གྲགས་ཆེན་རྩོམ་པ་པོ་ཚེ་རིང་འོད་ཟེར།
ཉི་ཟེར་དུས་དེབ་ལས་དྲངས།
རྩོམ་པ་པོ་འོད་ཟེར་ལགས་ནི་སྤྱི་ལོ་༡༩༦༦ ཟླ་བ་༧ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་ཤིང། མིང་ཆ་ཚང་ལ་ཚེ་རིང་འོད་ཟེར་ཞེས་འབོད། ཕ་ཡུལ་ནི་མདོ་སྟོད་ས་ཡི་ཐིག་ལེ་འཛམ་གླིང་གེ་སར་རྒྱལ་པོའི་འཁྲུགས་ཡུལ་ཁམས་སྡེ་དགེ་རེད། ཆུང་དུས་ནས་སི་ཁྲོན་བོད་རིགས་རང་ལྗོངས་ཁུལ་དང་དེ་མིན་རྒྱ་ནག་གི་ས་གནས་གཞན་དག་ཁག་ཏུ་སློབ་གཉེར་བྱས་ཏེ་འཚར་ལོངས་བྱུང་། དེང་སང་བོད་རིགས་བུད་མེད་རྩོམ་པ་པོ་དང་སྙན་ངག་པ་གསར་འགོད་པ་བཅས་ཀྱི་ལས་གནས་འཁུར་བཞིན་པའི་ལ་རྒྱ་ཅན་གྱི་བོད་རིགས་བུད་མེད་ཅིག་ཆགས་ཡོད་ལ། ༡༩༨༨སྤྱི་ཟླ་བདུན་པར་ཁྲིན་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་རྒྱའི་སྐད་ཡིག་ཚན་ཁག་ནས་བསླབ་པ་མཐར་སོན་ཏེ་དཀར་མཛེས་ཁུལ་དུ་གསར་འགོད་ལས་རིགས་སུ་ཞུགས། ༡༩༩༠ ལོར་སྐྱེས་ཡུལ་དུ་ལོག་ནས་ལོ་མང་རིང་ལྷ་སའི་བོད་ཀྱི་རྩོམ་རིག་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པའི་ཐུགས་འགན་བཞེས། ༢༠༠༣ ལོའི་ཟླ་བ་དང་པོར་ཁོ་མོས་རྩོམ་འབྲི་གནང་བའི་<<བོད་ཀྱི་ཟིན་ཐོ་>>ཞེས་པ་དེ་རྒྱ་ནག་ཧཱ་གྲོང་དཔེ་སྐྲུན་ཁང་ནས་སྤར་འདེབས་དང་འགྲེམས་སྤེལ་བྱས། ཟླ་ཤས་རྗེས་དེབ་དེ་རྒྱའི་དོ་དམ་ཚན་ཁག་ནས་འདོན་མི་ཆོག་པའི་བཀག་རྒྱ་བྱས། ཁོ་མོ་དེབ་དེའི་རྐྱེན་པས་དུས་དེབ་རྩོམ་སྒྲིག་ཚོགས་ཆུང་གིས་བསམ་བློའི་སློབ་གསོ་དང་དེ་མིན་ཉེས་པ་ཁག་འགའ་བཀལ་བས་ཉེས་མེད་ཉེས་པ་དེ་དང་ལེན་མ་བྱས་པ། རྩོམ་སྒྲིག་ཚོགས་ཆུང་གི་ལས་གནས་ནས་རང་འགུལ་ངང་ཕྱིར་ཐོན་བྱས། རིང་མིན་རྩོམ་སྒྲིག་ཁང་ནས་ཁོ་མོ་རང་འགུལ་ངང་ཐོན་པའི་སྐོར་གསལ་བསྒྲགས་དང་། དེས་མ་ཚད་བོད་ཀྱི་རྩོམ་རིག་ལས་ཁུངས་འོད་ཟེར་གྱི་<<བོད་ཀྱི་ཟིན་བྲིས་>>སྐོར་གྱི་ཞིབ་བཤེར་བསམ་འཆར་དང་ཐག་གཅོད་ཀྱི་གྲོས་གཞི་ཞེས་པའི་ཡིག་ཆ་ཞིག་ཀྱང་སྤེལ་ནས་དེབ་དེ་ལ་སྐྱོན་བརྗོད་ཐེངས་མང་བྱས། དེ་ནས་བཟུང་འོད་ཟེར་ལགས་རྒྱ་གཞུང་གིས་གཉེར་བའི་ལས་ཁུངས་དང་འབྲེལ་ལམ་ཡོངས་སུ་ཆད་ནས་རང་དབང་རྩོམ་པ་པོ་ཞིག་ཏུ་གྱུར། ༢༠༠༤ལོར་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞུང་དང་གཉེན་སྒྲིག་བྱས། ༢༠༠༦ ལོར་འོད་ཟེར་ལགས་ཀྱི་ཡབ་ཆེན་དམ་པས་རིག་གནས་གསར་བརྗེའི་སྐབས་སུ་དཔར་ལེན་བྱས་པའི་འདྲ་པར་དག་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་དང་འབྲེལ་ཡོད་མི་སྣ་ཁག་མི་གཞན་དག་ལ་བཅར་འདྲི་བྱས་ནས་མཐར་<<གསར་བརྗེ་>>ཞེས་པའི་དཔེ་དེབ་ཞིག་རྩོམ་སྒྲིག་གནང་། དེབ་དེ་ཐེ་ཝན་དུ་སྤར་བསྐྲུན་བྱས་པ་དང་དུས་གཅིག་ཏུ་རིག་གནས་གསར་བརྗེའི་སྐོར་གྱི་ལོ་རྒྱུས་མི་རབས་རྒན་གྲས་རྣམས་ཀྱིས་ངག་ཐོག་ནས་བཤད་པ་རྣམས་ཕྱོག་ས་སྒྲིག་བྱས་པའི་དཔེ་དེབ་<<བོད་ཀྱི་དྲན་ཐོ>>ཞེས་པ་དེ་བཏོན། ཕན་ཚུན་བརྗོད་བྱ་དམ་ཟབ་འབྲེལ་བའི་དེབ་དེ་གཉིས་རྒྱ་ནག་གི་དབང་བསྒྱུར་འོག་རིག་གནས་གསར་བརྗེ་ཆེན་པོའི་སྐབས་བོད་མི་མང་རྣམས་དཀའ་སྡུག་ཚད་མེད་མྱོང་བ་སོགས་དེའི་སྐབས་ཀྱི་རྣམ་པ་ཇི་བཞིན་དུ་གསལ་བའི་ལོ་རྒྱུས་པར་རིས་ཀྱི་བདེན་དཔང་དང་རིག་གནས་གསར་བརྗེའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་དང་པོ་དེ་ཡང་ཆགས་ཡོད།ཁོ་མོས་དེབ་དེའི་མིང་འདོགས་སྟངས་སྐོར་ལ་འགྲེལ་བརྗོད་གནང་བ་ལྟར་རྒྱ་ཡིག་ཐོག་杀劫ཧྲ་ཇེའི་ཞེས་པའི་སྒྲ་འདོན་སྟངས་དེ་བོད་ཡིག་ཐོག་གསར་བརྗེ་ཞེས་པའི་མིང་ཐད་བརྗོད་བྱས་པ་ཞིག་ཡིན་ལ། རྒྱ་ཡིག་ཧྲ་ཇེའི་ཞེས་པའི་དོན་བསད་པ་དང་འཕྲོག་པ་ཞེས་པའི་མིང་དོན་མཚུངས་པའི་དུས་རབས་ཉི་ཤུ་ལོ་རབས་ལྔ་བཅུ་པའི་རིག་གནས་གསར་བརྗེས་བོད་མི་མང་ལ་སྤྲད་པའི་མི་བསད་འཕྲོག་བཅོམ་གྱི་ངན་དགུ་ཚང་བའི་རྒྱ་དམར་གྱི་བྱ་བ་རྣམས་མིང་ཚིག་དེས་ཇི་བཞིན་མཚོན་ཐུབ་ཡོད།
རྩོམ་པ་པོ་འོད་ཟེར་ལགས་ལ་འབྱོར་བའི་ཆེ་བསྟོད་དང་གཟེངས་རྟགས་ཀྱི་སྐོར་ལ།
1) ༢༠༠༧་༡༢་༡༩ ཉིན་བཙན་བྱོལ་བོད་ཀྱི་གསར་འགོད་མཐུན་ཚོགས་ནས་<<འཇིགས་ཞུམ་བྲལ་བའི་སྨྲ་བརྗོད་བ་>> ཞེས་པའི་གཟེངས་རྟགས་དང་ཆེ་བསྟོད་ཕུལ།
