་པ་སངས་རྒྱས་ཀྱི་ཆོས་ལ་དགའ་དད་ཆེ་ནས་ནང་པར་གྱུར་བ་མིན་པར། རིགས་བཟང་པོས་དམན་པ་དབང་བསྒྱུར་བྱེད་པའི་ལམ་ལུགས་ལས་ཐར་བའི་ཆེད་དུ་ནང་པ་སངས་རྒྱས་པ་ཡིན་ཟེར་གྱི་ཡོད། གནས་ཚུལ་འདི་གལ་ཆེན་ཞིག་དང་། ཁོ་བ་ཚོ་དཀའ་ངལ་ཆེན་པོའི་འོག་ཏུ་ཡོད་པ་ཤེས་རྟོགས་ཐུབ་ཀྱི་འདུག་རུང་། ནང་པར་འགྱུར་བའི་ཀུན་སློང་དེ་ནི་སྤྱི་ཚོགས་ཐོབ་ཐང་རྩོད་ལེན་དང་། ཆབ་སྲིད་ཀྱིས་སླད་པ་ཞིག་ཡིན་པས། གནས་ཚུལ་འདིས་རིགས་དམན་ཚོའི་ཆོས་སྒྲུབ་པར་ཕན་ཐོག་མེད་ལ། སངས་རྒྱས་པའི་ཆོས་ལུགས་ལ་ཁེ་ཕན་གང་ཡང་མེད།
རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དྲུང་དུ། ཤེས་ཡོན་ཚད་མཐོན་པོ་ཅན་གྱི་རྒྱ་གར་གྱི་གྲོགས་པོ་ཞིག་ངའི་མཉམ་དུ་འཆར་ཅན་གྱི་རྒྱུན་འདོན་བྱེད་སར་ཕེབས་ཀྱི་ཡོད། ཁོང་ལ་རྒྱ་གར་གྱི་སྐོར་སྲུང་བ་དབང་ཚད་མཐོན་པོ་ཡོད་པ་ཞིག་གིས་ཁྱེད་རང་ཉིན་རྟག་པར་མཆོད་རྟེན་དྲུང་དུ་གང་བྱེད་དུ་འགྲོ་ཡིན་ཞེས་འདྲི་རྩད་བྱས་འདུག སྐོར་སྲུང་བ་ཁོང་ཚོའི་བསམ་མནོ་ལ་གང་ཡོད་པ་རེད་ཅེ་ན། ནང་བ་སངས་རྒྱས་པའི་ཆོས་ལུགས་འདི་ནི། ཕྱི་རྒྱལ་བ་དང་རིགས་དམན་པ་ཁོ་ནས་སྒྲུབ་རྒྱུ་ཞིག་རེད་བསམ་གྱི་ཡོད་རེད་ལ། ཤེས་ཡོན་ཚད་མཐོན་པོར་སོང་བའི་རིགས་བཟང་པོ་ཅན་གྱི་རྒྱ་གར་བ། ནང་ཆོས་ལ་དགའ་དད་ཆེན་པོ་ཡོད་པ་དེ་སྐོར་སྲུང་བ་ཁོང་ཚོའི་བསམ་མནོའི་ནང་ལ་ཤོང་གི་མེད། འདི་ལྟ་བུའི་མགོ་རྨོངས་ཀྱི་བསམ་མནོ་ཅན་དག་ནང་པའི་གནས་རྩ་ཆེ་ཤོས་ཀྱི་སྒོ་རྩར་ཇི་སྲིད་ཡོད་པ་དེ་སྲིད་དུ་རྒྱ་གར་གཞུང་དམངས་སྤྱི་ཡོངས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་ལྟ་ཚུལ་གང་ཡོད་པའི་སེམས་ཁམས་ལ་འགྱུར་བ་འགྲོ་བའི་རེ་བ་ཆུང་ཆུང་ཡིན།
རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ནང་པའི་རྒྱན་རྩེད་རྩེ་བ།
