English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

དིས་ཆུང་བློ་ཆོས།

འདོན་སྤེལ། 2015/10/22 10:26 AM རྩོམ་པ་པོ།

540c57799781d

 

བླ་མ་དང་ལྷག་པའི་ལྷ་ཐ་མི་དད་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།

འདིར་བྱང་སེམས་བླ་མ་མཁན་རིན་པོ་ཆེ་དིས་ཆུང་བློ་ཆོས་མཆོག་གི་ངོ་སྤྲོད་རགས་ཙམ་བརྗོད་པར་བྱེད་དེ། དམ་པ་ཁོང་ནི་མཁན་ཆེན་བཀྲ་ཤིས་འོད་ཟེར་དང་སྒྲུབ་དཔོན་བླ་མ་བཀྲ་ཤིས་ཚེ་རིང་། དིས་ཆུང་འཇམ་དབྱངས་དགེ་ལེགས་ཞེས་པ་རྗེ་འཇམ་མགོན་བླ་མའི་ཕྲིན་ལས་ཁ་ལོ་བ་དེ་སོགས་མཁས་གྲུབ་དམ་པའི་རིགས་ཅན་འགྲན་ཟླ་དང་བྲལ་དུ་མ་དང་རིགས་རུས་ཁྱིམ་བརྒྱུད་གཅིག་པའི་མདོ་ཁམས་སྡེ་དགེའི་བྱེ་བྲག་ཨ་ལོ་ཁབ་སྟིང་དུ་དིས་ཆུང་ཚང་ཞེས་པར་སྐུ་བལྟམས། འཇམ་དབྱངས་དགེ་ལེགས་འདི་ཉིད་ཉང་པོ་སྔགས་འཆང་དོན་འགྲུབ་རྒྱལ་པོའི་སྐུ་སྐྱེ་ཡིན་ལ་རྫོང་ཤོད་བདེ་གཤེགས་འདུས་པ་རྟེན་དང་བརྟན་པ་བཞེངས་པའི་ཁུར་བཞེས་ཐོག སྐུ་ཚེ་གང་པོར་རྫོགས་པ་ཆེན་པོའི་ཉམས་ལེན་ཚད་དུ་ལང་པའི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་ཅིག་ཡིན་ལ་དེའི་སྐྱེ་སྲིད་རྫོང་ཤོད་སྤྲུལ་སྐུ་ད་ལྟའི་དཔེ་ཝར་རིན་པོ་ཆེའི་ཡབ་རྒན་དེ་རེད། སྤྲུལ་སྐུ་གཞན་ཤིག་ཡོད་པ་ནི་སྐུ་ཚ་རྣམ་རྒྱལ་རྡོ་རྗེ་ཞེས་པ་དམ་པའི་སྐྱེས་བུ་ཤིག་ཡོད་པ་དེའི་སྐྱེ་སྲིད་ཡིན།

འཁྲུངས་ས་ངོ་མ་ནི་མ་ཡུམ་གནས་མཇལ་འགྲོ་ཞོར་སྟོད་ལུང་མཚུར་ཕུར་ཡིན་ལ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་ཕྱག་མདུད་དང་དམ་རྫས་རིལ་ནག་མ་སོགས་བསྩལ་ནས་གཙུག་ཕུད་བཞེས་པར་མཚན་ལ་ཀརྨ་བློ་གྲོས་ཆོས་བཟང་ཞེས་གསོལ་ནས་མ་འོངས་བསྟན་འགྲོ་ལ་ཕན་ཐོག་ཅན་ཅིག་འོང་གསུངས་སྐད།

