ཆུ་སྒང་མཐོ་སློབ་སློབ་ཡོན་སློབ་མ་༦༧ ལ་གནང་བཞིན་འདུག
ཡོང་ཁུངས། བོད་ཀྱི་བང་ཆེན་དྲ་བ།
ཕྱི་ཟླ་༢ ཚེས་༢༥ ནས་༢༧ བར་ཆུ་སྒང་འགན་འཛིན་ལྷན་ཚོགས་སྐབས་གྲོས་ཆོད་དོན་ཚན་༡༥ སྤྱི་མོས་བྱུང་བ་མ་ཟད། ལོ་འདིར་མཐོ་སློབ་སློབ་ཡོན་སློབ་མ་གྲངས་༢༠ དང། ཨ་འབྲུག་མགོན་པོ་བཀྲ་ཤིས་དང། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་གཉིས་རྗེས་དྲན་ཆེད་སློབ་ཕྲུག་གྲངས་༦ ལ་སློབ་ཡོན་གནང་གཏན་ཁེལ་འདུག་ལ། བོད་སྒར་བསམ་ཡས་གླིང་དུ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་སོང།
སྐབས་འདིའི་ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་༤༣ པ་དེ་ཆུ་སྒང་དཔའ་བོའི་དྲན་རྟེན་ཚོགས་ཁང་དུ་ཉིན་གསུམ་རིང་འཚོགས་ཡོད་པ་དང། ཉིན་དེ་དག་གི་རིང་གྲོས་གཞི། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནི་སྤྱིར་འཛམ་གླིང་ཞི་བདེའི་ལམ་སྟོན་པ་དང་། སྒོས་སུ་བོད་གངས་ཅན་པའི་བསྟན་སྲིད་མི་རིགས་དང་བཅས་པའི་འཕྲལ་ཕུགས་ཀྱི་བདེ་རྩ་ཉག་གཅིག་ཡིན་པར་བརྟེན། རང་རེ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ངོས་ནས་མགོན་པོ་གང་གི་སྐུའི་ཉེན་སྲུང་དང་། མཛད་འཕྲིན་རྒྱས་ཐབས་བཅས་སུ་འགན་ཁུར་གནང་ཕྱོགས་ཇི་དགེའི་སྐོར་དང། བོད་བསྟན་སྲིད་མི་རིགས་རིག་གཞུང་སྤྱི་དང་། ལྷག་པར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཀྱི་ལས་དོན་སྔར་ལྷག་ཡར་རྒྱས་དང་ཚགས་ཚུད་ཡོང་ཐབས་བཅས་ཀྱི་ལས་དོན་ཇི་དགེ་སྐོར། བོད་བསྟན་སྲིད་རང་དབང་སླར་གསོའི་ཆེད་བོད་རིགས་སྤུན་ཟླ་མང་པོས་རང་ལུས་མེར་སྲེག་གིས་རྒྱ་ནག་སྲིད་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་སྤེལ་དང་སྤེལ་བཞིན་པ་བཅས་ཀྱི་ཛ་དྲག་གནས་ཚུལ་ཐད། གདུང་སེམས་མཉམ་བསྐྱེད་དང་། སྐྱིད་སྡུག་མཉམ་མྱོང་གི་བོད་དོན་ལས་འགུལ་སྤེལ་ཕྱོགས་ཇི་དགེ་སྐོར་བཅས་ལ་བགྲོ་གླེང་ཞིབ་ལྷུག་གནང་ནས་གྲོས་ཆོད་དོན་ཚན་༡༥ སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པའི་ངོས་ནས་ཆོལ་ཁ་རང་ཁོངས་ཀྱི་མཐོ་རིམ་སློབ་མ་གྲངས་༤༡ ལ་ལོ་སྔོན་མའི་སློབ་ཡོན་སྤྲོད་བཞིན་པའི་ཐོག འདི་ལོར་སླར་ཡང་མཐོ་རིམ་སློབ་མ་གྲངས་༢༠ གསར་སྣོན་གྱིས་ཁྱོན་མཐོ་རིམ་སློབ་མ་༦༡ ལ་སློབ་ཡོན་སྤྲོད་རྒྱུ་ཡིན་པ་ལྟར། འདི་ལོར་ཡང་འཛིན་གྲྭ་བཅུ་གཉིས་ཐོན་པའི་སློབ་ཕྲུག་གྲངས་༢༠ ཐམ་པར་རྒྱན་དཀྲུག་གི་ལམ་ནས་ལོ་གསུམ་རེར་མཐོ་སློབ་སློབ་ཡོན་གནང་རྒྱུ་གཏན་ཁེལ་བྱུང་ཡོད་པ་རེད།
ལོ་འདིར་དམིགས་བསལ་ཞིག་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་གསར་འཛུགས་བྱེད་མཁན་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་དང་། མི་རྗེ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གཉིས་ཀྱི་རྗེས་དྲན་དུ་ཆོལ་ཁ་རང་ཁོངས་ཀྱི་མཐོ་རིམ་སློབ་མ་གྲངས་གསུམ་རེ་བསྡོམས་སློབ་མ་གྲངས་༦ ལ་ལོ་གསུམ་རིང་སློབ་ཡོན་སྤྲོད་རྒྱུ་ཡང་གཏན་ཁེལ་བྱུང་ཡོད་པ་བཅས་བསྡོམས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་ལོ་རེར་སློབ་ཕྲུག་གྲངས་༦༧ ལ་མཐོ་སློབ་སློབ་ཡོན་གྱི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་བཞིན་ཡོད་པ་རེད།