ཉེ་ཆར་རྒྱ་གར་གྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་སྤྱི་དང་། ཁྱད་པར་དུ་ཧི་མ་ལཱ་ཡའི་རི་བརྒྱུད་དུ་ཡོད་པའི་ནང་པའི་ཆོས་ལུགས་དང་གནས་གཞིས་ལ་དོ་སྣང་ཅུང་ཟད་སྤྲད་ཀྱི་ཡོད་པའི་རྟགས་མཚན་མཐོང་རྒྱུ་ཡོད། དེ་ནི་ཧི་མ་ལཱ་ཡའི་ཕ་ཀའི་ཕྱོགས་སུ་ནང་པའི་རྩ་ཆེན་གྱི་གནས་རྣམས་ལ་རྒྱ་ནག་གིས་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་ཕོན་ཆེན་གནང་གི་ཡོད་པས་རེད། དོ་སྣང་བྱེད་དགོས་པ་ཞིག་ལ། རྒྱ་ནག་གི་ནང་པ་རོབ་རྩིས་རྒྱག་པའི་ཚེ། རྒྱ་ནག་གི་མི་འབོར་བརྒྱ་ཆ་ཉེ་ཤུ་ཐམ་པ་ནང་པ་ཡིན་ཟེར་ཁྱད་ཆོས་སུ་བགྲང་གི་ཡོད་ཀྱང་། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་མངོན་པར་རྫོགས་པར་སངས་རྒྱས་པའི་ཡུལ་རྒྱ་གར་འཕགས་པའི་ཡུལ་དུ། ནང་པ་རྒྱ་གར་གྱི་མི་འབོར་བརྒྱ་ཆ་གཅིག་ཀྱང་ཟིན་པ་ཞིག་མེད། དེ་ལྟ་བུའི་རྒྱ་གར་གྱི་ནང་པའི་མི་འབོར་འདི་དུས་རབས་མང་པོའི་རིང་འགྱུར་ལྡོག་ཕྱིན་མ་མྱོང་བའི་གནས་ཚུལ་ཞིག་རེད། འཛམ་གླིང་འདིའི་ཐོག་གི་ནང་པ་སངས་རྒྱས་པའི་མི་འབོར་མང་ཤོས་དེ་རྒྱ་ནག་ཡིན་པ་སྟེ། འཛམ་གླིང་འདིའི་ཐོག་གི་ནང་པ་བརྒྱ་ཆ་ལྔ་བཅུ་ཐམ་པ་རྒྱ་ནག་ལ་ཡོད་ཀྱང་། རྒྱ་གར་དུ་ནང་པ་བརྒྱ་ཆ་གཉིས་ཀྱི་ཚད་ཀྱང་ལོན་པ་ཞིག་མེད།
རྒྱ་གར་དུ་ནང་ཆོས་ལ་བརྩི་མཐོང་མེད་པའི་དུས་རབས་དེ་དག་གི་ཚེ། རྒྱ་ནག་ནས་སྙན་གྲགས་ཆེན་པོ་ཅན་གྱི་ནང་པ་སངས་རྒྱས་པའི་མཁས་པ་མང་པོ་དང་། སྦྱིན་བདག་སྟོབས་ཆེན་མང་པོ་བྱུང་པ་རེད། དཔེར་ན་ཤིན་ཏུ་བཀུར་འོས་ཀྱི་ཞོན་ཙང་ལྟ་བུར་མཚོན་ན། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མཛད་པ་གཞན་བསྟན་པའི་གནས་ཆེན་རྣམས་ངོས་འཛིན་གསལ་པོར་མཛད་ཅིང་། དེ་དག་ལོ་རྒྱུས་སུ་བཀོད་པ་ནི། ནང་པ་སངས་རྒྱས