2) ༢༠༠༨་༣་༨ ཉིན་ནོ་ཝེལ་གྱི་རྩོམ་པ་པོའི་མཐུན་ཚོགས་ནས་<<རང་དབང་གི་མཚོན་དོན་>>ཞེས་པའི་གཟེངས་རྟགས་ཕུལ། སྐབས་དེར་རྒྱ་གཞུང་གིས་ཕྱིར་བསྐྱོད་ལག་འཁྱེར་མ་སྤྲད་པར་བརྟེན་མཛད་སྒོ་དེར་ཁོ་མོ་དངོས་སུ་ཞུགས་ཐུབ་མེད།
3) ༢༠༡༠་༣་༢༠ཉིན་རང་དབང་རྒྱ་ཡིག་སྨྱུག་ཚོགས་ཐེངས་ལྔ་པའི་(ལིང་ཁཚཀྲའོ་)དྲན་རྟེན་ཞེས་པའི་གཟེངས་རྟགས་འཐོབ།
4) ༢༠༡༠་༥་༡༠ཉིན་རྒྱལ་སྤྱིའི་བུད་མེད་བརྙན་འཕྲིན་བརྒྱུད་ལམ་ཐེབས་རྩ་ལྷན་ཚོགས་ཀྱིས་<<བློ་སྟོབས་ཅན་གྱི་གསར་འགོད་པ>>་ཞེས་པའི་བྱ་དགའ་ཕུལ།
རྩོམ་པ་པོ་འོད་ཟེར་ལགས་ཀྱི་རྩོམ་ཆོས་ཁག
༡༩༩༩ ལོར་སྙན་ངག་ཕྱོགས་བསྡུས་<<གོང་ན་མེད་པའི་བོད>>
༡༩༩༩ <<བོད་ཀྱི་ཟིན་ཐོ>>རྗེས་སུ་བོད་ཀྱི་སྙན་ངག་ཞེས་མིང་བསྒྱུར་བྱས་ནས་ཧའ་གྲོང་དཔེ་སྐྲུན་ཁང་ནས་འགྲེམས་སྤེལ་གནང་།
༢༠༠༣ <<བོད་ ཚོས་མདོག་དམར་སྨུག་གི་ས་ཁྲ>>
༢༠༠༤<<གསར་བརྗེ>>པར་རིས་དང་ལོ་རྒྱུས་སྦྲགས་མའི་དཔེ་དེབ།
༢༠༠༤<<བོད་ཀྱི་དྲན་ཐོ>>ཞེས་པའི་ངག་རྒྱུན་ལོ་རྒྱུས་ཕྱོགས་སྒྲིག་གི་དཔེ་དེབ།
༢༠༠༧<<ཕྲེང་བ་བགྲང་བཞིན་པའི་སྒྲུང་གཏམ>>
༢༠༠༨<<མཐོང་མི་ཐུབ་པའི་བོད>>
ཆ་འཕྲིན་གྱི་དུས་རབས་འདིར་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་དྲྭ་རྒྱའི་ཟིན་བྲིས་སྤེལ་དང་སྤེལ་བཞིན་པ་ཁག་ཅིག་ནི།
1) ད་ལྟའི་ཆར་རྒྱ་ནག་ནང་ཁུལ་གྱི་རང་དབང་དམངས་གཙོ་དོན་གཉེར་བ་ཚོའི་ཟིན་བྲིས་ལེགས་གྲས་དང་ཚགས་ཤོག་ཁག་ནང་དུ་ཐོན་པའི་བོད་དོན་སྐོར་སོགས་ཕྱོགས་བསྒྲིགས་བྱས་པའི་དྲྭ་རྒྱའི་ལེ་ཚན་ “དམངས་ཁྲོད་ཀྱི་སྒྲུང་གཏམ” ཞེས་པ་ཞིག་དང་།
2) བོད་དོན་དང་འབྲེལ་བའི་རང་གིས་མཐོང་ཐོས་མྱོང་བ་དངོས་སུ་བཀོད་པ་དྲྭ་རྒྱའི་ཟིན་བྲིས་ “མཐོང་མི་ཐུབ་པའི་བོད ”ཅེས་པའི་རྒྱ་ཡིག་རྒྱས་སྤྲོས་ཡིག་གཟུགས་ཐོག་ཡོད་པ་ཞིག་དང་།
3) “དབྱིན་ཡིག་སྙན་ངག་ཕྱོགས་བསྒྲིགས་དྲྭ་བ་”བཅས་བོད་མི་མང་གི་ཆེད་སྲོག་ཉེན་གྱི་འཐབ་རྩོད་ལ་མི་འཛེམ་པར་འཛམ་གླིང་ཕྱོགས་གང་སར་བོད་དོན་དྲིལ་བསྒྲགས་གནང་བཞིན་པའི་དཔའ་མོ་ཞིག་ཡིན་པ་བཅས།།