གཞིས་སྡོད་རྩོམ་པ་པོ་འཇམ་དབྱངས་སྐྱིད་ལ་བཅར་འདྲི།
ནུབ་བྱང་བོད་སྐད་ཡིག་རིག་གནས་སློབ་གླིང་གི་ཞིབ་འཇུག་སློབ་མ་མགོན་པོ་སྐྱིད་ཀྱིས་དྲི་བ་བཏོན་ཞིང༌།
འཇམ་དབྱངས་སྐྱིད་ཀྱིས་དྲིས་ལན་བཏབ།
༡.དྲི་བ། དེང་སྐབས་གྲོང་ཁྱེར་ཁག་ན་བོད་མོ་སྨད་འཚོང་མ་ཇེ་མང་དུ་འགྲོ་བཞིན་པར་ཁྱེད་ལ་ལྟ་ཚུལ་ཅི་འདྲ་ཡོད།
དྲིས་ལན། དྲ་རྒྱ་དང་དུས་དེབ་སོགས་ཀྱི་སྟེང་སྡང་སེམས་ཀྱིས་ཁེངས་པའི་སྐྱེས་པ་སྐོར་ཞིག་གིས“སྨད་འཚོང་མ། འཕྱོན་མ། གཡེམ་མ”སོགས་མིག་ལ་བརྩེ་ཞིང་རྣ་བར་གཟན་པའི་མིང་ཚིག་སྤྱད་དེ་བུད་མེད་སྤྱིའི་མི་གཤིས་ལ་དམའ་འབེབས་བྱེད་དང་བྱེད་ཀྱིན་འདུག ཐ་ན་བརྩམས་ཆོས་སུ་ཁེ་དབང་དང་འདྲ་མཉམ་གྱི་མིང་ཚིག་གིས་ཕྱུག་པའི་ཤེས་ཡོན་ཅན་འགྱན་སངས་རྒྱས་དོན་གྲུབ་ལགས་ཀྱང་ཚིག་འདི་རིགས་བཀོལ་རྒྱུར་དགའ་ཚོད་རེད། དེ་དག་གིས་ང་དང་ང་འདྲ་བའི་སྤུན་མོ་ཚོའི་སྙིང་ལ་རྨ་ཁ་བཟོས་ཡོད། དེ་རིང་འདི་འདྲའི་དྲི་བ་ཞིག་དང་གློ་བུར་འཕྲད་སྐབས་ང་རང་ཡུལ་ཡུལ་བོར་བཏང༌།
ཚོང་རྫས་གང་ཞིག་ལ་ཚོང་ར་ཡོད་པ་ན་ད་གཟོད་ཚོང་རྫས་དེ་བྲིན་རྒྱུགས་དང་དར་ཁྱབ་འབྱུང་བ་ལས་ཚོང་ར་མེད་ཙ་ན། ཚོང་རྫས་དེ་སྐད་ཅིག་ཙམ་ཡང་གནས་མི་ཐུབ་པ་འཇིག་རྟེན་གྱི་ཆོས་ཉིད་རེད། གནས་ལུགས་དེ་ཁོ་ཚོས་རྟོགས་ཀྱང་སྣང་མེད་དུ་བཞག་པ་ནི་ཤིན་ཏུ་ཕངས་པའི་གནས་རེད་ལ། ཚོང་རྫས་དེ་ཉོ་མཁན་ཏག་ཏག་ཁོ་རང་ཚོ་དང་སྐྱེ་ཁམས་གཅིག་འདྲ་ཡིན་པའི་མི་བུ་དག་ཡིན་པ་ལ་བསམ་བློ་འཁོར་གྱི་མེད་པ་ནི་དེ་བས་ཀྱང་དགོད་བྲོ་མི་ཡོང་ངམ། སྨད་འཚོང་མཁན་དང་སྨད་ཉོ་མཁན་གཉིས་ལས་གང་ཡག་གང་བཙོག གང་བཟང་གང་ཞན་གྱི་དབྱེ་བ་སུ་ཡིས་ཇི་ལྟར་འབྱེད།