་པ་ཞིག་ལ་མཚོན་ན་ནམ་ཡང་གཞལ་བར་དཀའ་བའི་དྲིན་པོ་ཆེ་ཞིག་ཡིན། དེ་བཞིན་དུ་རྒྱ་ནག་གི་མི་རབས་ནས་མི་རབས་དང་། རྒྱལ་རབས་ནས་རྒྱལ་རབས་བརྒྱུད་གཏོང་ཕོད་ཤིན་ཏུ་ཆེན་པོ་ཅན་གྱི་རྒྱལ་རབས་མང་པོ་ཞིག་ནང་པ་སངས་རྒྱས་པའི་སྦྱིན་བདག་ཡིན། དཔེར་ན་ཧན་རྒྱལ་རབས་ཀྱི་དུས་སུ་མེང་རྒྱལ་པོ་དང་། ལང་རྒྱལ་རབས་ཀྱི་དུས་སུ་ཝུ་རྒྱལ་པོ། ཐང་རྒྱལ་རབས་ཀྱི་དུས་ལ་ཝུ་རྫིཏྲི་རྒྱལ་པོ་སོགས་ཀྱིས། སངས་རྒྱས་སྐུ་བལྟམས་པའི་འཕགས་ཡུལ་གྱི་ཕྱི་ལོག་ཏུ་སངས་རྒྱས་ཀྱི་བསྟན་པ་རྒྱུན་བརྟན་པོར་གནས་ཐུབ་ངེས་མཛད་ཡོད།
རྒྱ་ནག་གིས་ནང་པའི་སྦྱིན་བདག་གནང་ཚུལ་དེ་གནའ་དུས་ཀྱི་ལོ་རྒྱུས་ཁོ་ན་མ་རེད། ཆོས་མེད་ཆད་ལྟ་ཅན་དུ་བརྩི་འཇོག་བྱེད་སའི་ད་ལྟའི་རྒྱ་ནག་གིས། སངས་རྒྱས་ཀྱི་ཕྱག་མཛུབ་རུས་པ་དེ་ཤི་ཨན་གྱི་ཕ་མན་དགོན་པར་ཉར་ཚགས་དང་གཅེས་སྤྲས་བྱེད་ཚུལ་ལ་གཟིགས་དང་། འདིས་རྒྱ་ནག་གིས་སངས་རྒྱས་ཀྱི་ཆོས་ལ་ཆེ་མཐོང་ཇི་ཙམ་སྤྲད་ཀྱི་ཡོད་པ་དང་། གལ་ཆེན་ཅི་འདྲ་བརྩི་བཞིན་ཡོད་པ་དང་། རྒྱ་ཆེ་བ་དང་ཞིབ་ཕྲ་བའི་ཞིབ་འཇུག་གང་འདྲ་བྱེད་ཀྱི་ཡོད་མེད་འགྲེལ་བརྗོད་བྱས་ཡོད་རེད་ལ། གནས་ཚུལ་འདི་དང་། རྒྱ་གར་གྱིས་སངས་རྒྱས་ཀྱི་རིང་སྲེལ་རྣམས་ལ་ཆེ་མཐོང་མེད་པར་ནེའུ་ལྡི་ལིའི་རྒྱལ་སའི་འགྲེམ་སྟོན་ཁང་ལ་བཤམ་པ་དང་། འགྲེམ་སྟོན་ཁང་ལ་ཡོད་པའི་རིང་སྲེལ་བཞུགས་སའི་མཆོད་རྟེན་དེའི་སྦྱིན་བདག་ཀྱང་ཐེ་ལཎ་ཌས་བྱས་པའི་གནས་ཚུལ་གཉིས་ཕན་ཚུན་སྡུར་དང་གསལ་པོ་ཤེས་ཐུབ་རེད།
དེ་ལྟར་ནའང་ང་ཚོས་རྒྱ་ནག་གིས་ནང་ཆོས་གཏོར་བརླག་བཏང་ཚུལ་དེའང་དུས་ནམ་ཡང་བརྗེད་མི་སྲིད། ལྷག་པར་རིག་གནས་གསར་བརྗེའི་སྐབས་སུ། དགོན་པ་ག་ཚད་གཏོར་བརླག་བྱས་ཡོད། བཀའ་བསྟན་ཇི་ཙམ་ཞིག་མེར་བསྲེག་དང་ཆུ་སྐྱུར་བྱས་ཡོད། བཤེས་གཉེན་དུ་ཙམ་རྩ་མེད་བཏང་ཡོད། ཡིན་ནའང་གནས་ཚུལ་དེ་ནི་དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་ཆབ་སྲིད་ཀྱིས་བྱུང་བ་རེད་མ་གཏོགས། ཆོས་ལུགས་ཀྱི་སྒོ་ནས་བྱུང་བའི་གནས་ཚུལ་ཞིག་མ་རེད། དེ་རིང་ཁ་སང་རྒྱ་ནག་ནང་ཁུལ་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་རྟེན་གཞི་རྣམས་བསྐྱར་གསོ་བྱེད་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་བཞིན་པ་རེད།
གནས་ཚུལ་དེ་དང་ཆེས་ལྡོག་ཕྱོགས། བྲམ་ཟེའི་ཆོས་ལུགས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་བརྡབ་གསིག་བཏང་པ་དང་། དེའི་རྗེས་སུ་ཁ་ཆེས་སངས་རྒྱས་པའི་ཆོས་ལུགས་སྡེབ་གསོད་རྩ་བརླག་བཏང་བའི་གནས་ཚུལ་ལྷག་ནས་བཟུང་། རྒྱ་གར་དུ་ནང་པ་སངས་རྒྱས་རྩ་བ་ནས་ཡར་ལངས་ཐུབ་མྱོང་མེད། རྒྱ་ནག་གིས་སངས་རྒྱས་ཀྱི་ཆོས་ལུགས་གཞིར་གཞེངས་རྒྱ་བསྐྱེད་གཏོང་བའི་ལས་འགུལ་ལ་ད་ལྟའི་བར་དུ་རྒྱ་གར་གྱིས་འགྲན་སྡུར་སོགས་གང་ཡང་མེད་པའི་ཐོག རྒྱ་ནག་གི་གསང་ཉུལ་འཛུལ་ཡོང་བསམ་པའི་དོགས་གཞི་ཆེན་པོའི་འོག གནས་ཆེན་རྣམས་ལ་ལོ་རེ་བཞིན་བལྟ་སྐོར་མཆོད་འབུལ་བྱེད་དུ་ཡོང་འདོད་ཆེན་པོ་ཡོད་པའི་རྒྱ་ནག་གི་ནང་པ་འབུམ་ཚོ་མང་པོ་ཞིག་འགོག་བྱེད་དུ། རྒྱ་གར་གྱི་གཞུང་འཛིན་མཐོ་རིམ་མི་སྣས་སྲིད་ཇུས་ལམ་ལུགས་ཀྱི་ལྕགས་རི་ཞིག་བསླངས་ཡོད། རྒྱ་གར་གྱིས་ངེས་པར་མཁྱེན་དགོས་རྒྱུ་ཞིག་ལ། རྒྱ་གར་གྱི་ཧིན་དྷུ་བ་ཞིག་ལ་མཚོན་ན། རྒྱ་གར་གྱི་ཁ་ཆེ་བ་ཞིག་ལས་དབྱིན་ཇིས་ཀྱི་ཧིན་དྷུ་བ་ཞིག་ལ་སེམས་ཐག་ཉེ་བར་བྱེད་ཀྱིན་ཡོད་ལ། དེ་བཞིན་དུ་ཤྲི་ལངྐ་དང་། ལ་དྭག་གི་ནང་པ་ཞིག་ལས་ཀྱང་རྒྱ་གར་གྱི་ཁ་ཆེ་བ་ཞིག་ལ་སེམས་ཐག་ཉེ་བར་བྱེད་ཀྱིན་ཡོད།
