English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཁལ་བ་ཚུལ་ཁྲིམས་རྗེས་སུ་དྲན་པ།

འདོན་སྤེལ། 2015/10/22 9:17 AM རྩོམ་པ་པོ།

༄༅། །ཕྱག་མཛོད་ཁལ་བ་ཚུལ་ཁྲིམས་རྗེས་སུ་དྲན་པ།

ཚེ་སྟོད་བློ་ཁོག་རྒྱས་པའི་སྙིང་སྟོབས་ངོམ།།
ཚེ་སྐད་ལྷག་བསམ་ལྡན་པའི་ཞབས་ཞུས་བསྒྲུབས།།
ཚེ་སྨད་སྒྲུབ་པ་མཛད་ནས་རི་ཁྲོད་འགྲིམས།།
ཚེ་འདིའི་དོན་ཀུན་འགྲུབ་པའི་བླ་མ་ཞིག །
-ཁོང་དང་ཁོང་ལྟ་བུར་བླ་མ་དག་གི་མི་ཚེ་ལ་བརྗོད་པ་ཚིག་གི་ལམ་ནས་སྡོམ་ཚིག་གིས་འགྲེལ་བཤད་ཅིག་བྱེད་མི་ཐུབ་ཀྱང་། ངས་ཁོང་ལ་རྗེས་དྲན་ཞུ་བའི་མཚོན་བྱེད་ཙམ་དུ་སྡོམ་ཚིག་འདི་བཀོད་པ་ཡིན། ཁོང་གི་མཚན་ལ་ཁལ་པ་ཚུལ་ཁྲིམས་ཞུ་ཞིང་སྐྱེས་ཡུལ་སྡེ་དགེ་ཕྱི་འབྲོག་ཁུལ་ནོར་མ་རུ་བ་ནས་རེད། དེ་རིང་ཁོང་སྐུ་ཞི་བར་གཤེགས་ཏེ་ཉིན་ལྔ་ཕྱིན་འདུག ང་རང་ཆུང་ཆུང་གི་དུས་སུ་ཁོང་གི་སྐོར་ཧ་ཅང་མང་པོ་གོ་མྱོང་ཞིང་ཁོང་ཉིད་སྐུ་ན་གཞོན་པའི་སྐབས་དེར་གཞན་དང་མི་འདྲ་བའི་རྩལ་ཤུགས་དང་བློ་ཁོག་ཡོད་པའི་དངོས་སྒྲུང་དེ་དག་གིས་ངའི་སེམས་ཁམས་སུ་ཁོང་ནི་གླིང་སྒྲུང་ནང་གི་དཔལ་བརྟུལ་ཞིག་གི་སྣང་བརྙན་བཞེངས་ཡོད། ཁོང་གི་དཔའ་མཛངས་ཀྱི་སྙན་གྲགས་སྐེ་ཆུ་བརྒྱུད་དུ་རླུང་ལྟར་གྲགས་ཡོད་པས་མི་མང་པོས་ཁལ་པ་ཚུལ་ཁྲིམས་ཟེར་བར་གོ་མཚོན་ཐོགས་པའི་དཔའ་བོ་ཞིག་ལས་ངུར་སྨྲིག་གྱོན་པའི་བླ་མ་ཞིག་གི་ཚུལ་དུ་ངོས་འཛིན་བྱེད་པར་དཀའ། འོན་ཏེ་མཁས་གྲུབ་གཉིས་ལྡན་གྱི་སེམས་དཔའ་ཆེན་པོ་བྱམས་མགོན་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་། དཔལ་སྤུངས་མཁན་ཆེན་སྒོ་རུ་འཇམ་དཔལ་རྣམ་གཉིས་ཀྱི་ཞབས་པད་སྤྱི་བོས་བླངས་ཏེ་རང་རྒྱུད་ལ་དམ་པ་ཆོས་ཀྱི་གོམས་འདྲིས་ཐེབས་པ་ནས་ཁོང་གི་སྙིང་སྟོབས་དང་ཆོད་སེམས་ཡོད་ཚད་ཆོས་ཕྱོགས་སུ་བསྒྱུར་ཏེ་ལུས་ངག་ཡིད་གསུམ་གྱི་བྱ་གཞག་ཇི་སྙེད་དམ་པའི་ཆོས་ཀྱི་ཆེད་དུ་འབད་བརྩོན་བྱས། དེ་ལྟར་ནའང་དུས་འགྱུར་གྱི་བྱུང་བ་རྩུབ་པོས་ཁོང་ཉིད་སྒེར