ཧྥ་རན་སིའི་བུད་མེད་རྩོམ་མཁན་སི་མོན་ཏེ་འབོ་ཝར་གྱིས་བུད་མེད་སྨད་འཚོང་གི་ལས་ལ་ཞུགས་པའི་འབྱུང་རྩ་དང་རྒྱུ་རྐྱེན་གང་མང་བརྗོད་འདུག་པ་ལས། བུད་མེད་སྐོར་ཞིག་གིས་བརྩེ་དུང་གི་ཕམ་ཁ་མྱངས་པ་དང༌། གྲོང་ཁྱེར་གྱི་བུ་རྫི་མར་ཁྱིམ་བདག་གི་བཙན་གཡེམ་ཐེབས་པ། ཞིང་གྲོང་གི་བུ་མོ་གྲོང་ཁྱེར་དུ་ཡོང་བ་གཞན་གྱི་གཡོ་འོག་ཏུ་ཚུད་དེ་ཕྱུགས་ཆུང་མའི་ལང་ཚོ་བརླགས་པ་སོགས་ཀྱིས་སྨད་འཚོང་གི་ལས་ལ་ཞུགས་པ་རེད་ཟེར། བུ་མོ་ཚོས་རང་གི་ཕྱུགས་ཆུང་གི་ལང་ཚོ་ལ་ཚེ་སྲོག་ལྟར་གཅེས་འཛིན་བྱེད་པ་དེ་ལ་ཡང་རྒྱུ་རྐྱེན་མེད་པ་ཞིག་མ་རེད། དེ་ནི་སྒེར་ལ་བདག་པའི་ལམ་ལུགས་བྱུང་བ་ནས་དར་བ་རེད། སྐྱེས་པས་རང་གི་བུ་རྒྱུད་ངོ་མར་ཤུལ་ནོར་བསོགས་འཇོག་ཆེད། བུ་མོ་གང་དེ་གཉེན་སྒྲིག་སྐབས་ཕྱུགས་ཆུང་མ་ཡིན་དགོས་ལ། ཕྱུགས་ཆུང་མར་དད་གུས་བྱེད་པའི་སྲོལ་ལུགས་དུས་དེ་ནས་དར་ཚུལ་བརྗོད་འདུག
ཕ་ཡུལ་མདོ་སྨད་ལྷོ་རྒྱུད་ནས་ཡིན་པའི་གྲོགས་མོ་འཛམ་དཀར་གྱིས་བཤད་པ་ལྟར་ན། ཡུལ་དེའི་འབྲོག་ཁུལ་ཁ་ཤས་སུ་སྲོལ་དེ་ད་ལྟའང་མ་ཡལ་མ་དོར་བར་གནས་འདུག་ཟེར། ཡིན་ནའང་ཕྱུགས་ཆུང་མ་ལ་བཙན་གཡེམ་བྱེད་པའི་གནས་ཚུལ་གང་བྱུང་དུ་མཐོང་ཐུབ་སྟེ། ཉེ་བའི་ཆ་ལ་ཡང་ཁོ་མོའི་ངོ་ཤེས་བུ་མོ་ཞིག་ལ་བཙན་གཡེམ་བྱས་ནས་ཡུན་རིང་འགོར་མི་འདུག འདིར་ང་ཚོས་ཤེས་དགོས་པ་ཞིག་ནི། ལས་ངན་པ་དེ་བྱེད་མཁན་སྐྱེས་པ་ཡིན་པ་དང༌། མཇུག་འབྲས་དེར་སྨད་མཁན་ཡང་སྐྱེས་པ་ཁོ་རང་ཚོ་ཡིན་པ་དེ་རེད།
གནའ་བོའི་དུས་སུ་རྒྱ་མི་རིགས་ལ་མཚོན་ན། སྨད་འཚོང་མའི་འབྱུང་ཁུངས་གཙོ་བོ་བུད་མེད་ཉེས་ཅན་དང་སྐྱེས་པ་ཉེས་ཅན་གྱི་ཆུང་མ་དང་བུ་མོ་དག་ཡིན་པ་རེད་ཟེར། ཡིན་ནའང་འུ་ཅག་གི་སྨད་འཚོང་མའི་རིགས་དུས་ནམ་བྱུང་བ་དང༌། བུད་མེད་དེ་དག་ལས་ཀ་དེར་ཞུགས་པར་ཡིད་འཐད་ཡོད་མེད་དང་རྒྱུ་རྐྱེན་གང་ཡིན་ང་ལ་གསལ་པོར་བཤད་རྒྱུ་མེད། སྨད་འཚོང་གི་ལས་རིགས་ལ་ཞུགས་མཁན་གྱི་བོད་པའི་བུད་མེད་རྣམས་ལ་རང་རང་གི་རྒྱུ་རྐྱེན་དང་རྒྱུ་མཚན་རེ་བརྗོད་རྒྱུ་ཡོད་ངེས་ནའང༌། རང་ཉིད་བུད་མེད་ཅིག་ཡིན་པའི་ཆ་ནས། ལས་ཀ་འདི་རིགས་བྱེད་མཁན་གྱི་བུད་མེད་ལ་སྣང་ཆུང་གི་ལྟ་ཚུལ་རེ་ངང་ངམ་ཤུགས་ཀྱིས་ཐོན་ཡོང༌།