སོ་སོའི་ཕ་ཡུལ་ལ་རྒྱལ་ཁབ་དང་མི་རིགས་གཞན་དག་བཙན་འཛུལ་གྱིས་གཉའ་གནོན་བཀོལ་སྤྱོད་མྱོང་པའི་ཁ་ཆེ་དབུལ་འཕོང་བ་རྣམས་ཀྱིས། ལྷོ་ཨ་རབ་ཁ་ཆེའི་རྒྱལ་ཁབ་གྱི་སྟོབས་ཤུགས་དང་དཔལ་འབྱོར་ལ་ཡི་རངས་དང་དགའ་བ་སྐྱེ་སྲིད་ངེས་རེད། དེ་བཞིན་དུ་རྗུའི་ཤི་མི་རིགས་འཛམ་གླིང་གང་སར་གནས་པ་རྣམས་དབྱི་སི་རལ་ལ་དགའ་སྤོབས་སྐྱེ་སྲིད། དེ་དང་ཕྱོགས་མཚུངས། ཕྱི་ལོག་གི་རྒྱལ་ཁབ་བཙན་འཛུལ་གྱིས་ཟིན་པའི་དཀའ་ངལ་ཅན་བྷང་ལ་དྷེ་ཤིའི་ནང་པ་དང་། ཨེནྜུ་ནི་ཤི་ཡའི་ནང་པ། འཛམ་གླིང་གི་ཕྱུག་སྤྲང་རིམ་པ་གསུམ་པར་ཡོད་པའི་འབྲུག་པ་དང་བཅས། ནང་པའི་མི་འབོར་ཕོན་ཆེ་ཤོས་ཡོད་པའི་རྒྱ་ནག་གི་ཚད་མཐོའི་དཔལ་འབྱོར་དང་སྟོབས་ཤུགས་ལ་ཡི་རངས་དང་། དགའ་སྤོབས་སྐྱེ་སྲིད་ངེས་རེད།
དེས་ན་འཇིགས་དངངས་དང་། དོགས་པ་རྣམ་རྟོག་རྐྱང་རྐྱང་ཟ་བའི་གོམས་གཤིས་རྙིང་པའི་དབང་སྒྱུར་འོག་མ་ཤོར་བ་བྱེད་ནས། རྒྱ་ནག་ལ་ཕྱིས་སུ་དར་བའི་ནང་པ་སངས་རྒྱས་པ་དང་མཉམ་འབྲེལ་བྱེད་ཅིང་། སྤོབས་པ་ཆེན་པོའི་སྒོ་ནས་ནང་པ་སངས་རྒྱས་པའི་ཕ་ས་ངོ་མ་དེ་རྒྱ་གར་ཡིན་པ་དང་། ནང་པའི་གནས་ཆེན་རྣམས་དང་། སངས་རྒྱས་ཤཀྱ་ཐུབ་པའི་ཤུལ་བཞག སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས། ཐབས་ཤེས་གཉིས་ལྡན་པའི། སངས་རྒྱས་ཀྱི་བསྟན་པའི་བདག་པོ་དེ་རྒྱ་གར་རང་ཡིན་པའི་གསལ་བསྒྲགས་བྱེད་ཤེས་པར་གནང་ན་མི་ལེགས་སམ།
ནང་པ་སངས་རྒྱས་ཀྱི་ཆོས་ལུགས་འདི་ཐོབ་ཐང་དང་འོས་བབ་ཡོད་པའི་རང་གནས་ལ་ཚུར་ལོག་ཕེབས་ཐུབ་དགོས།
རྩོམ་ཐུང་འདིའི་ནང་ལ། རྒྱལ་རབས་དང་ལོ་རྒྱུས། ཆབ་སྲིད་དང་ཐབས་ཇུས། ཆོས་ལུགས་དང་རིག་གཞུང་། རིགས་དམན་གྱི་གནས་སྟངས་སོགས་གནད་དོན་མང་པོ་ཞིག་གླེང་བའི་སྒོ་ནས། ཟབ་ཅིང་རྒྱ་ཆེ་བའི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་འཕྲོ་བརླག་གང་འདྲ་བྱས་ཚུལ་དང་། སྣང་ཆུང་ཇི་ལྟར་བྱེད་བཞིན་པའི་གནས་ཚུལ་གསལ་བཤད་གང་ཐུབ་བྱས་ཡོད།