འཁྲུངས་དུས་ནི་རབ་བྱུང་བཅུ་དྲུག་པའི་ཤིང་སྟག་སྤྱི་ལོ༡༩༡༤ལོ་ཡིན། ཆུང་དུས་ནས་ཨ་ལོ་དཔལ་འབྱོར་དགོན་དུ་ཚོགས་ཞུགས་ཞོར་ཀེ་སྲིབ་ཨ་ཚང་ཞེས་པ་སྡེ་དགེ་ཚང་གི་དྲུང་ཡིག་པའི་དབང་པོ་ཞིག་ཡོད་པར་དེ་ལས་བོད་ཡིག་སྡེབས་བྲིས་ལུགས་གཟབ་གཤར་འཁྱུག་གི་བྲི་ཚུགས་དང་ལན་ཝར་གྱི་བྲི་ཚད་དག་སྡེབ་སོགས་ཀྱང་ལེགས་པར་སྦྱངས། ཚབ་ཚབ་མཁན་པོ་བདེ་ལུའམ་ཡོངས་གྲགས་མཁན་ཐུབ་བསྟན་མདུན་ནས་མི་ཕམ་མཁས་འཇུག་དང་གཞན་དགའི་མཆན་འབྲེལ་ལས་ཀཱ་རི་ཀ་རྒྱས་བསྡུས། སོར་མདོ། མཛོད་སོགས་ལ་ཐོས་བསམ་གནང་བས་མཁན་རིན་པོ་ཆེ་ནས་ཀྱང་རྒྱུན་དུ་ཁོང་གི་མཁྱེན་དཔྱོད་ལ་བསྟོད་བསྔགས་ཡང་ཡང་བཏང་། མཁན་ཆེན་འདི་ཡོངས་སུ་གྲགས་པའི་གཞན་དགའི་དངོས་སློབ་མངོན་པ་རང་ལས་མཁས་པ་མཁན་པོ་ཐུབ་བསྟན་ཞེས་པ་དེ་ཡིན་ལ་གངས་དཀར་པན་ཆེན་ནས་མི་ཉག་གངས་དཀར་རུ་བཤད་གྲྭའི་མཁན་པོར་གདན་ཕེབས་པ་ཡིན།

སྐབས་དེར་དཔལ་སྤུངས་པས་གྲྭ་བསྡུད་བྱུང་བས་ཁོང་ཡང་གྲྭ་ཁྲལ་དུ་བསྡུས་ཞང་པོ་སྒྲུབ་དཔོན་བཀྲ་ཤིས་ཚེ་རིང་གི་བདག་ཉར་འོག་འཚོགས་སྒྲིགས་རྒྱུག་ཞོར་ཆོ་ག་ཆོས་སྤྱོད་སྤྱི་དང་ཡོངས་ཁྲོད་སྒྲུབ་དཔོན་ཇ་ཡོག་བསྟན་འཕེལ་ལས་སི་ཏུའི་སུམ་རྟགས། དག་ཡིག སྡེབ་སྦྱོར་གྱི་སྐོར་སོགས་གསན། སྒྲུབ་དཔོན་བཀྲ་ཤིས་ཚེ་རིང་འདི་ནི་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཉམས་འོག་དུ་ཆུད་པའི་བླ་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པས་ཕྱིས་སུ་རྒྱལ་དབང་རིག་པའི་རྡོ་རྗེའི་དབུ་བླར་ཕེབས་ནས་ལྷོ་བྲག་མར་པའི་གདན་སར་ངོ་མཚར་བསམ་བརྗོད་ལས་འདས་པ་དང་བཅས་སྐུ་གཤེགས་པ་ཡིན།