སྨད་འཚོང་གི་ལས་ཀ་བྱེད་མཁན་མང་ཆེ་ཤས་ནི་སློབ་གསོ་ཐོབ་མྱོང་མེད་པའི་རོང་འབྲོག་ཕྱོགས་ནས་ཡོང་བའི་བུད་མེད་ཡིན་པ་འདྲ། ཁོ་མོ་ཚོར་ནད་ཡམས་དང་འགོས་ནད་འགོག་པའི་འདུ་ཤེས་དབེན། དེ་དང་འདྲ་བར་ནད་འགོག་གི་འདུ་ཤེས་རྩ་བ་ནས་མེད་པའི་རོང་འབྲོག་ཕྱོགས་ཀྱི་སྐྱེས་པ་སྐོར་ཞིག་གྲོང་ཁྱེར་དུ་ཡོང་ནས་ནད་ཡམས་རིན་གྱིས་ཉོས་ཏེ་དྲག་སྐྱེད་དཀའ་བའི་མཚན་མའི་ནད་སྐོར་ཞིག་རང་གི་ཕ་ཡུལ་དུ་འཁྱེར་བཞིན་འདུག
ཉེ་ལམ་བུད་མེད་ཀྱི་འཕྲོད་བསྟེན་བདེ་ཐང་སྐོར་གྱི་འཆད་ཁྲིད་ཅིག་གི་སྟེང་སྨན་པ་བསོད་ནམས་འཚོ་ལགས་ཀྱིས་གནས་ཚུལ་འདི་འདྲ་ཞིག་གླེང༌། མོའི་ནད་པའི་ནང་དུ་མཚོ་སྔོན་པོའི་གཡོན་རུ་ནས་ཡོང་བའི་བུད་མེད་ལོ་ཆུང་ཞིག་འདུག བུ་མོ་དེར་སྦྱར་མའི་ནད་ཚབས་ཆེན་ཞིག་འགོས་འདུག་ལ། ཁོ་མོའི་སེམས་ཁམས་ཧ་ཅང་བཙོག་པས་གཤགས་བཅོས་བྱས་ཚར་རྗེས། སྨན་བརྗེ་ཐེངས་རེ་ལ་ངུ་བ་དང་འབྲོ་བ་སོགས་ཀྱི་སྨན་བཅོས་ཡག་པོ་བྱེད་དུ་མི་འཇུག་ཟེར། ཡིད་སྐྱོ་བ་ཞིག་ལ། མོའི་མཚན་མའི་ནད་དེ་ནི་ཏག་ཏག་ཁོ་མོའི་ཁྱོ་གས་ཟི་ལིང་གི་རླངས་འཁོར་ས་ཚིགས་སུ་སྨད་འཚོང་མ་ལས་རིན་གྱིས་ཉོས་ཡོང་བ་རེད་ཟེར། ངས་སྨན་པར་ཁོ་མོས་རང་གི་སྐྱེས་པར་ལེ་བདའ་བྱེད་ཀྱིན་ཡོད་དམ་ཞེས་དྲིས་པར། སྨན་པས་ཞིང་འབྲོག་བུད་མེད་ཚོས་དེ་ལ་ལེ་བདའ་ཙམ་ཡང་བྱེད་ཤེས་ཀྱིན་མེད་པ་འདྲ། ཁོ་མོ་ཚོས་འདི་ལས་དབང་རེད་ཅེས་པའི་སྐད་ཆ་དེ་བཤད་ཀྱིན་འདུག་ཟེར།