གནས་ཚུལ་དང་ལོ་རྒྱུས་རྒྱུ་མཚན་གང་ལ་གཏུགས་ཀྱང་། འདི་འདྲ་ཞིག་རྩ་བ་ནས་བྱེད་དགོས་ཀྱི་ཡོད་མ་རེད། ནང་གི་བསམ་མནོའི་གཏོང་ཕྱོགས་སྒྱུར་བཅོས་ཕྲན་བུ་བྱས་ཏེ། འགྲོ་བ་མིའི་སྤྱི་ཚོགས་ལ། བླ་ན་དང་གོང་ན་མེད་པའི་ཞབས་འདེགས་ཤུལ་བཞག་ཆེན་པོ་ཅན་གྱི་མི་དེ་ལ། ཁ་ཞེ་གཉིས་མེད་དུ་བཀའ་དྲིན་རྗེས་དྲན་ཙམ་མ་ཟད། སྤོབས་པ་ཆེན་པོ་སྐྱེ་ཤེས་པར་བྱོས་དང་། གྲུབ་འབྲས་ཐོབ་པ་ལ་དཀའ་ཚེགས་དེ་ཙམ་མེད། དངོས་གཙོ་རིང་ལུགས་གཙོ་བོར་བྱེད་པའི་དུས་འདིར། ང་ཚོ་འཚོ་རྟེན་གྱི་ས་གཞི་ཆེན་པོ་འདི་ཡང་། ཚད་མེད་པའི་འདོད་རྔམས་ཆེན་པོས་གཏོར་བཤིག་གཏོང་བཞིན་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་བདེན་པའི་དོན་ཅན། ཆོས་ཀུན་གྱི་རང་བཞིན་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་ཡིན་པ་ལ། ཛ་དྲག་ཆེན་པོས་ཐོས་བསམ་བྱེད་རྒྱུ་དང་། ལག་ལེན་བསྟར་དགོས་པའི་དུས་རབས་འདི་འདྲ་ཞིག་དེ་སྔོན་ལོ་རྒྱུས་ལ་བྱུང་མྱོང་མེད།
ནང་ཆོས་ནས་གསུངས་པའི་སྒྲིག་ལམ་དང་ཀུན་སྤྱོད་བཟང་པོ་དཔེར་ན། ཁ་ནང་དུ་ཕྱོགས་པའི་སྒོམ་སྒྲུབ་བྱེད་ཅིང་ལག་ལེན་བསྟར་ན། དགོས་མེད་དུ་དངོས་རྫས་བེད་སྤྱོད་བྱེད་པ་ཉུང་དུ་གཏོང་བ་དང་། གཏེར་ཁ་སྔོགས་འདོན་འགོག་པ། ཉེས་ཁའི་གནས་སུ་ལྷུང་བའི་སྲོག་ཆགས་སྲུང་སྐྱོབ་བྱེད་ཅིང་འཇིག་རྟེན་འདི་ང་ཚོའི་བུ་རབས་ཚ་བརྒྱུད་ལ་བེད་སྤྱོད་རུང་དུ་ཉར་ཚག་ཐུབ་པར་བྱེད་ཀྱི་རེད།
ས་ཆེན་པོའི་འདིའི་ཐོག་ལ་གོམ་པ་སྤོས་ཚད་ཀྱི་ནང་ནས་སུས་ཀྱང་དཔེ་ཟླ་བྲལ་བ། ཆེས་ཁྱད་དུ་འཕགས་པའི་མི་དེ་དང་། དེས་བསྟན་པའི་ཆོས་དེ་གལ་སྲིད་རྒྱ་གར་དང་བལ་ཡུལ་གྱིས་ཚུར་བདག་པོ་ཕོག་པ་ཡིན་ན། དེ་ལས་ལྷག་པའི་ཡིད་སེམས་ཚིམས་པའི་བྱ་བཞག་ཅིག་དང་། གཞན་གྱིས་རྩི་