གཞན་ཡང་དཔལ་སྤུངས་པའི་རྩིས་རམས་པ་ཀ་འཕེལ་དཔལ་འབྱོར་ལས་མཚུར་ལུགས་སྐར་ནག་རྩིས་དང་། གཟའ་ལྔ་དབྱངས་འཆར་སོགས་རང་རྐང་ཚུགས་པར་གསན་ཏེ་དཔལ་སྤུངས་པའི་རྩིས་འགན་ཀྱང་ལོ་ཤས་བཞེས། སྐབས་དེར་རིགས་འཛིན་མཁས་པའི་དབང་པོ་ཆུ་མགུ་བླ་མ་བསོད་ནམས་ཚེ་བརྟན་ལས་མི་ཕམ་སྙན་འགྲེལ་སྟེང་མེ་ལོང་མ་ཆ་ཚང་ཞུས་ཤིང་དཔེར་བརྗོད་རྒྱུག་འབུལ་སོགས་བྱས་པས་ཐུགས་ཤིན་ཏུ་དགྱེས་པར་གྱུར་ཏེ་མི་ཕམ་གསུང་གེ་སར་དབང་རིག་བཏད་ཡོངས་རྫོགས་དང་འཇམ་དཔལ་རིགས་ལྔའི་དབང་སོགས་གནང་། བླ་མ་འདི་ནི་མི་འཇམ་དབྱངས་མི་ཕམ་པའི་དངོས་སློབ་རྟེན་སྔགས་འཆང་མཁས་གྲུབ་འདྲེན་ཟླ་དང་བྲལ་བ་ཡིན་ལ་གསུང་ཚོགས་སྡེ་དགེའི་སྤར་ཁང་དུ་མང་ཙམ་ཡོད།

ཞོར་དུ་ཞང་པོ་དིས་ཆུང་དགེ་ལེགས་ཀྱི་མདུན་ན་གསོ་རིག་ཟིན་ཏིག་ལག་ལེན་ནས་བཟུང་རྒྱུད་བཞི་ཆ་ལག་དང་བཅས་པར་སྦྱངས་ཤིང་དུས་ཕྱིས་གསར་བརྗེའི་ལས་འགུལ་སྐབས་རང་ཕན་གཞན་ཕན་བྱུང་གསུངས། དགུང་གྲངས་ཉི་ཤུ་རྩ་ནང་སྐོར་ཤིག་ལ་ཟུར་མང་རྣམ་རྩེར་བཤད་གྲྭའི་མཁན་པོ་ཟུར་མང་རྡོ་རྡོ་དགོན་པའི་མཁན་ཆེན་སངས་རྒྱས་རྒྱ་མཚོ་འམ་མཁྱེན་རབ་ཀྱི་མདུན་ལས་གཞན་དགའི་མཆན་འགྲེལ་སྟེང་དབུ་མ་རྩ་འཇུག་བཞི་གསུམ་དང་འདུལ་མཛོད་སོགས་ལ་ཐོས་བསམ་ནན་ཏན་མཛད་པས་བཤད་གྲྭ་རྒྱས་ཤིང་མཁས་པ་མང་བའི་སྒང་ཡིན་ཡང་ལེགས་བརྩེ་ཞུ་བ་ཞིག་དང་ཁོང་རྣམ་གཉིས་མཁྱེན་དཔྱོད་རྩེ་ཕུད་གྱུར་པས་མཁན་རིན་པོ་ཆེ་ནས་ཀྱང་རྒྱུན་དུ་དམིགས་གསལ་བསྟོད་བསྔགས་ཡང་ཡང་མཛད་པ་ཡིན་ནོ། བཤད་གྲྭ་དེར་ལོ་གསུམ་ལྷག་བཞུགས། ད་རུང་རྒྱུན་རིང་བཞུགས་རྒྱུའི་དམ་བཅའ་མངའ་ནའང་དཔལ་སྤུངས་པས་བཀའ་མངགས་ལྟར་ཕྱིར་རང་དགོན་དུ་ཕེབས་ནས་ ༧ རྗེ་བྱམས་མགོན་དབང་མཆོག་རྒྱལ་པོའི་དྲུང་ཡིག་དང་ཁ་མཁོ་སྣ་མཁོའི་བེད་སྤྱོད་ཀྱིས་བཞུགས་དགོས་བྱུང་ཡོད་ལ་ཁོང་གིས་མི་ཚེའི་རིང་གི་འགྱོད་པ་ཆེ་ཤོས་དེ་ཟུར་མང་དུ་མཁན་པོ་བསྟེན་སྟེ་འདུག་མ་ཐུབ་པ་དེ་ཡིན་ཞེས་ཡང་ཡང་གསུངས་སོ།