འདི་ནི་སྐྱེས་པ་སྐོར་ཞིག་གིས་ཉེས་པ་མེད་ལ་ལེ་བདར་མི་མཁས་པའི་ཆུང་མ་དང་བྱིས་པའི་ཚེ་སྲོག་དང་བདེ་ཐང་ལ་ཁྱེར་ཡོང་བའི་སྡུག་བསྔལ་དང་ཉེན་ཁ་རེད། གནས་ཚུལ་དེ་རིགས་དཔལ་འབྱོར་གྱི་ཆ་རྐྱེན་ཅུང་བཟང་བའི་འབྲོག་ཕྱོགས་ས་ཁུལ་དུ་ཚབས་ཆེ་ཞེས་པ་གཞན་ལས་ཐོས་མྱོང༌།
འདོད་ལ་རྔམ་ཞིང་དངུལ་ལ་ལག་ཐོགས་མེད་པའི་སྐྱེས་པ་དང༌། དངུལ་ལ་དགའ་ཞིང་ངལ་རྩོལ་ལ་མི་སྤྲོ་བའི་བུད་མེད་དག་ཕྲད་པ་ན། འདོད་ཆགས་དང་སྒོར་མོའི་སླད་དུ་ཡོད་ཚད་ཕངས་མེད་དུ་གཏོང་བའི་སྙིང་སྟོབས་དེ་དྲི་མེད་ཀུན་ལྡན་ལས་ཀྱང་ཆེའོ།། གནས་བབ་དེ་འདྲར། རང་གི་ཚེ་སྲོག་དང་བདེ་ཐང༌། གཞན་གྱི་བྱིས་པ་དང་ཁྱིམ་མིའི་སླད་དུ་ཅི་ནུས་ཀྱིས་བསམ་བློ་རེ་གཏོང་དགོས། དེ་ལས་ཀྱང་ཚབས་ཆེ་བ་ནི། དེང་སྐབས་འཛམ་གླིང་ཧྲིལ་བོར་ཟང་ཟིང་ལང་ལོང་དུ་བཏང་བའི་ཨེ་ཙི་ཟེར་བའི་འཇིགས་སུ་རུང་བའི་ནད་ཅིག་ཡོད་པ་རེད། ནད་དེ་གཙོ་བོ་ཕོ་མོའི་བར་ལུས་འབྲེལ་བྱུང་བ་དང་ཟུངས་ཁྲག་བརྒྱུད་ནས་ཕན་ཚུན་ལ་འགོ་བ་དང༌། ཡང་མཚན་མའི་ནད་རིགས་བྱུང་མཁན་ལ་ནད་དེ་ལྷག་པར་འགོ་སླ་བ་རེད། ནད་དེར་སྲིད་འབྱོར་འཛམ་གླིང་གི་ཡང་རྩེར་སླེབས་པའི་ཨ་རི་རྒྱལ་ཁབ་ལའང་ད་ཕན་བཅོས་ཐབས་ཤིག་མེད་ན། ང་ཚོ་ནི་མི་འབོར་གྱི90%ཡིག་རྨོངས་པ་ཡིན་པའི་མི་རིགས་ཤིག་ཡིན་གཤིས། ལས་ངན་ཏེ་ནད་དེ་རིགས་བྱུང་དུས་མི་རིགས་འདི་སྟོངས་རྒྱུའི་ཉེན་ཁའང་འབྱུང་རྒྱུ་རེད། དེ་བས་མི་རིགས་ཀུན་པོས་དེའི་ཉེན་ཁ་ཤེས་དགོས་ཤིང༌། གསར་ལམ་སྣ་ཚོགས་ཏེ་ཚགས་པར་དང་དུས་དེབ། བརྙན་འཕྲིན་དང་རླུང་འཕྲིན་ཀུན་ཏུ་དོན་དག་འདིའི་ཚབས་ཆེན་རང་བཞིན་གསལ་རྟོགས་ཀྱིས་དེའི་རྒྱུ་འབྲས་རྐྱེན་གསུམ་ལ་བགྲོ་གླེང་ཞིབ་ལྷུག་བྱས་ན་འགྲིག