ཆབ་སྲིད་ཀྱི་སྐོར་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རྒྱ་ནག་གི་གདུག་རྩུབ་ཆེ་བའི་དྲག་གནོན་དང་། སྲིད་ཇུས་ངན་པར་མ་བཟོད་པར། རང་ལུས་མེར་སྲེག་གིས་ཞི་བའི་ངོ་རྒོལ་གནང་དང་གནང་བཞིན་པའི་དོན་དངོས་གནས་ཚུལ་ལ། རྟོག་ཞིབ་ཉན་འཇོག་བྱ་རྒྱུའི་ཚབ་ཏུ། གནས་ཚུལ་དེ་འབྲེལ་བོད་མི་མང་པོར་ཉེས་མེད་ཉེས་འགེལ་དང་། ཁྲིམས་གཞི་རྫུན་མ་སྣ་མང་བསྒྲགས་ནས་དྲག་གནོན་དང་། འཛིན་བཟུང་བཙན་ཁྲིད། བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་པར་ངོ་རྒོལ་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་སྤེལ་རྒྱུ་དང། དབུས་དང་ས་གནས་ཀྱི་ཆུ་བཞི་སྒང་དྲུག་གི་ཚོགས་པ་ཁག་ཚོགས་པ་གཞན་གྱི་བོད་དོན་ལས་འགུལ་ནང་སྔར་བཞིན་མཉམ་ཞུགས་རྒྱུན་འཁྱོངས་ཐོག དབུས་ས་གཉིས་ནས་དམིགས་བསལ་སྐབས་བབ་དང་བསྟུན་ནས་བོད་དོན་ལས་འགུལ་སྤེལ་ཐབས་བྱ་རྒྱུ། དེ་བཞིན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་བཀོད་ཁྱབ་འོག་ས་གནས་ཆུ་སྒང་རྒྱུན་ལས་ཚང་མས་ཉིན་བརྒྱ་དུས་གཅིག་ཏུ་བོད་བསྟན་སྲིད་རང་དབང་སླར་གསོའི་ཆེད་དུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཚན་ཐོག་ས་ག་ཟླ་བའི་ཚེས་༡༥ ཉིན་བསྔོ་སྨོན་མཆོད་འབུལ་དང་། བསྔོ་རྟེན་སྐྱབས་འཇུག་ཞུ་རྒྱུ་སོགས་ཐག་གཅོད་བྱུང་ཡོད་པ་རེད།
ཕྱི་ཚེས་༢༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་བྱས་ནས་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་དང་གཏོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང། སྐབས་དེར་འགན་འཛིན་ལྷན་ཚོགས་ལ་ཕེབས་པའི་སྤྱི་འཐུས་རྣམ་པ་དང། དབུས་རྒྱུན་ལས་དང་ས་གནས་ཁག་གི་རྒྱུན་ལས། དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་དང་མི་མང་བཅས་མི་གྲངས་༤༠༠ ཙམ་མཉམ་ཞུགས་བྱས་ཡོད་པ་དང། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་སྤྱི་ཟུར་གླིང་ཚང་པདྨ་བདེ་ལེགས་ཀྱིས་དྲང་བདེན་ལ་དགའ་བའི་བློ་གཟུ་བོར་གནས་པ་དག་གིས་བོད་མིའི་རང་སྲེག་ལ་བརྟེན་ནས་འཐབ་རྩོད་བྱེད་བཞིན་པའི་རྩ་དོན་ལ་བདག་པོ་བརྒྱབ་ནས། བདེན་པར་རྒྱབ་སྐྱོར་དང་། རྫུན་པར་འགོག་རྒོལ་བྱེད་རྒྱུ་ནི་བོད་མི་རིགས་ཀྱི་གནད་དོན་གཅིག་པུ་མིན་པར། འཛམ་གླིང་ཞི་བདེ་དང་། འཆམ་མཐུན་བཅས་ལ་ཡང་འགན་ཁུར་བྱས་པ་ཞིག་ཡིན་སྐོར་སོགས་འཁོད་པའི་བསྒྲགས་གཏམ་ཞིག་ཀྱང་སྤེལ་སོང།།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།