དབུས་རྒྱུན་ཚོགས་ཐེངས་ ༥ པ་ཁ་སང་མཇུག་སྒྲིལ་སོང་།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་སྐབས་དང་པོའི་ཚོགས་འདུ་ཐེངས་ ༥ པ་དེ་ཁ་སང་ཕྱི་ཚེས་ ༨ ཉིན་རྒྱལ་ས་ལྡི་ལིར་ཡོད་པའི་དབུས་ལས་ཁུངས་སུ་བསྐང་ཚོགས་གནང་ནས་ཚེས་ ༩ དགོང་མོ་གྲོལ་ཡོད་པ་རེད། ཚོགས་འདུ་དེར་དབུས་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་དང་། ཚོགས་གཞོན་སྲས་འཆི་མེད་ལྕགས་རྡོ་ལགས་ཀྱིས་གཙོས་རྒྱུན་ལས་རྣམ་པ་དང་། ཉིན་གཉིས་པའི་ཕྱི་དྲོར་ས་ཁང་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་ཞུགས་གནང་ཡོད་པ་རེད།
ཚོགས་ཐོག་ཏུ་རྒྱུན་བཞུགས་རྒྱུན་ལས་རྣམ་པས་འདས་པའི་ཟླ་བ་བཞིའི་རིང་གི་ཡིག་ཐོག་རྩིས་ཁྲ་དང་། ལས་བསྡོམས་ཁག་སྙན་སྒྲོན་ཞུས་རྗེས་ཞིབ་བཤེར་གནང་པ་དང་། ཉིན་གཉིས་རིང་འདས་པའི་ཚོགས་ཆེན་དང་། འགན་འཛིན་ལྷན་ཚོགས། དབུས་རྒྱུན་ལས་དང་། ཡན་ལག་མྱུར་སྐྱོབ་ཁང་། ས་ཁང་ཚོགས་ཆུང་བཅས་ཀྱི་ཚོགས་འདུ་རིམ་པའི་གྲོས་ཆོད་ཁག་ལ་སྐྱར་ཞིབ་དང་། འཇུག་སྐྱོང་བྱ་དགོས་པ་ཁག་ལ་བཀའ་བསྡུར་ཞུས་ཡོད་པ་རེད།
དེ་བཞིན་ལོ་ཆུང་ན་གཞོན་ཚོར་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་དབྱིངས་སླེབས་ཐབས་དང་། འདས་པའི་དུས་ཡུན་ནང་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སྤྱི་དང་། ཡང་སྒོས་རང་གཞུང་བཀའ་ཤག་གི་སྲིད་བྱུས་ལྟར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱིས་རང་རིགས་རང་སྐྱོང་གི་དམིགས་ཡུལ་འོག་བོད་ཕྱི་ནང་གཉིས་ནས་བདེ་སྡུག་སྙན་ཞུ་འབྱོར་བའི་ཉམས་ཐག་ནད་པ་དང་། ཛ་དྲག་གནས་སྟངས་འོག་ལུས་པའི་རང་རིགས་མི་མང་གང་མང་ཞིག་ལ་རོགས་རམ་དོན་སྨིན་ལྡན་པ་ཐུབ་སྟེ། དཔེར་ན་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ར་བའི་ནང་ནས་བཀའ་སྤྱི་གཉིས་ཀྱིས་བསྔགས་བརྗོད་ཐོབ་ཡོད་པ་བཅས་ཀྱི་གནས་དོན་བཟང་པོ་དག་མ་འོངས་ཕུགས་འཕེར་རང་བཞིན་ཅན་གྱི་ཐོག་འཇུག་སྐྱོང་གནང་ཕྱོགས་སོགས་ཀྱི་སྐོར་ནས་གྲོས་ཆོད་འགའ་བཞག་ཡོད་པ་རེད།
དེ་བཞིན་སྡེ་དགེ་བོད་ཀྱི་ལག་ཤེས་སློབ་གླིང་གི་དགེ་སློབ་རྣམས་ལ་ཉིན་བཞིའི་རིང་ལ་དབྱར་སྐྱིད་ཀྱི་གོ་སྐབས་འབུལ་ཕྱོགས་དང་། བདུན་རེའི་སློབ་གྲྭའི་གུང་སེང་དེ་༸གོང་ས་མཆོག་གི་སྐུའི་བླ་གཟའ་ལྷག་དཀར་ཉིན་མོར་བཏུག་རྒྱུ་སོགས་བྱས་ཏེ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།