English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

འདོན་སྤེལ། 2015/10/22 10:24 AM རྩོམ་པ་པོ།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

བཀའ་གཏེར་ལུང་ཟིན་བཻ་རོའི་རྣམ་པ་འཕྲུལ།   །
མཛོད་ཆེན་རྣམ་ལྔའི་ཤིང་རྟའི་ལམ་སྲོལ་འབྱེད།   །
རིས་མེད་བསྟན་འཛིན་ཡོན་ཏན་རྒྱ་མཚོའི་གཏེར།   །
བློ་གྲོས་མཐའ་ཡས་ཞབས་ལ་གསོལ་བ་འདེབས།   །
ཞེས་པར་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ནི་གངས་ཅན་ལྗོངས་འདིར་ཐོག་མར་ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་སྲོལ་གཏོད་པ་པོ་ཡིན་ཏེ།   དེའང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རྩ་བའི་སྙིང་པོའི་གཞུང་དང་དབང་གདམས་ངག་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་མཛོད་ཕྱོགས་སྒྲིག་གནང་ཞིང༌།   དེའི་དབང་ལུང་དང༌།   གདམས་ངག་གང་བཞུགས་རྣམས་ཐོག་མར་རྗེ་རང་ཉིས་ཀྱིས་ཞུས་ཤིང༌།   དེ་ནས་རང་གི་སློབ་མའི་ཚོགས་རྣམས་ལ་དབང་ལུང་གདམས་ངག་དང་བཅས་པ་ཐམས་ཅད་ཡོངས་སུ་རྫོགས་པར་གནང་བར་ལ་རིས་མེད་ཀྱི་གྲུབ་མཐའ་འཛིན་པའི་བརྒྱུད་པ་ཞེས་ཟེར།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ནི་རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྤྱི་ལོ་1813ལོར་མདོ་ཁམས་སྡེ་དགེའི་མངའ་ཁོངས་རོང་རྒྱབ་གྲོང་དུ་ཡབ་བོན་གྱི་སྔགས་པ་བསོད་ནམས་འཕེལ་དང༌།   ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་ཁྱིམ་དུ་སྐུ་འཁྲུངས།   ཕ་ཡབ་དངོས་་ནི་ཁྱུང་པོ་བླ་མ་གཡུང་དྲུང་བསྟན་འཛིན་ཞུ་བ་དེ་ཡིན།   ལོ་ངོ་ལྔ་པའི་མེ་གླང་གི་སོས་ཀར་ཀ་ཁ་འདོན་རྒྱུ་བསླབས།   ལོ་ངོ་བདུན་པ་ཁྱུང་པོ་བླ་མ་སྐུ་གཤེགས།   དགུང་ལོ་དགུ་པའི་ལྕགས་སྦྲུལ་(1821)ལོ་ཡུལ་དེར་བོན་དགོན་ཆུང་ངུ་ཞིག་ཡོད་པ་དེར་འཚོགས་འདོན་ཞུགས།   བོན་ཆོས་ལ་འདོན་ཁྲལ་ཙམ་ལས་མོས་པ་ཤིན་ཏུ་ཆུང་སྟབས་ཡུལ་དེའི་མི་རྣམས་ཀྱིས་ཁོང་བན་དེ་ཞིག་རེད་ཅེས་གླེང་ཕྱོགས་གྱུར།   ལོ་ངོ་བཅུ་ཟིན་སྐབས་ནས་བྲིས་སྦྱོང་སྟེ་ཞལ་འདོན་སོགས་པུ་སྟི་ཁ་ཤས་བྲིས།   