ཁམས་སྡེ་དགེའི་བྱུང་ཚུལ་ཉུང་ཙམ་བརྗོད་པ་གཡུལ་ལས་རྒྱལ་བའི་རྔ་སྒྲ།
སྔོན་བྱོན་དམ་པའི་མཛད་རྗེས་བླ་ན་འཕགས།།
དེང་དུས་ཡ་རབས་སྲོལ་བཟང་མང་དུ་གནས།།
ས་འདིར་ཤིས་པ་བརྗོད་པའི་ངོ་མཚར་གཏམ།།
སྡེ་དགེའི་སྔ་ཕྱིའི་དགེ་མཚན་འདི་ན་གླེང་།།
ཀཿཐོག་དཔལ་ཡུལ་ཞེ་ཆེན་རྫོགས་ཆེན་དང་།།
དཔལ་སྤུངས་ཆོས་སྡེ་དབུ་བླ་ཁག་ལྔ་དང་།།
རྙིང་དགོན་བརྒྱད་ཅུ་ས་དགོན་དྲུག་ཅུ་སོགས།།
ཆོས་སྡེ་རྣམས་ལ་དགའ་དད་དྭངས་བ་བརྩེགས།།
བཀའ་དགོན་བཞི་བཅུ་གསར་དགོན་སུམ་ཅུ་དང་།།
བོན་དགོན་ཉི་ཤུ་ཇོ་དགོན་བཅུ་ཕྲག་སོགས།།
རིས་མེད་གྲུབ་མཐའ་ཡོངས་ཀྱི་ལྟེ་གནས་ཆེ།།
སྡེ་དགེ་ཡུལ་ལུང་གངས་ལྗོངས་ཁ་བའི་རྒྱན།།
ཆོས་རྒྱལ་རིམ་བྱོན་གསེར་གྱི་ཕྲེང་བ་ལས།།
ཡོངས་ཀྱི་རྗེ་བོ་བསྟན་པ་ཚེ་རིང་གི།
རླབས་ཆེན་མཛད་བཟང་ཕྲིན་ལས་རབ་དཀར་བ།།
ཆོས་མཛོད་པར་ཁང་ཆེན་མོའི་རྣམ་དཀར་བསྐྲུན།།
སྔོན་ཞིག་དམ་པའི་སྐྱེས་མཆོག་འདིར་བྱོན་པ།།
ཕག་མོ་གྲུབ་པ་དམ་པ་བདེ་གཤེགས་དང་།།
དམ་གཙང་བྱམས་གསུམ་འཇའ་ལུས་འབུམ་ཕྲག་བཅས།།
ཤིང་རྟ་གཉིས་དང་ཉིན་བྱེད་རྣམས་ལ་བསྔགས།།
ཀརྨ་པཀྵི་གཡུ་འོད་ཡེ་ཤེས་འབུམ།།
བྱང་ཆུབ་རྡོ་རྗེ་མི་ཕམ་ཕྲིན་ལས་དང་།།
པདྨ་ཉིན་བྱེད་བསོད་ནམས་འབུམ་པ་སོགས།།
གསར་རྙིང་མཁས་གྲུབ་རྣམས་ལ་གུས་ཕྱག་འཚལ།།
བདུད་འདུལ་རྡོ་རྗེ་ཀློང་གསལ་སྙིང་པོ་དང་།།
པདྨ་རིག་འཛིན་ཀུན་བཟང་ཤེས་རབ་དང་།།
མི་འགྱུར་རྡོ་རྗེ་ཡང་དགེ་མི་འགྱུར་སོགས།།
སྤྲུལ་པའི་གཏེན་སྟོན་རྣམས་ལ་གསོལ་བ་འདེབས།།
མཁྱེན་ཀོང་མཆོག་གསུམ་འཇིགས་མེད་རྣམ་གསུམ་དང་།།
འཇམ་མགོན་མི་ཕམ་པཎ་ཆེན་རྣམ་གསུམ་དང་།།
དཔལ་སྤྲུལ་རབ་འབྱམས་རྒྱལ་ཚབ་དབོན་སྤྲུལ་སོཊ།།
བཀའ་གཏེར་བླ་མ་རྣམས་ལ་དད་ཕྱག་འཚལ།།
སྨྱོ་ཤུལ་ལུང་རྟོགས་མཁན་པོ་ངག་ཆུང་དང་།།
ཆོས་ཀྱི་བློ་གྲོས་ཁྲོམ་དགེ་ཨ་རིག་བཅས།།
པདྨ་དམ་ཆོས་གྲུབ་དབང་ལུང་རྟོགས་སོཊ།།
གྲུབ་བརྙེས་རིག་འཛིན་རྣམས་ལ་གསོལ་བ་འདེབས།།
ཤཱཀྱ་རྡོ་རྗེ་རྒྱ་རྐོང་གཞན་དགའ་དང་།།
ཤར་བྱང་བླ་མ་དཔལ་སྤུངས་དབོན་རྒན་དང་།།
བླ་རབས་བཅུ་གསུམ་མཁན་རབས་བཅུ་གསུམ་སོཊ།།
རབ་བྱུང་བཙུན་པའི་སྡེ་ལ་གུས་ཕྱག་འཚལ།།
པདྨ་མ་ཏི་རྒྱལ་དབང་ཀརྨ་པ།།
ཞྭ་དམར་པ་དང་མདོ་ཁམས་ཆོས་རྗེ་དང་།།
རབ་གསལ་ཟླ་བ་སྨྱོར་ཤུལ་མཁན་ཆེན་སོཊ།།
བསྟན་འཛིན་སྐྱེས་ཆེན་རྣམ་ལ་གུས་ཕྱག་འཚལ།།
བསོད་ནམས་ལྡེ་བཙུན་ནོར་བུ་ཡང་གྲགས་དང་།།
ནམ་མཁའ་འོད་གསལ་མི་འགྱུར་ནམ་རྡོ་བཅས།
གྲུབ་དབང་དཔལ་ཆེན་ཀརྨ་སྐུ་ཆེན་སོགས།།
གྲུབ་བརྙེས་རིག་འཛིན་རྣམས་ལ་གསོལ་བ་འདེབས།།
པདྨ་ནོར་བུ་པདྨ་འཕྲིན་ལས་དང་།།
འགྲོ་འདུལ་རྡོ་རྗེ་འགྱུར་མེད་རྡོ་རྗེ་དང་།།
ལྷ་མཆོག་རྡོ་རྗེ་གྲོལ་རམ་རྒྱལ་སྤྲུལ་སོགས།།
དགེ་བའི་གཤེས་གཉེན་རྣམས་ལ་གུས་ཕྱག་འཚལ།།
ཆོས་དབྱིངས་རྡོ་རྗེ་པདྨ་དབང་མཆོག་དང་།།
མི་འགྱུར་རྒྱལ་མཚན་བྱམས་པ་ཕུན་ཚོགས་བཅས།།
བསྟན་པ་དར་དང་བསོད་ནམས་རྒྱ་མཚོ་སོགས།།
སྔོན་བྱོན་མཁས་གྲུབ་རྣམས་ལ་གསོལ་བ་འདེབས།།
ཀུན་བཟང་དཔལ་ལྡན་དབོན་པོ་བསྟན་འཛིན་དང་།།
གཞན་ཕན་མཐའ་ཡས་བ་ཐུལ་ཐུབ་དགའ་བཅས།།
རིག་འཛིན་ཆེན་པོ་ཀརྨ་ངེས་ལེགས་སོགས།།
ཡོངས་ཀྱི་སྐྱེས་ཆེན་རྣམས་ལ་གསོལ་བ་འདེབས།།
འགྱུར་མེད་བསྟན་པ་ཁྲོ་རུ་ཚེ་རྣམ་དང་།།
ཨ་རིག་པད་ཚེ་མགོ་ཚ་དཔལ་དགའ་བཅས།།
རག་ཁོ་ཐུབ་ནོར་སྐུ་སེ་ཨ་པད་སོཊ།།
མཁས་པའི་དབང་པོ་ཡོངས་ལ་དད་ཕྱག་བརྩེཊ།།
ཀུན་དགའ་དབང་ཕྱུག་དཔེ་ཡ་མཆོག་སྤྲུལ་དང་།།
རྒྱལ་མཚན་འོད་ཟེར་ཀཿཐོག་རྨོག་རྩ་བཅས།།
པདྨ་དོན་ཡོད་དབོན་པོ་སྤྱོད་འཇུག་སོགས།།
རིས་མེད་མཁས་གྲུབ་རྣམས་ལ་དད་ཕྱག་འཚལ།།
སྐལ་བཟང་རྒྱ་མཚོ་ཉི་མ་ཐག་གཏོད་དང་།།
ཐེག་མཆོག་རྒྱ་མཚོ་པདྨ་དབང་ཕྱུག་བཅས།།
སྐལ་བཟང་སྟོབས་རྒྱལ་ཁྲོམ་ཐར་ཚེ་དགའ་སོགས།།
ཡོངས་ཀྱི་བཤེས་གཉེན་རྣམས་ལ་ཡང་དུ་བསྔགས།།
ཀུན་གྲོལ་རྣམ་རྒྱལ་ནམ་མཁའ་ཚེ་དབང་དང་།།
མཁན་ཆེན་ཐུབ་སྙན་པདྨ་སྐལ་བཟང་བཅས།།
ནོར་བུ་དབང་རྒྱལ་ཀརྨ་རྡོ་རྗེ་སོགས།།
དགེ་བའི་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ།།
འཇའ་ལུས་སྦྱིན་བ་བསོད་ནམས་རྣམ་རྒྱལ་དང་།།
ཁྲ་ཤ་དཔལ་ལྡན་ཤར་རྫ་བཀྲ་ཤིས་བཅས།།
རྡོ་རྗེ་ཆོས་སྐྱོངས་དགོན་ཆེན་རྒས་བླ་བཅས།།
འཇའ་ལུས་མཁའ་སྤྱོད་སྒྲོད་པའི་ངོ་འཚར་ཆེ།།
དགྲ་ལྷའི་རྒྱལ་བོ་གེ་སར་སྐུ་འཁོར་བཅས།།
རྒྱལ་ཚ་ཞལ་དཀར་འདན་མ་སྤྱང་ཁྲ་དང་།།
དཔལ་ཐུལ་སུམ་ཅུ་གྲུབ་ཆེན་བརྒྱད་ཅུ་སོགས།།
སྤྲུལ་པའི་ལྷ་ཚོགས་རྣམས་ལ་གུས་ཕྱག་འཚལ།།
ངོ་མཚར་སྡེ་དགེའི་གཟི་འོད་རབ་ཏུ་འབར།།
དབུ་བླ་ཁག་ལྔ་ཆོས་སྡེ་ཉིས་བརྒྱ་ལྷག།
དཔོན་ཆེན་བཞི་དང་གཉེར་ཆེན་བརྒྱད་དང་ལྡན།།
རླབས་ཆེན་མཛད་པའི་མི་བུ་ཡོངས་ལ་བསྔགས།།
མདུན་སྐོར་སུམ་ཅུ་གྲགས་ཧོར་བརྒྱད་ཅུ་དང་།།
རྫོང་སྒོ་ཉེར་ལྔ་ཕྱོགས་ཆེན་གསུམ་དང་བཅས།།
ནང་བློན་བརྒྱ་དང་ཕྱི་བློན་སྟོང་རྩ་སོགས།།
སྔ་རབས་མེས་པོ་རྣམས་ལ་དགའ་དད་འཆར།།
ར་རི་བསྟན་རྣམ་རྣམ་རྒྱལ་རྡོ་རྗེ་དང་།།
བར་ཡ་ཨ་ངག་དཔོན་མང་མགོན་རྣམ་བཅས།།
ར་ཡག་ཚེ་ཆོས་སྔོ་རྒོད་ཐེག་མཆོག་སོགས།།
འཐབ་འཁྲུགས་དཔལ་རྒོད་རྣམས་ལ་ཡང་དུ་བསྔགས།།
མི་ར་སྤྲུལ་སྐུ་ཨ་ཕྱུག་མཆོག་སྤྲུལ་དང་།།
ཆུ་དམར་ཡ་འབུམ་ལྭ་བུ་ཤ་རྒོག་བཅས།།
ལུང་ནག་བྱི་ཕྲུག་རྒྱལ་རྐོང་པད་ལྷུན་སོགས།།
དཔལ་བོ་ལོ་རྒྱུས་རྡོ་རིང་འདི་རྣམས་གསལ།།
གྲ་མདའ་དཔལ་ཆེན་ཨ་འཛིན་དཔལ་འབྱོར་དང་།།
རྟ་མེ་གསང་གྲགས་ཉག་ཤུལ་པན་ལོ་བཅས།།
གྲགས་པ་རྣམ་རྒྱལ་ཤན་པ་ངག་ལོ་སོགས།།
ངར་ཆེན་དཔལ་རྒོད་ཡོངས་ལ་དགའ་སྣང་འཆར།།
ཉག་ཕྲུག་རིན་ཆེན་ཕུར་བ་འཕྲིན་ལས་དང་།།
འཛིན་ནང་ཨ་སྐལ་མཁན་པོའི་གཟུ་སྡེས་བཅས།།
གནའ་རོང་དབང་རྒྱལ་ཉག་རོང་འཇུ་ལུ་སོགས།།
ཆོས་སྲིད་གཉིས་ཆེད་སྲོག་འབེན་འཇོག་ཚོ་དྲན།།
ངོ་མཚར་ལོ་རྒྱུས་སྲིད་ཞིའི་ཁྱོན་ལ་ལྡིང་།།
མཁས་གྲུབ་སྟོང་གི་ང་རོ་ཕྱོགས་སུ་ཁྱབ།།
ཕན་བདེའི་ལམ་བཟང་དགེ་ལེགས་ཆར་དུ་སྙིལ།།
ས་གསུམ་དབང་སྒྱུར་བྱེད་པའི་དཔལ་ཐོབ་ཤོག།
བོད་ཤིང་ལུགས་ཟླ་༡ཚེས་༡༨ཉིན་འགྱུར་མེད་བསྟན་འཛིན་གྱིས་སོ།། །།