སྨད་འཚོང་གི་སྣང་ཚུལ་འདི་ནི་མིག་ལ་བཙོག་ཅིང་མཚན་སྙན་བརླག་པའི་དོན་ཞིག་ཡིན་ནའང༌། འདི་ནི་ང་ཚོའི་སྤྱི་ཚོགས་སུ་གནས་པའི་དོན་དངོས་རེད། དེ་བས་དེ་ལ་གདོང་གཏོད་རྒྱུ་ལས་གཡོལ་ཐབས་མེད། ལས་ཀ་འདི་རིགས་དང་ཁ་འབྲལ་དཀའ་བའི་སྐྱེས་མ་ཚོར་ཞུ་རྒྱུ་ཚིག་གཅིག་ནི། རང་ལུས་སྲུང་སྐྱོབ་ཀྱི་ཆེད་དུ་གང་ནུས་སྒོས་སྲུང་ཤུབས་སྤྱོད་དགོས། ངེས་པར་དུ་སྤྱོད་དགོས། འདི་ནི་ང་ཧ་ཅང་འུ་ཐུག་པའི་སྐད་ཆ་ཞིག་ཡིན་ནའང༌། ལས་དབང་གཅིག་པའི་བུད་མེད་ཁྱོད་ལ་ངས་སྐད་ཆ་འདི་ལས་གཞན་ཅི་ཞིག་བཤད་དགོས་མི་ཤེས།
༢.དྲི་བ། ཕྱིའི་རྒྱལ་ཁབ་ཀྱི་སྐྱེས་མ་ཚོར་བསྡུར་ན། རང་བོད་མོ་ཚོར་གཞན་བརྟེན་གྱི་བསམ་བློ་ཤུགས་དྲག་པའི་ཚོར་སྣང་བྱུང་ཨེ་མྱོང༌།
དྲིས་ལན། བུད་མེད་རྣམས་ལ་གཞན་བརྟེན་སྲིན་འབུ་ཞེས་པའི་འུ་ཅག་གི་སྐྱེས་པ་ཚོའི་སྐད་ཆ་དེ་ཐོས་སྐབས་ངའི་སྣང་ངོར་རྒྱུན་དུ། ཙག་བསེར་བུ་ནང་ལ་མ་སོང༌། གངས་ཁ་བའི་ཁྲོད་དུ་མ་ཞུགས། ཁང་བཟང་ཡག་པོ་དང་གོད་ཁ་དྲོན་མོ་ནས། ཟས་ཞིམ་པོ་ཟོས། གོས་ཡག་མོ་གྱོན། ལས་གང་ཡང་མ་བྱས་རུང་ཟས་རང་འགྲུབ་དང་གོས་རང་འགྲུབ། ཤ་འཇམ་མདངས་དཀར་གྱི་བུད་མེད་དག་གི་སྣང་བརྙན་ཡིད་ལ་འཁོར་ཡོང༌།
ངའི་བསམ་པར་རོང་འབྲོག་ཕྱོགས་སུ་སྐྱེས་པ་དང་བུད་མེད་རྣམས་གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་རེད། དེ་ཡང་བུད་མེད་ཀྱིས་ནང་གི་ཁྱིམ་ལས་ནས་ཕྱིའི་ཞིང་ཕྱུགས་ལས་ཀྱི་ལས་ཀ་མང་ཆེ་ཤས་བྱེད་ཀྱིན་ཡོད་པ་རེད། ཡིན་ནའང་བསམ་བློའི་བཀོད་པའི་སྟེང་བུད་མེད་སྐྱེས་པ་ལ་བརྟེན་པ་ཅུང་མང་ན་ཐང༌། དེ་རྐྱེན་བྱས་ནས་གཞན་བརྟེན་སྲིན་འབུ་དང༌། གསུམ་བརྟེན་ཏེ་ཕ་བརྟེན་ཁྱོ་བརྟེན་བུ་བརྟེན་ཞེས་པའི་ལྟ་ཚུལ་དེ་གྲུབ་པ་རེད་སྙམ། བདག་གི་བསམ་པར་ཁོ་ཚོ་ནི་གཅིག་ལ་གཅིག་བརྟེན་གྱིས་འཚོ་བར་མ་ཟད། ལུས་པོའི་ངལ་རྩོལ་ཐད་སྐྱེས་པ་སྐྱེས་མར་བརྟེན་པ་ཅུང་མང་བར་འདོད། དེ་བས་གཞན་བརྟེན་སྲིན་འབུ་དང་གསུམ་བརྟེན་ཞེས་པའི་སྐད་ཆ་དེ་གཞི་འཛིན་ས་ཡོད་མེད་ལ་ཡུན་གྱིས་བརྟག་དགོས།