དེ་ནས་རྗེ་གོང་མ་རྣམས་ཀྱི་ཕྱག་བཞེས་ལྟར་དཔལ་སྤུངས་སྒྲུབ་ཁང་འོག་མར་བླ་མ་རིན་པོ་ཆེ་ཡེ་ཤེས་འབྱུང་གནས་བསྟེན་ནས་ལོ་གསུམ་ཕྱོགས་གསུམ་རིང་གི་ཀཾ་ཚང་རང་ལུགས་ཀྱི་རྒྱུད་སྡེ་རྣམས་དང་། ཟབ་ལམ་ནཱ་རོ་ཆོས་དྲུག གྲོལ་ལམ་ཕྱག་རྒྱ་ཆེན་པོ་སོགས་ལ་སྒྲུབ་པ་ཉམས་བཞེས་མཐར་ཕྱིན་པར་གནང་བས་བརྙེས་པ་རྣམས་ཀྱི་མཆོག་བླ་མ་རིན་པོ་ཆེ་ཤིན་ཐུགས་དགྱེས་པ་ཡིན་ཏེ། བདག་ཅག་བླ་མའི་མདུན་དུ་སྒྲུབ་པར་ཡིན་ཁུལ་གྱི་སྐབས་ཤིག་མཁན་རིན་པོ་ཆེ་བློ་ཆོས་སྐུ་བསྙུན་ནས་བླ་མ་མཆོག་ཁོང་གི་སྐུ་ཡུལ་དུ་གདན་འདྲེན་གྱིས་མི་འཁྲུགས་དབང་བརྒྱ་ཞིག་དགོས་ཞེས་ཞུས་པར་དེ་སྐབས་བླ་མ་མཆོག་གི་དགུང་ལོ་མཐོ་བ་སོགས་ཀྱིས་གང་དུའང་སུ་ཞིག་གི་ངོར་ཕེབས་ཀྱིན་མེད་ལ་སྒོས་སུ་དེ་སྐབས་བསྙུན་དང་གངས་བབས་ཆེས་པས་ཕེབས་པར་བསམ་ཡུལ་ལས་འདས་ནའང་། ཁོ་བོ་ད་རེས་ཅིས་ཀྱང་འགྲོ་དགོས་གང་ལགས་ཟེར་ན་དིས་ཆུང་ཚང་ནི་བླ་མ་རིན་པོ་ཆེའི་ཁྱིམ་བརྒྱུད་ཡིན་པ་དང་ཡང་དགོས་མཁན་པོ་བློ་ཆོས་ཁོང་ནི་ཁོ་བོ་བླ་མ་ཡིན་པའི་ཁུལ་ཙམ་ལས་དོན་དུ་མཁས་བཙུན་བཟང་པོའི་བདག་ཉིད་བསམ་མི་ཁྱབ་ནའང་མཁས་མདོག་ཆེ་ཉམས་སོགས་གཏན་ནས་མི་མངའ་བས་རང་རེ་དམ་ཚིག་གཙང་མ་དར་དཀར་དྲི་མེད་ཀྱི་མདུད་པ་མ་གྲོལ་བ་ཡིན་པས་མ་སོང་ན་མི་རུང་གསུངས་ནས་ཕེབས་སོང་བར་བསམ་ན། དེང་དུས་བུམ་པ་རེ་མགོ་ལ་འཇོག་པའམ་ཆོས་འབྲེལ་གྱི་བླ་མར་གྱུར་ཟིན་ནས་བཟུང་སློབ་མའི་གནས་སྟངས་སོགས་ཇི་མི་སྙམ་པ་གང་འདོད་འདོད་དུ་བཀའ་མངགས་ཚར་གཅོད་སོགས་མི་མཛད་པར་དམ་ཚིག་ཟེར་བ་དེ་བླ་མ་དང་སློབ་མ་གཉིས་ཀའི་ངོར་བསམ་དགོས་པ་རེད་འདུག་པ་ཡང་ཡང་ཡང་དྲན་གྱིན་ཡོད།