རབ་བྱུང་བཅུ་བཞི་པའི་མེ་ཕག་སྤྱི་ལོ་1827ལོར་དགུང་ལོ་བཅོ་ལྔར་ཟིན་སྐབས།   འདན་མའི་གཟིམ་དཔོན་ཁག་གིས་ཡུལ་མི་རྣམས་ལ་མནར་གཅོད་བྱས་པའི་རྐྱེན་གྱིས་ཆོས་སྒོར་ཞུགས་རྐྱེན་བྱས་ཚུལ།   ཀོང་སྤྲུལ་གྱི་རང་རྣམས་ལས།   འདི་སྐོར་སྡེ་དགེ་རྒྱལ་པོ་ཚེ་དབང་རྡོ་རྗེ་རིག་འཛིན་ཁྲི་བཞུགས་དང༌།   ཆུ་མ་གཟིམས་དཔོན་རྣམས་རིམ་པར་ཚར་སྐབས་ཡིན་པས།   དེ་རྣམས་ཀྱིས་མངའ་རིས་ཡུལ་འབྲོག་རྣམས་ལ་བསྙད་བསྐོ།   བཙན་འཕྲོག སྒོ་བཞག སློང་མོ།   སྤུས་བསྒྱུར།   བཙན་དོམ་བཞག་ཅིང་འུ་ལག་འདེད་བསྐལ་ཆེ་བས་རྫོང་ཁག་རྣམས་ཀྱི་སྡེ་སུམ་ཆ་ཙམ་ཡུལ་བུད་ས་འཁྱར་གྱིས་སྟོང་པའི་སྐབས་སུ་ཁེལ།   ངེད་རང་གི་ཞང་པོ་དེ་རང་མགོ་ཐོན་པའི་རྒྱུ་ནོར་ཡོད་བཞིན་དུ་གཞན་ནས་རྐུ་འཕྲོག་དང་འཛིང་རྩོད་ཁོ་ན་དགོས་པ་ཞིག་ཡོད་པས།   མི་གཞན་ཞིག་དང་ཐུག་སྒོའི་རྐྱེན་གྱིས་སྡེ་དགེའི་སྐུ་ཚབ་གཟིམས་དཔོན་ཚང་གི་མི་ངོ་ཞིག་རྩར་གྱོད་ཐུག སྡེ་ཡུལ་རྣམས་ཤོར་བརླག་ཆེན་པོ་རེད།   དེ་ཀའི་ཞེ་མཁོན་གྱིས་ཕྱི་ལོ་དགོན་པའི་དགུ་གཏོར་འཚོགས་སྐབས་སྐྱ་སེར་སྤྱི་གྲོས་ཀྱིས་ན་ནིང་ཧོར་འདྲ་ཕབ་མཁན་དེ་སྤྱི་བསད་བྱས།   དེའི་ཤ་ཉེས་ཕྱི་ལོ་སྐུ་ཚབ་སྔ་མ་ལ་གྱོད་གཏུགས་ནས་ཧོར་འདྲ་ཕབས་པས་མི་སྟངས་དང་ཆད་པ་ཆེ་བས་དུད་ཆེ་ཆུང་མེད་པ་ཐམས་ཅད་རྐང་བརླགས་བྱས།   ཕ་རྒན་ཀྱང་བཙོན་འོག་ཆུད་པ་སོགས་སྡུག་བསྔལ་བརྒྱུད་མར་བྱུང་བ་དང༌།   སྤྱིར་ཁྲལ་འུ་ལག་ལྕི་བས་མ་རྒན་ནས་ཁྱོད་རང་གཞིས་ངན་འདིའི་སྟེང་ད་ཕྱིན་ཉིན་གཅིག་ཀྱང་བསྡད་དགོས་མེད།   དགོན་པ་ཞིག་ཏུ་སོང་དང་མོའང་ཞར་བྱུང་མགོ་ཐོན་འགྲོ་ཟེར་ཡང་འཕྲལ་དེར་སྡོད་གནས་ཀྱི་དགོན་པ་ཡིད་ལ་བབས་པའང་མ་བྱུང༌།   ལོ་བཅུ་དྲུག་ལོན་པའི་དཔྱིད་སོས་ལ་ཕ་རྒན་ཆོས་སྡེ་ཕོ་བྲང་དུ་ཡོད་པའི་རྩར་བརྫངས།   དེར་དཔྱིད་དབྱར་གཉིས་སུ་དཔེ་བྲིས་དང་ཀློག་འདོན་འདྲ་བྱས།   ཆབ་མདོའི་དབུ་མཛད་ལྷ་མགར་ཞིག་ལས་སྐུ་བརྙན་བྲིས་འབུར་གྱི་ཐིག་རྩ་སྨན་ལུགས་དང༌།   རི་མོའང་རགས་བསྡུས་བསླབས།   མ་རྒན་འདི་ཉིད་ལུས་སྲོག་སྐྱེད་པའི་དྲིན་ཆེ་བ་གཞིར་བཞག་འཁོར་བའི་ཁྱིམ་གྱི་བཙོན་དོང་ནས་ཕྲལ་ཏེ་ཆོས་སྒོར་ཞུགས་པའི་དགེ་བའི་བཤེས་གཉེན་དུ་སོང་བས་དྲིན་ལན་འཁོར་དཀའ་བ་ཡིན་ནོ།   ཞེས་གསུངས་པ་ལྟར་རོ།