་གཅོད་པའི་ཆབ་སྲིད་ཀྱི་གདུག་རྩུབ་འོག་ཏུ་མི་ལོ་ཉི་ཤུ་ལྷག་གི་དུས་ཡུན་ཁྲོད་དུ་འོ་བརྒྱལ་དྲག་པོ་ཞིག་ཀྱང་མྱོང་སྐད། གང་ལྟར་ངས་ཁོང་དངོས་སུ་ངོ་ཤེས་པ་ནི་སྤྱི་ལོ་༢༠༠༠ལོའི་སྟོན་དུས་ཞིག་ཡིན། སྐབས་དེར་ཁོང་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་སྡེ་དགེའི་དབུ་བླ་ཁག་ལྔའི་གཙོ་བོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་བཏབས་པའི་གདན་ས་ཆེན་མོ་དཔལ་སྤུངས་དགོན་གྱི་ཕྱག་མཛོད་ལས་ཐོག་པ་ཡིན་སྟབས་ལས་དོན་ཞིག་གི་ཆེད་དུ་ལྷ་སར་ཕེབས་འདུག ཁོང་གི་ཚ་བོ་ཞིག་གིས་ངོས་སྦྱོར་གནང་བ་ལྟར་ངས་ཁོང་མཇལ་ཐུབ་སོང་། ངའི་སེམས་སུ་ཁོང་ནི་སྐད་གྲགས་ཆེ་ཞིང་གདན་ས་ཆེན་མོ་ཞིག་གི་ཕྱག་མཛོད་ཡིན་སྟབས་ཤ་རྒྱག་ཤེད་མོང་ཅན་གྱི་བན་དེ་རྔམ་བརྗིད་ཅན་ཞིག་ཡིད་རྒྱུ་རེད་སྙམ་ཡང་དེ་ལྟར་མིན་པར་སྐུ་གཟུགས་རིང་ལ་སྐུ་ཤ་སྐམ་པའི་གྲྭ་རྐྱང་རང་ག་བ་ཞིག་གི་ཚུལ་དུ་བཞུགས་འདུག ལྕེ་ལེ་འགུལ་ལ་དགའ་ཞིང་ཁ་མཆུ་མུག་ལ་གོམས་པའི་བདག་གིས་གཏམ་གླེང་སྣ་ཚོགས་ཀྱི་གཞི་གཏིང་ནས་ཁོང་དང་ཐག་ཉེ་རུ་གཏོང་རྒྱུའི་འབད་བརྩོན་བྱས། འོན་ཏེ་ཁོང་ནི་དོན་མེད་གྱི་གཏམ་བཤད་ལ་མི་དགྱེས་པར་ངས་གང་ཞུས་རྣམས་ལ་འཛུམ་ཙམ་མཛད་པ་ལས་གཞན་གཏམ་གླེང་མང་པོ་མཛད་ཀྱི་མི་འདུག འཇུག་ཏུ་ཁོང་གིས་ང་ལ་”དཔའ་བློ་ཁོག་དང་རྒྱག་རེས་འཛིང་མོ་ཟེར་བ་དེ་དག་དོན་མེད་ཀྱི་བྱ་བ་རེད། དེ་ལས་རབ་ན་ཆོས་ཡག་པོ་ཞིག་དང་དེ་ལྟར་མ་བྱུང་ནའང་མི་བཟང་པོ་ཞིག་བྱེད་རྒྱུ་གལ་ཆེན་རེད་”གསུངས་པ་ད་ལྟའང་དྲན་གྱི་འདུག རིག་གསར་གྱི་དུས་འཇུག་ཡོངས་སུ་གྲིལ་རྗེས་ཁོང་གི་མི་ལོ་ཧྲིལ་པོ་ཉི་ཤུ་ཙམ་གྱི་རིང་དུ་ངལ་དུབ་ཡོད་ཚད་ཁྱད་དུ་བསད་དེ་སྐུ་ངལ་ཆེན་པོས་གདན་ས་དཔལ་སྤུངས་དགོན་པའི་ཕྱག་མཛོད་ལས་འགན་གྱི་ཐོག་ནས་ལས་ཀྱི་བགྱི་བ་མཐའ་དག་ཁུར་དུ་བླངས་ཏེ་ཞབས་ཞུས་མཛད་པ་ལ་༧བྱམས་མགོན་རྡོ་རྗེ་འཆང་ཏཱ་ཡི་སི་ཏུ་རིན་པོ་ཆེས་བསྔགས་བརྗོད་དང་གཟེངས་བསྟོད་ཚད་མེད་གནང་མྱོང་། སྐབས་དེར་ཁོང་གི་མི་ཚེ་མཐར་དག་དམ་པའི་ཆོས་དང་དཔའ་སྤུངས་དགོན་པའི་ཆེད་དུ་ལེགས་སྐྱེས་སུ་ཕུལ་གནང་ཞིང་ཁལ་པ་ཚང་ཞེས་ཁྱིམ་ཚང་བརྒྱ་ཐམ་པའི་གྲལ་མགོར་མི་འགྲིམ་ཡང་སྟོང་ཐམ་པའི་གྲལ་འཇུག་ཏུ་མི་སྡོད་པ་དེ་ཡང་མཐའ་འཇུག་སྦྲ་ཁྱིམ་བསྡུས་ཏེ་ཆོས་ལམ་དུ་བཞུད་པའི་གནས་སྟངས་བྱུང་ཡོད། དེང་སྐབས་དགོན་དཔོན་དང་ཕྱག་མཛོད་ཕལ་ཆེ་བས་རང་ཁྱིམ་ཕྱུག་པོར་བསྒྱུར་བའི་འཇོན་ཐང་ལ་བལྟས་ན་ཁོང་ནི་འཇིག་རྟེན་དང་རང་དོན་ལ་ཐུག་དུས་མི་ནུས་མེད་ཅིག་ཡིན་ཞེས་བཤད་ཀྱང་ཆོག། ཁོང་གིས་གང་ཞིག་བསྒྲུབས་པ་ཐམས་ཅད་བྱམས་མགོན་རྡོ་རྗེ་འཆང་གི་མཛད་པ་འཕྲིན་ལས་ཁོ་ནའི་ཆེད་དུ་འགྲོ་ངེས་སུ་འབད་བརྩོན་གནང་དེ་རང་གི་ཚ་བོ་ཚ་མོ་སུ་ལའང་སྒོར་རྡོག་བརྒྱ་ཙམ་གྱིས་ཀྱང་ཁེ་ཚོང་སྟེར་མྱོང་མེད། དེ་ལྟར་ཁོང་གིས་ཐེགས་པ་དཀའ་བའི་ལྕི་ཁུར་འབུམ་ཕྲག་ལ་ཁ་གཏད་ཅིང་དུས་ཀྱི་འགྱུར་བ་དྲག་པོའི་རིག་གསར་གྱིས་གཏོར་བརླག་ཆེན་པོའི་འཇུག་ཏུ་དོན་དངོས་དང་ལག་ལེན་ཁོ་ནས་བྱ་གཞག་བསྒྲུབས་ཏེ་དཔལ་སྤུངས་གཞིས་ཀྱི་གདན་ས་ཐུབ་བསྟན་ཆོས་འཁོར་གླིང་དུ་ཚོགས་བསགས་ཀྱི་རྟེན་དུ་གྱུར་པའི་སྲོལ་རྒྱུན་གྱི་རིག་དངོས་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་རྗེས་ལ་ཀུན་གྱིས་ཡི་རངས་དང་བསྔགས་བརྗོད་བྱེད་ཡུལ་གྱི་ཚད་དུ་བསྐྲུན། སྐབས་དེ་དག་ཏུ་འཕགས་པའི་ཡུལ་དུ་ཐེངས་ཁ་ཤས་ཕེབས་ཏེ་༧བྱམས་མགོན་སི་ཏུ་རིན་པོ་ཆེའི་མདུན་ནས་ལམ་སྟོན་དང་དགོངས་འཆར་ཕྱག་རོགས་སོགས་ཀྱི་བཀའ་དྲིན་ཞུས་ཏེ་གཞིས་དགོན་དཔལ་སྤུངས་གདན་སའི་བྱ་གཞག་མཐར་དག་ལེགས་གྲུབ་ཞུས། ཕྱག་མཛོད་ལས་ཡོལ་ཟིན་རྗེས་དགྲ་འདུལ་གཉེན་སྐྱོང་དང་རང་རྒྱལ་གཞན་ཕམ་སོགས་འཇིག་རྟེན་བྱ་གཞག་གི་འཁྲི་བ་ཡོངས་སུ་བཅད་དེ་དབེན་པའི་གནས་སུ་སྒྲུབ་པ་ཁོ་ན་དང་མཛད། ཆགས་མེད་རི་ཆོས་ཐུགས་དམ་གྱི་མཐིལ་དུ་མཛད་ནས་འཚོ་བ་ངན་ངོགས་ཙམ་དང་ཕྱི་དྲོ་ཁ་ཟས་སྤོང་བ་སོགས་དམ་ཆོས་འདུལ་བའི་དགོངས་དོན་དང་མཐུན་པའི་སྒོ་ནས་སྒོམ་པ་བསམ་གཏན་གྱི་བྱ་བས་དུས་འདར་བར་བྱས། སྤྱི་ལོ༢༠༠༨ལོར་ཁོང་དཔལ་སྤུངས་བྱེས་ཀྱི་གདན་ས་ཤེས་རབ་གླིང་དུ་ཕེབས་སྐབས་ཉིན་ཞིག་བྱམས་མགོན་སི་ཏུ་རིན་པོ་ཆེ་དང་ལྷན་རྒྱས་གསོལ་ཚིགས་མཆོད་བཞིན་པའི་སྐབས་སུ་བྱམས་མགོན་རིན་པོ་ཆེས་ཕྱག་མཛོད་ཚུལ་ཁྲིམས་དགུང་ལོ་བརྒྱད་ཅུ་གྱ་བཞི་ཙམ་བཞུགས་ཡོང་གསུངས། ཁོང་གིས་ཡང་བསྐྱར་བྱམས་མགོན་རིན་པོ་ཆེའི་ཞལ་རས་ལ་ཡང་མཇལ་ཞིག་བྱས་པས་བྱམས་མགོན་རིན་པོ་ཆེས་བརྒྱད་ཅུ་གྱ་ལྔ་ཙམ་ལ་བཞུགས་ངེས་ཞེས་བཀའ་བསྩལད་བྱུང་བས་ལོ་བརྒྱད་ཅུ་གྱ་བཞི་གྱ་ལྔ་ཙམ་ལ་རྒན་པོ་བསྡད་ཡོང་ཞེས་ཁོང་གི་ནམ་རྒྱུན་གསུངས་བཞིན་པ་ལྟར་འདི་ལོ་ཁོང་ཉིད་དགུང་ལོ་གྱ་ལྔ་བཞེས་པའི་དུས་སུ་སྐུ་ཞི་བར་གཤེགས། སྐུ་མ་གཤེགས་པའི་སྔོན་དུ་པདྨ་དབང་མཆོག་རྒྱལ་པོ་མཁྱེན་ཞེས་ལག་ཕྱག་རྒྱ་དང་བཅས་གསོལ་འདེབས་ལན་གྲངས་དང་བཅས་བླ་མ་རང་སེམས་སུ་ངེས་པའི་རྣལ་འབྱོར་ཟབ་མོ་དང་ལྷན་འོད་གསལ་མ་པང་བུ་འཇུག་གི་ཚུལ་དུ་ཐུགས་མཉམ་པར་བཞག་ཏེ་སྐུ་དྲང་པོ་བཅས་ཐུགས་དམ་བཞུགས། སྔོན་བཀའ་བརྒྱུད་གོང་མ་རི་ཁྲོད་པ་རྣམས་ཀྱི་མཛད་རྗེས་དང་རྗེས་སུ་མཐུན་པའི་མིག་དཔེ་བཟང་པོ་ཞིག་ནི་ཁོང་ཉིད་སྐུ་གཤེགས་ཟིན་རྗེས་སྐུ་རྒྱུ་ཕྱག་རྫས་གང་ཡང་མེད་པ་བྱ་ཚང་ནང་ནས་འཕུར་བ་ལྟ་བུར་རྣམ་ཐར་འདི་ནི་གུས་ཤིང་བཀུར་བའི་ཡུལ་ཉག་གཅིག་གོ། །།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། འབོ་གངས་དཀར་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • དུས་རབས་སྔ་ཕྱིའི་ནང་གི་སྡེ་དགེའི་བོད་སྨན།
  • སྡེ་དགེའི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ།
  • སྡེ་དགེའི་ཀུ་ཚེ་ཡུལ་དུ་ཤིང་པར་བརྐོ་སྲོལ་བྱུང་བ། ཁ་རྒྱབ་ཉི་མ།
  • བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ། རབ་བརྟན་དགེ་ལེགས།
  • ཚུལ་ཁྲིམས་བློ་གྲོས་ནི་ཅི་ཞིག་རེད། སྡེ་དགེ་ཟླ་ཡག

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།