མཁན་པོ་མཆོག་གིས་ཁོ་བོ་རྒྱུན་དུ་དགེ་སྒྲུབ་སྡིག་སྤོང་གི་ལག་ལེན་ཕྲན་བུ་ཡོད་པ་འདིའང་བླ་མ་ཁོང་གི་བཀའ་དྲིན་དང་བྱིན་རླབས་ཡིན་གསུངས་ཏེ་སྤྱན་ཆབ་བསྙིལ་བ་ཡང་ཐེངས་མང་མཇལ་མྱོང་ཡོད། དུས་འགྱུར་སྐབས་ཁོང་ཨ་ལོ་མཉམ་ལས་ཀྱི་སྨན་པ་མཛད་ནས་སྔོ་སྨན་འཐུ་སྒྲུག་དང་། སྨན་སློབ་གསོ་སྐྱོང་གནང་ནས་ཉམས་ཐག་པའི་ནད་པ་མང་པོ་ནད་ལས་གྲོལ་བ་མཛད་པས་མ་ཟད་ན་གཞོན་མང་པོར་ཤེས་རིག་ལ་བསྐུལ་མ་མཛད། སྲིད་ཇུས་གུ་ཡངས་སྐབས་སྤྱི་ལོ༡༩༨༡ལོར་སི་ཁྲོན་བོད་ཡིག་སློབ་གྲྭ་རྫོགས་ཆེན་ཤྲི་སིང་དུ་གསར་འཛུགས་བྱུང་སྐབས་དགེ་རྒན་ཆེད་དུ་གདན་ཕེབས་ཀྱིས་མདོ་དབུས་ཁམས་ཀྱི་མཁས་དབང་རྣམས་དང་ལྷན་དུ་ལོ་མང་རིང་བོད་ཀྱི་མཁས་དབང་རྣམས་དང་ལྷན་དུ་ལོ་མང་རིང་བོད་ཀྱི་རིག་གཞུང་དར་སྤེལ་གྱིས་སློབ་མ་ཡང་སློབ་སོགས་ཀྱིས་རྒྱ་ཕྱི་ནང་ཀུན་ཏུ་ཁྱབ་པས་ཆོས་རིག་དར་སྤེལ་སྒོས་བསྟན་འགྲོའི་དོན་ཆེན་གནང་བ་ནི།  དགེ་སློབ་ཀུན་གྱིས་ཁོང་གི་ཕྱི་ནང་ཡོན་ཏན་ལ་བརྩི་མཐོང་ཆེ་བ་དང་།  སྟན་ལྔ་རིགས་སྨྲ་དབང་མཁན་པན་ཚེ་ནས་མཁན་པོ་བློ་ཆོས་བྱངས་ཆུབ་སེམས་པ་ངོ་མ་ཟིག་ཡིན་ན་ཁྱོད་དེའི་སློབ་བུ་བསོད་ནམས་ཆེ་ནི་རེད་ཅེས་དང་། རྫོགས་ཆེན་མཆོག་སྤྲུལ་པདྨ་སྐལ་བཟང་ནས་དེང་སང་ཁོང་ལྟ་བུའི་མཁས་བཙུན་བཟང་གསུམ་འཛོམ་པོ་ཅན་རེ་གཉིས་ཅི་ཤེས་མ་གཏོགས་དཀའ་ནི་རེད་ཅེས་ཁོ་བོར་དངོས་སུ་གསུངས་པས་མཚོན། གཞན་མཁས་དབང་ཨ་ལགས་གཟན་དཀར་ཚང་དང་ཐང་བླ་ཚེ་དབང་སོགས་ནས་བསྔགས་བརྗོད་ཡང་ཡང་མཛད་པ་ཡིན།