དགུང་ལོ་བཅུ་བདུན་པའི་ས་གླང་(1829)ལོར་ཆོས་སྡེ་ཁང་གསར་དཔོན་ཚེ་འཕེལ་གྱི་དྲུང་ཡིག་བྱས་ནས་འོབ་གཤིས་དང༌།   རྫོགས་ཆེན་ཕྱོགས་སུ་ཕྱིན།   ཁང་གསར་དཔོན་རྒན་གྱིས་དགོངས་བཞེད་བཞིན་ཞེ་ཆེན་དགོན་དུ་ཕྱིན་ནས་སྒྲུབ་བླ་ཨོ་རྒྱན་བསྟན་འཛིན་གྱི་དྲུང་དུ་འདུག་ནས་ནག་རྩིས།   སྙན་ངག སུམ་རྟགས།   མངོན་བརྗོད།   སྒྲ་ཀཱ་ཙན་དབྱངས་གསུམ་སོགས་བསླབས།   དགུང་ལོ་ཉི་ཤུ་པའི་ཆུ་འབྲུག་སྤྱི་ལོ་1832ལོར་ཞེ་ཆེན་དབོན་སྤྲུལ་མདུན་ནས་སྔ་འགྱུར་ལུགས་ཀྱི་སྡོམ་པ་ཞུས།   ཞེ་ཆེན་དབོན་སྤྲུལ་གྱིས་ད་རེས་ངའི་རྩར་ནས་སྡོམ་པ་ཞུས་དང་རྗེས་སུ་གཞན་ལས་བསྐྱར་ཞུ་དགོས་ན་སྡོམ་རོ་ཡར་ཕུལ་ཆོག་གི་རེད་ཅེས་གསུངས།   དགུང་ལོ་ཉེར་གཅིག་པའི་ཆུ་སྦྲུལ་(1833)ལོར་ཁང་སར་དཔོན་རྒན་ཚེ་འཕེལ་དཔལ་སྤུངས་དགོན་དུ་གྲྭ་ཁང་བཟོ་སར་ཕེབས་པ་དང་ཀོང་སྤྲུལ་ཡང་མཉམ་དུ་དཔལ་སྤུངས་ཁྲིད།   ཐོག་མར་དབོན་རྒན་སྤྲུལ་སྐུ་དང་མཇལ།   མཁས་དབང་བླ་མ་བཀྲ་ཤིས་རྒྱལ་ལས་སྐར་རྩིས་ཉེར་བུམ་བསླབས་ཤིང་ལོ་གཅིག་གི་ལོ་ཐོ་རྩིས།   དེ་ནས་ཁང་སར་དཔོན་རྒན་ཡར་ལོག་སྐབས།   ཀོང་སྤྲུལ་དཔལ་སྤུངས་དགོན་དུ་རིང་སྡོད་དགོས་ཚུལ་དང་བསླབ་གཉེར་གནང་དགོས་ལུགས་ཀྱི་ཞལ་བསྒོས་གནང་ནས་ཡར་ཕེབས།   ལོ་དེའི་ཟླ་བ་བཅུ་པར་དབོན་རྒན་རིན་པོ་ཆེའི་བཀའ་བཞིན་སི་ཏུ་པདྨ་ཉིན་བྱེད་མདུན་ནས་སྟོད་འདུལ་ལུགས་ཀྱི་སྡོམ་རྒྱུན་ཞུས།   སྐུ་མདུན་ནས་རྡོ་དྲིལ་དང་ཤམ་ཐབ་བཅས་གནང་སྦྱིན་སྩལ།   ཁོང་ལ་ཀོང་སྤྲུལ་རིན་པོ་ཆེ་ཞེས་པའི་མཚན་ཐོགས་ཚུལ་སྐོར་རང་རྣམ་ལས།
“དབོན་རྒན་ཚང་ནས་ངེད་ལ་ཐུགས་བརྩེ་རེ་འདུན་ཤིན་ཏུ་ཆེ་བས་གཞན་ལ་ཤོར་དོགས་ཀྱིས་སྐྱབས་རྗེ་རིན་པོ་ཆེའི་མདུན་འདི་ལ་སྡེ་དགེའི་མདུན་ནས་དྲུང་ཡིག་འདོད་པ་སོགས་ཐོག་རྒྱག་ཅི་འོང་ཚོད་མི་འདུག་པས་རང་ཚང་སྤྲུལ་སྐུ་ཞིག་གི་མིང་བཏགས་པ་གལ་ཆེ་ཚུལ་ཞུས་སྐབས།   དེ་ལྟར་འོས་བབས་འདུག་པས་རྗེ་གོང་མའི་ཞལ་སློབ་གཅིག་གི་སྤྲུལ་སྐུར་མིང་བཏགས་དགོས་འདུག་ཀྱང༌།   ཨ་ལོ་ཀུན་མཁྱེན༌།   