དྲ་འབུ་གསོད་བཟུང་གང་ཞིག་བྱེད་དགོས་ཀྱང་ལས་སླ་བོ་རེད།
སྒོ་དམར་སངས་རྒྱས་བཀྲ་ཤིས།
བར་སྐབས་འདིར་མི་མང་པོ་ཞིག་གིས་དྲ་འབུས་ཕུ་དཀྲུགས་མདའ་དཀྲུགས་སུ་བཏང་ནས་དྲ་ཐོག་ཏུ་ཡོང་རྒྱུར་འཚེར་སྣང་བྱེད་དགོས་པ་ཞིག་ཆགས་འདུག འདིས་ང་ཚོའི་ཆ་འཕྲིན་གྱི་འཕེལ་རྒྱས་ལ་གནོད་སྐྱོན་གཏོང་གིན་འདུག་པས། ངས་ཡུན་རིང་ཞིག་ལ་དཀའ་ངལ་འདི་བསལ་ཐབས་ཤིག་བཙལ་བ་ཡིན།
༡ དྲ་འབུ་ལ་གདོང་ལེན་བྱེད་སྟངས།
དྲ་ཚིགས་སོ་སོས་མཉེས་ཆས་རང་རྐྱ་བ་རེ་བཀོལ་བའམ། ཡང་ན་དྲ་ཚིགས་མང་མཐར་ལྔའི་དབར་དུ་མཉེན་ཆས་འདི་ཐུན་མོང་དུ་བཀོལ་བ་སོགས་ཀྱིས་དྲ་འབུ་དག་གི་ས་གནས་དང་། དྲ་བར་ཞུགས་པའི་དུས་ཚེས། གློག་ཀླད་ཀྱི་IP ཨང་གྲངས། དེ་ནས་ཡིག་གཟུགས་ཀྱི་ཨང་རྟགས་(font code )གང་ཞིག་བཀོལ་མིན། དྲ་བར་གནས་དུས་སོགས་གསལ་བོར་ཐོ་འགོད་བྱེད་ཐུབ།
༢ དྲ་ཚིགས་སོ་སོས་རང་ཉིད་ཀྱི་དྲ་བ་དེ་བཞིན་རྒྱལ་སྤྱིའི་བརྡ་འཕྲིན་ལག་རྩལ་བདེ་སྲུང་ཞིབ་དཔྱོད་( IITSD)ཟེར་བ་དེར་དེབ་སྐྱེལ་བྱེད་དགོས། དེབ་སྐྱེལ་བྱེད་གླ་ལོ་རེར་ཨ་སྒོར་ ༣༥ ཡིན། (སྐྱབས་བཅོལ་བ་དང་། ཆོས་ལུགས་སྡེ་ཁག ཤེས་ཡོན་བསྟི་གནས་ཁང་སོགས་ཀྱི་ཕྱེད་བཅག་གི་གོང་ཚད།)
༣ ས་གནས་སོ་སོའི་བདེ་སྲུང་ལས་ཁུངས་ཁག་ཏུ་དྲ་གནས་དེབ་སྐྱེལ་ངེས་པར་ཡོད་དགོས། ཐོ་འགོད་དམ་དེབ་སྐྱེལ་བྱེད་གླ་ཨ་སྒོར་༦༥ ཡིན། འདི་ཐེངས་གཅིག་ལ་མ་གཏོགས་སྤྲོད་མི་དགོས། ཟླ་རེའམ་ལོ་རེའི་གླ་སྤྲོད་མི་དགོས།
༤ མཉེན་ཆས་འདི་དྲ་ཚིགས་ལྔ་རུ་བཀོལ་ན། དྲ་ཚིགས་རེ་རེ་ནས་མི་གཅིག་རེས་མ་གཏོགས་མཉེན་ཆས་འདིའི་གསང་ཚིག་བཀོལ་མི་ཆོག གལ་སྲིད་དྲ་ཚིགས་གཅིག་གིས་མཉེན་ཆས་འདི་བཀོལ་བ་ཡིན་ན་དྲ་བདག་མི་གཉིས་ཀྱིས་བཀོལ་ཆོག
༥ མཉེན་ཆས་འདི་བཀོལ་མཁན་གྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་། འབྲེལ་གཏུགས་ཁ་བྱང་། མཛུབ་རྗེས་སོགས་IITSD ལ་མཁོ་སྤྲོད་བྱེད་དགོས་པ་དང་། མཁོ་སྤྲོད་བྱས་པའི་རྒྱུ་ཆ་ཁག་བདེ་ན་ཡིན་པའི་ཁུངས་སྐྱེལ་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་བརྒྱུད་ནས་སྤྲོད་དགོས།
གལ་སྲིད་ང་ཚོས་མཇེན་ཆས་འདི་བཀོལ་བ་ཡིན་ན། པ་ཀི་སི་ཐན་དང་། བྱ་ཀོ་རི་ཡ། ཨབ་གྷན་སོགས་རྒྱལ་ཁབ་རེ་ཟུང་མ་གཏོགས་དེ་མིན་གྱི་རྒྱལ་ཁབ་ཚང་མས་ལས་དོན་འདིར་གཞོགས་འདེགས་བྱེད་ངེས་པ་དང་། དྲ་འབུའི་ནག་ཉེས་ནི་རྒྱལ་སྤྱིའི་ཆ་འཕྲིན་གྱི་རྩ་འཛིན་ནམ། ས་གནས་སོ་སོའི་རྩ་ཁྲིམས་ཇི་བཞིན་དངུལ་གྱི་ཉེས་ཆད་ནས་བཙོན་འཇུག་དང་། མཐའ་ན་ཚེ་བཙོན་བར་གྱི་ཁྲིམས་ཐག་བཅད་དང་གཅོད་བཞིན་ཡོད་པ་རེད།
འདོན་སྤེལ།: ༢༠༡༠/༠༦/༠༤