ཚབ་ཚབ་དགོན་གྱིས་གདན་ཞུས་ལྟར་བཤད་གྲྭ་གསར་འཛུགས་དང་། དཔལ་སྤུངས་སུ་༧བྱམས་མགོན་སི་ཏུ་རིན་པོ་ཆེས་ཞིང་ཆེན་རིམ་པའི་གོང་འོག་བར་གསུམ་ལ་བཀའ་འཁྲོལ་ཞུས་ཤིང་བཤད་གྲྭའི་མཁན་པོ་ཐོག་མར་མངའ་གསོལ་ནས་དཔལ་སྤུངས་ལྔ་རིག་སློབ་གྲྭ་གསར་དུ་ཉམས་གསོ་གནང་བས་ལོ་མང་རིང་སྡེབས་བྲིས་དང་དག་ཡིག སུམ་རྟགས། སྙན་ངག རྩིས་སོགས་རིག་གནས་དང་སྤྱི་དང། ཀཱ་རི་ཀཱ་རྒྱས་བསྡུས་དང་སྤྱོད་འཇུག་མཁས་འཇུག་ཀུན་བཟང་བླ་མའི་ཞལ་ལུང་སོགས་ནང་པའི་གཞུང་ལུགས་ཀྱི་སྐོར་སོགས་ཀྱི་རྨངས་གཞི་ལེགས་པར་བཙུགས་པས་སློབ་ཚོགས་ཀྱང་ཕྱི་ནང་ཀུན་ཏུ་གཞན་དོན་ནུས་པའང་མང་ཙམ་བྱུང་བ་དང་རིམ་བཞིན་དཔལ་སྤུངས་ལྔ་རིག་ནང་བསྟན་སློབ་གླིང་འདི་ཉིད་ལེགས་པར་དར་ཞིང་རྒྱས་པ་བྱུང་བ་ཡིན། སྤྱིར་ཡང་བཤད་གྲྭ་འདི་ཉིད་ཐོག་མའི་ཆར་མཁས་དབང་ཐང་བླ་ཚེ་དབང་གཙོར་བཟུང་སྨན་རམས་པ་ཡོན་ཏན་ཕུན་ཚོགས། རྩིས་རམས་པ་ཕན་བདེ་སོགས་ནས་དུས་འགྱུར་སྐབས་ཐབས་མཁས་སྒོས་དཔལ་སྤུངས་མཉམ་ལས་ཀྱི་རྩིས་པ་དང་སྨན་པ་སོགས་མཛད་ཞོར་ས་གནས་དེ་གའི་གསར་བུ་འགའ་ལ་རིགས་གཞུང་བསླབས་པས་དེང་སོང་ཀྱང་རྒྱལ་ཕྱི་ནང་ཀུན་ཏུ་སློབ་མ་དང་ཡང་སློབ་མཁས་དབང་མང་དག་ཅིག་བཞུགས་པས་བོད་ཀྱི་རིག་གཞུང་ལ་བྱ་བ་བླ་ལྷག་ཏུ་སྤེལ་མུས་དང་། སྤྱིལོ༡༩༨༤ ལོར་ ༧བྱམས་མགོན་རིན་པོ་ཆེ་ཐོག་མར་རང་དགོན་དུ་ཕེབས་སྐབས་སྦྱངས་གྲྭ་གསར་འཛུགས་ཀྱིས་མཁས་དབང་ཐང་བླ་ཚེ་དབང་དང་། ཕྱག་མཛོད་སྨན་རམས་པ་ཡོན་ཏན་ཕུན་ཚོགས། ཆོས་ཁྲིམས་རྩིས་རམས་པ་སྐྱབས་ཆེ་ཕན་བདེ་སོགས་རིགས་གཞུང་དགེ་རྒན་དུ་བསྐོས་པས་ཁོང་གིས་ཕྱོགས་མཐའི་གསར་བུ་རྣམས་རིག་གཞུང་གི་འཆད་ཁྲིད་མཛད་པ་སོགས་སློབ་མ་སྐྱོང་གང་ཐུབ་མཛད་ནས་བསྟན་དང་སེམས་ཅན་ལ་ཞབས་ཕྱི་གང་ནུས་གནང་བས་ཁོང་ནི་རྒྱུན་དུ་ཆེ་འདོད་དང་། གྲགས་འདོད་སོགས་ཀྱི་བཟུང་འཛིན་ཨ་འཐས་དང་བྲལ་བས་བྱམས་དང་སྙིང་རྗེ་བཅོས་མ་མིན་པས་གཞན་དོན་ལྷུར་ལེན་མཛད་པ་དང་། ཉིན་ལྟར་ཕྱག་ཚོད་ལྔ་དྲུག་རེ་ཐུན་བཅད་པས་སྤྲོས་མེད་ཕྱག་རྒྱ་ཆེན་པོའི་ཉམས་ལེན་མཛད་བཞིན་ཡོད།