ཚེ་དབང་ཀུན་ཁྱབ།   རྟ་མགྲིན་མགོན་པོ་གསུམ་ནི་མཚན་བཏགས་དང་དགོན་འདིར་བདག་བཟུང་གཏན་ནས་མི་ཉན་བར་ཆད་འོང་ཞེས་དཔའ་བོ་གཙུག་ལག་དགའ་བ་དང་ཀར་འབྲུག་རྣམས་ཀྱིས་ནན་ཏན་གསུངས་ཀྱང༌།   ཀུན་སྤྲུལ་ཁམས་པ་ཚང་དང་རྩོད་འཐེན་སྐབས་ཁྲིམས་རར་མགྲོན་གཉེར་གྱིས་གློ་བུར་མིང་བཏགས་དགོས་བྱུང་བ་ལ་ཕྱིས་བར་ཆད་ཆེན་པོ་རེད་སོང་བས།   འདི་ལ་ཅི་འོས་ཐུགས་གྲོས་མཛད་པར།   རྗེ་གོང་མའི་སྐུ་ཚེའི་སྟོད་ཀྱི་ཉེ་གནས་དང་ཞལ་སློབ་ཀོང་པོ་བམ་སྟེང་སྤྲུལ་སྐུ་དེའི་སྐྱེ་བར་མིང་བཏགས་ན་འབྲེལ་ཆགས་པ་ཐུགས་ཐག་བཅད་ནས་དེ་ལྟར་ཡིན་ཚུལ་ནང་འཁོར་རྣམས་ལ་བཀའ་ཕབས་པས་དེ་ཕྱིན་ཀོང་སྤྲུལ་ཟེར་བའི་མིང་འདིའང་ཐོགས་སོང༌།  ” ཞེས་གསུངས་འདུག
དེ་ནས་བཟུང་དབོན་རྒན་སྤྲུལ་སྐུ་དང༌།   འཛི་སྒར་མཆོག་སྤྲུལ།   པད་དཀར་སྤྲུལ་སྐུ།   མཁས་དབང་བསྟན་འཕེལ།   ཀརྨ་ཚེ་དཔལ་སོགས་ཀྱི་མདུན་ནས་ནང་བརྟག་རྒྱུད་གསུམ་སོགས་མདོ་སྔགས་ཀྱི་གཞུང་ལུགས་དང༌།   བཀའ་བརྒྱུད་རང་སྐོང་གི་ཆོ་ག་ཕྱག་ལེན།   གསོ་རིག་རྒྱུད་བཞི་གཞུང་ལུགས་ལག་ལེན་དང་བཅས་པའི་དམར་ཁྲིད།   སྔོ་སྡུམ་ངོ་སྤྲོད་སོགས་རིག་གནས་སྐོར་མང་པོར་སྦྱངས་པས་མཁས་པའི་མཚན་སྙན་རྒྱས།   དགུང་ལོ་སུམ་ཅུ་པའི་ཆུ་སྟག་(1842)ལོར་དཔལ་སྤུངས་ཡང་ཁྲོད་དུ་སྔར་སི་ཏུ་ཆོས་འབྱུང་སྐབས་ཡོད་པའི་སྒྲུབ་ཁང་ཞིག་ཧྲུལ་དེ་ཉམས་གསོ་བྱེད་རྒྱུ་འགོ་བཙུགས་ཤིང་གནས་དེར་སྒྲུབ་པ་གནང༌།   དེའི་ཕྱི་ལོར་ཤིང་ཡོས་ལོར་རོང་རྒྱབ་ཏུ་ས་འགུལ་གྱིས་གནོད་པ་ཚབས་ཆེན་བྱས་བྱུང་བས་མ་ཡུམ་རི་ཁྲོད་གོང་དུ་གདན་དྲངས་ནས་བཞུགས།   ལོ་དེར་བླ་མ་ཀརྨ་ནོར་བུ་ལས་ཤང་ལུགས་བདེ་མཆོག་ལྷ་ལྔའི་དབང་ལུང་སོགས་ཤང་སྐོར་རྣམས་ཞུས།   ཟླ་བ་བརྒྱད་པར་བླ་མ་ཀརྨ་འོད་གསལ་ལས་ཇོ་ནང་པའི་ཆོས་སྐོར་ཕལ་ཆེར་ཞུས།   དགུང་ལོ་སོ་དྲུག་པའི་ས་སྤྲེལ་(1848)ལོར་ངོར་ལུགས་རྒྱུད་སྡེ་རྣམས་ཀྱི་དབང་ལུང་ཞུས།   དགུང་ལོ་སོ་དགུ་པའི་ཆུ་བྱི་(1852)ལོར་རྫོང་གསར་འཇམ་དབྱངས་མཁྱེན་བརྩེས་ཕྱོགས་སྒྲིག་གནང་བའི་སྒྲུབ་ཐབས་ཀུན་བཏུས་དང༌།   ཚར་ལུགས་དཀར་པོ་རྣམ་གསུམ་སོགས་ཀྱི་དབང་ལུང་མང་པོར་ཞུས།   