གྲོང་ཁྱེར་དུ་བོད་ཁྱིམ་ཕལ་མོ་ཆེ་ན། བུད་མེད་ཀྱིས་རང་གི་གཞུང་ལས་ཞོར་དུ། བྱིས་པར་བདག་སྐྱོང་དང་ཁྱིམ་ལས་བྱེད་པ་སྐྱེས་པ་ལས་མང་ཞིང༌། ཁྱིམ་གྱི་འགན་ཁུར་གཙོ་བོ་ཡང་བུད་མེད་དག་གི་ཕྲག་ཏུ་བབས་ཡོད་རེད། མིག་སྔའི་གནས་ཚུལ་ལྟར་ན། གཞན་བརྟེན་སྲིན་འབུའི་ཆོ་ལོ་འདི་ཚམ་ཚོམ་ཅི་ཡང་མེད་པར་རེ་ཞིག་སྐྱེས་པ་ཚོར་གནང་ན་འགྲིག་བསམ།
༣.དྲི་བ། དེང་སྐབས་སློབ་གྲྭ་ཆེན་མོའི་གསར་བུ་མང་པོ་ཞིག་གིས་བུ་མོ་ཚོ་འགུག་ཐུབ་མིན་གཙོ་བོ་ནི་སྐད་ཆའི་སྒྱུ་རྩལ་ལ་རག་ལས་འདུག་ཅེས་བརྗོད་པ་ལྟར། སློབ་གྲྭའི་སྐྱེས་པ་རེ་འགའི་གླེང་གཞི་གཙོ་བོ་བུད་མེད་དུ་འགྱུར་ཡོད་པའི་སྣང་ཚུལ་ཞིག་གདའ། ཁྱེད་ཉིད་སློབ་གཉེར་བྱེད་བཞིན་པའི་སྐབས་ཀྱི་འཚོ་བའི་གནས་ཚུལ་དང་བསྡུར་ཏེ་བསམ་ཚུལ་གསལ་བཤད་བྱ་རོགས།
དྲིས་ལན། ངས་བསམ་ན། སྐྱེས་མོ་ཞིག་སྐྱེས་ཕོ་གང་རུང་ལ་དགའ་ནས་ཁོ་པ་གྲོགས་སུ་འདེམ་སྐབས། དེ་ལ་རྒྱུ་རྐྱེན་མང་པོ་ཡོད་ངེས། སྐད་ཆའི་སྒྱུ་རྩལ་ཡང་དེ་ནང་གི་གཅིག་ཡིན་རྒྱུ་རེད། ཡིན་ནའང་སྒྱུ་རྩལ་ཅན་གྱི་སྐད་ཆ་བཤད་རྒྱུ་དེ་འདྲའི་ལས་སླ་མོ་ག་ལ་ཡིན་ཏེ། དེར་ཡང་སྔོན་འགྲོའི་ཆ་རྐྱེན་གང་མང་ཚང་དགོས་པར་འདོད།
སྤྱིར་སྐྱེས་པ་རྣམས་བུད་མེད་གླེང་རྒྱུར་དགའ་བ་དེ་ཡང་ཁོ་པ་ཚོའི་རང་གཤིས་ལ་འབྲེལ་བ་ཡོད་པ་རེད། ང་ལ་དྲན་པ་ཡོད་པ་ནས་གྲོང་ཚོའི་སྐྱེས་པ་ཚོས་བུད་མེད་གླེང་ཞིང༌། སློབ་གྲྭ་ནས་སྐྱེས་པ་སློབ་གྲོགས་ཚོས་སྐྱེས་མ་གླེང་གི་འདུག ད་ལྟ་གཞུང་ལས་ཁང་དུ་ལས་གྲོགས་སྐྱེས་པ་ཚོས་བུད་མེད་གླེང་མུས་སུ་ཡོད། དེ་ནི་ཁོ་ཚོའི་མི་ཚེ་གཅིག་ལ་གླེང་མི་ཚར་བའི་གཏམ་རྒྱུད་རིང་མོ་ཞིག་ཡིན་སྲིད་ཅིང༌། ཡང་ཁོ་ཚོའི་སྙིང་གི་ནོར་བུ་དང་སེམས་ཀྱི་ཚེར་མའང་ཡིན་ནོ།།