མཐར་རབ་བྱུང་བཅུ་བདུན་པའི་སྤྱི་ལོ༡༩༩༦ལོར་དགུང་གྲངས་གྱ་གཉིས་བཞེས་པར་སྐུ་མྱ་ངན་ལས་འདས་པ་ཡིན་སྟེ་ངོ་མཚར་བའི་རྟགས་ཐུགས་དམ་བཞུགས་ཤིང་ཤངས་ནས་བྱང་སེམས་དཀར་དམར་གཞུར་བ་དང་ཚུལ་ཁྲིམས་ཀྱི་དྲི་བཟང་ཀུན་ཏུ་ཁྱབ་རིང་བསྲེལ་བབས་པ་སོགས་བྱུང་བ་ཡིན་ནོ། །

དེ་ལྟར་སྒྲོ་སྐུར་དང་བྲལ་བས་འདས་པ་ལ་ཕྱི་མིག་ཞིག་དང་ལྷན་མཁས་དབང་དཔལ་བཟང་ནས་བྲིས་པའི་རྣམ་ཐར་ལ་གཞིར་བཟུང་ཅུང་ཟད་ཙམ་གྱིས་བསྣན་པ་དང་བཅས་སུ་ལའང་སྐུར་འདེབས་དང་འཁང་ར་སོགས་གཏན་སྤོང་པས་རིས་སུ་མ་ཆད་པའི་བསྟན་པ་དང་བསྟན་འཛིན་ལ་དད་པ་དང་དག་སྣང་དགེ་བར་ཅན་འདུ་ཤེས་གསུམ་པ་གཞན་ཕན་བསྟན་པའི་ཉི་མའམ་ཨ་མཆོག་ཏུ་འབོད་པས་ཤིན་ཏུ་བྲེལ་ཟིང་ངང་ཡུལ་ཤར་ཕྱོགས་སེང་གེའི་གླིང་ནས་འགོ་འཛུགས་གསེར་གླིང་དུ་རང་གནས་ཤེལ་གྱི་ཁང་ཆེན་ཐོག་བརྩེགས་བཅུ་བདུན་པ་ན་སྤྱི་ལོ་༢༠༡༣ ལོའི་ཟླ་བ་༧ པའི་ཚེས་༢༥ ཉིན་གྲུབ་པར་བྱས་པས་བླ་མ་མཆོག་གི་དྲིན་ལེན་སབ་པའི་རྒྱུར་གྱུར་ཅིག་གུ།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཁྲོ་རུ་མཁན་པོ་ཚེ་རྣམ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
  • ༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་མཛད་རྣམ།
  • འཛི་སྒར་བླ་མ་དབང་རྡོར་རིན་པོ་ཆེའི་རྣམ་ཐར།
  • མཁན་ཆེན་རྣམ་གྲོལ་རིན་པོ་ཆེ་མཆོག་གི་མཛད་རྣམ།
  • མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གི་མཛད་རྣམ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།