མཐོང་འཇོག་པའི་ལས་འགུལ་ཞིག་རྒྱ་གར་དང་བལ་པོས་དེང་དུས་འཛམ་གླིང་འདིའི་གོང་ནས་ཐོབ་མི་སྲིད། གནའ་དུས་ཤུལ་བཞག་གྱིས་ཐུན་མོང་མ་ཡིན་པར་ཕྱུག་པའི་རྒྱ་གར་དང་བལ་པོས་འབད་རྩོན་ཅུང་བྱས་ན། འགྲན་པའི་ཟླ་དང་བྲལ་བའི་ཁྱད་ནོར་འདི་སྣོད་བཅུད་སྐྱེ་འགྲོའི་བགོ་སྐལ་དུ་འཇོག་ཐུབ་པ་མ་ཟད། ཁྱད་ནོར་འདིས་དེང་དུས་ཀྱི་འཛམ་གླིང་ལ་གང་དགོས་འཁོ་སྤྲོད་བྱེད་ཐུབ། མིའི་གཞི་རྩའི་བསམ་མནོ་དང་། ཀུན་སྤྱོད་ལ་འགྱུར་བ་གཏོང་ནས། ནང་པ་སངས་རྒྱས་པའི་ཆོས་ལུགས་འདི། ལོ་རྒྱུས་དང་། རིག་གཞུང་། དེ་བཞིན་ལུགས་སྲོལ་ཕུན་སུམ་ཚོགས་པ་ཡོད་པའི། གལ་གནད་ཆེན་པོ་ཅན་གྱི་རྒྱལ་ཁབ། སངས་རྒྱས་པའི་ཕ་ས། རྒྱ་གར་དང་བལ་ཡུལ་ལ་ཚུར་ཕེབས་པའི་ཐོབ་ཐང་ཡོད་པ་ཤེས་པར་བྱེད། ཕེབས་བཅུག་འདོད་ཀྱི་བསམ་མནོ་ཡོད་པར་བྱེད་པ་ལ། སྐད་ཆ་སྙན་པོས་གང་ཡང་མི་ཡོང་བས། རྩོམ་ཐུང་འདིའི་སྐྱོན་བརྗོད་ཀྱི་ནང་ལ་ཚིག་འགྲོས་གྱོང་པོ་འགའ་ཆེད་དུ་བེད་སྤྱོད་བྱས་པ་ཡིན་ནོ།།
བསྒྱུར་མཆན།
༧སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་དབྱིན་ཇིས་སྐད་ཐོག་ལ་རྩོམ་པའི་ཆོས་ཚན་རྒྱལ་སྤྱིའི་དུས་དེབ་ཆེ་ཤོས་༼HUFFPOST༽ སུ་གདེམས་བཀོད་བྱས་པ་འདི། རིན་པོ་ཆེ་ཉིད་ཀྱིས་གུས་པར་བོད་སྐད་དུ་སྒྱུར་དགོས་ཞེས་ཕེབས་པ་དང་དུ་བླངས་ཤིང་། རྒྱ་གར་རྫོང་སར་བཤད་གྲྭ་ནས། མཁན་པོ་ཆོས་དབྱིངས་རྡོ་རྗེའམ་གཟི་བརྗིད་མཐའ་ཡས་ཀྱིས་ཕབ་བསྒྱུར་ཞུས་ནས་འགྲེམ་སྤེལ་བྱས་པ་ཡིན་པས། ནོར་འཁྲུལ་གང་ཡོད་སྒྱུར་པོའི་ཡིན་ལགས་ན། སྐད་གཉིས་ལ་བྱང་ཆུབ་པའི་མཁྱེན་ལྡན་རྣམས་ཀྱིས་འགྱུར་བཅོས་སོགས་གང་དགོས་དང་དགོངས་འཆར་ལྷུག་པོར་གནང་སྩོལ་ཡོང་བའི་རེ་འདུན་བཅས།
ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༤ བོད་ཟླ་ ༣ ཚེས་ ༡༥ ཉིན།