ང་རང་སློབ་གཉེར་བྱེད་དུས་དང་ད་ལྟ་བསྡུར་ན། བརྩེ་དུང་འཚོལ་སྙེག་བྱེད་སྟངས་ལ་འགྱུར་བ་ཅུང་བྱུང་ཡོད་རྒྱུ་རེད་འདོད། རྒྱུ་མཚན་སྐབས་དེར་སྐྱེས་ཕོ་མོ་ཚང་མའི་སེམས་ཁམས་ཅུང་གཙང་མ་དང་ལྷད་མ་འདྲེས་པ། ཁེ་ཕན་ལས་བརྩེ་དུང་སྙེག་གི་འདུག་བསམ། དེ་ལྟར་བཤད་ན། ད་ལྟ་ཚང་མས་ཁེ་ཕན་རྐྱང་སྙེག་པ་རེད་ཟེར་བ་གཏན་ནས་མིན། ཡིན་ནའང་ལྟོས་བཅས་སུ་དེ་འདྲ་ཞིག་ཨེ་ཡིན་འདོད།
སྐྱེས་པ་ནི་ཆབ་སྲིད་ཀྱི་སྲོག་ཆགས་དང་བུད་མེད་ནི་བརྩེ་དུང་གི་སྲོག་ཆགས་ཡིན་ཟེར་བ་བཞིན། ང་རང་ནི་བརྩེ་དུང་རིང་ལུགས་པ་ཤ་སྟག་ཅིག་ཡིན། ངས་བརྩེ་དུང་འོ་སྤྲིས་ཀྱི་མངར་ཁ་མྱངས་མྱོང་ལ། བརྩེ་དུང་སྐྱུ་རུ་ར་ཡི་བྲོ་བ་ཡང་མྱངས་མྱོང༌། ངས་ཞེ་འདང་གི་ཚ་རུའི་ཁུད་དུ་འགྲེ་ལོག་བྱས་མྱོང་ལ། ཞེ་འདང་གི་ཚེར་མའི་ལུང་རིང་ནས་འཕག་འཚག་ཀྱང་བརྒྱབ་མྱོང༌། ཡིན་ནའང་འདས་སོང་གི་མངར་སྐྱུར་བསྐ་གསུམ་གྱི་ཕོ་མོའི་བརྩེ་དུང་གི་ཚོར་པ་འདི་ཉམས་པའི་ཤུལ་དུ། ང་ལ་དབང་བ་ཁོ་ན་ནི་རང་གི་བསླབས་པ་དང་སྦྱངས་པའི་ཤེས་བྱ་ཕྲ་མོ་ཙམ་དེའོ།། དེས་ངའི་ཚེ་སྲོག་ལ་གསོན་ཤུགས་གསར་པ་སྦྱིན་པར་མ་ཟད། ང་ལ་རང་གི་ཀླད་པས་བསམ་བློ་གཏོང་ཤེས་སུ་བཅུག དེ་དུས་ནས་བཟུང༌། ངས་སྲ་རེངས་སུ་སོང་བའི་བག་ཆགས་ཏེ་བློ་འདྲི་ས་སྐྱེས་པ་ཕོ་ཡིན་ཟེར་བའི་གོམས་སྲོལ་དེར་བཙན་གྱིས་བཞི་ཤད་བཀོད། དེ་ནི་ང་མི་ཚེ་འདིར་ཡོང་བའི་དོན་སྙིང་གལ་ཆེན་རང་ཡིན་པར་འདོད།
ཐུགས་རྗེ་ཆེ། རྗེས་ཕྱོགས་ཀྱང་བུད་མེད་དང་འབྲེལ་བའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གླེང་ནས། སྤྱི་ཚོགས་ལས་གནས་མི་འདྲ་བ་སོ་སོ་ནས་བུད་མེད་ཀྱི་དཀའ་གནད་ལ་དོ་སྣང་དང་བུད་མེད་ཀྱི་གནད་དོན་གནད་དོན་ཞིག་ཏུ་འགྱུར་བར་རམ་འདེགས་ཀྱི་ནུས་པ་ཐོན་ཡོང་རྒྱུ་ངའི་རེ་བ་ཡིན། 2008/11/17ཉིན་གྲུབ། ཡོང་ཁུངས་དགེ་ཆོས་དྲ་བ།