དགུང་ལོ་ཞེ་གཉིས་པའི་ཤིང་སྟག་(1854)ལོར་བཀའ་བརྒྱུད་སྔགས་མཛོད་སྒྲིག དགུང་ལོ་ཞེ་བདུན་ས་ལུག་ལོར་(1859)ཁྲོ་མཎྜལ་དགོན་འདེབས་པའི་ས་གཟིགས་ཕེབས་ཤིང་ས་འདུལ་མཛད།   ཟླ་བ་དྲུག་པར་ཙྭ་འདྲ་རིན་ཆེན་བྲག་གི་གཡས་ཟུར་ནས་གསང་ཐིག་སྐོར་གསུམ་དང༌།   ཙྭ་འདྲ་གནས་ཡིག དཔལ་ཆེན་མོའི་སྐུ་རྒྱུའི་ནང་ཞུགས་སོགས་གཏེར་དྲངས།   དགུང་ལོ་ཞེ་དགུ་པའི་ལྕགས་བྱ་(1861)ལོར་ཀོང་སྤྲུལ་རིན་པོ་ཆེས་སྒྲིག་པའི་གཏེར་ཆོས་སྐོར་རྣམས་ལ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་རིན་ཆེན་གཏེར་མཛོད་ཅེས་མཚན་གསོལ།   དེའི་ཕྱི་ལོ་ཆུ་ཁྱི་ལོ་ཤེས་བྱ་མཛོད་ཀྱི་རྩ་བ་བརྩམས།   དེའི་ཕྱི་ལོ་འགྲེལ་པ་ཡང་གྲུབ་ཟིན།   དགུང་ལོ་ང་དགུ་པའི་ལྕགས་ལུག་(1871) ལོར་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བཀའ་སྲོལ་ཞུས་ཐོབ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་གདམས་ངག་མཛོད་ཅེས་མཚན་གསོལ།   དགུང་ལོ་དྲུག་ཅུ་པའི་ཆུ་སྤྲེལ་(1872)ལོ་ཟླ་བ་གཉིས་པར་མདོ་སྤྱི་ཕུན་རབ་པའི་བཀའ་ལྟར་ཉག་ཁོག་ཏུ་ཕེབས་ཏེ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཕྱག་ལེན་གནང་བས་ལེགས་གྲུབ་བྱུང༌།   དགུང་ལོ་རེ་གསུམ་པའི་ཤིང་ཕག་(1875)ལོར་བོད་གཞུང་ནས་དངུལ་ཆུ་བཙོ་བཀྲུ་བཟོ་ས་ཡོང་དགོས་པའི་བཀའ་འབྱོར་ཡང་གློ་བུར་དུ་རྒྱལ་བ་སྐུ་གཤེགས་པས་ཕེབས་དགོས་མ་བྱུང༌།   དགུང་ལོ་རེ་བཞི་པའི་མེ་བྱི་(1876)ལོར་རྫོང་གསར་དུ་རིན་ཆེན་གཏེར་མཛོད་དབང་ལུང་ཐོག་མར་གནང༌།   དགུང་ལོ་རེ་ལྔ་པའི་མེ་གླང་(1877)ལོར་ཨ་ལོ་རྩེ་ཟུལ་མདོར་མཆོད་རྟེན་བཞེངས།   དགུང་ལོ་དོན་ལྔ་པའི་མེ་ཕག་(1887)ལོར་རྒྱལ་བ་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་ཡང་ཁྲོད་ཕེབས་པར་བཀའ་བརྒྱུད་སྔགས་མཛོད་དང༌།   མ་མགོན་ཞལ་སྦྱོར་བཅས་ཀྱི་དབང་ལུང་དང༌།   སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་དབང་ལུང་ཕལ་ཆེར་བ་ཕུལ།   དེའི་ཕྱི་ལོ་ས་བྱི་ལོར་རྒྱལ་བ་ཀརྨ་པ་ལ་རིན་ཆེན་གཏེར་མཛོད་དང༌།   ཤེས་བྱ་མཛོད་བཅས་ཀྱི་དབང་ལུང་ཕུལ།   དགུང་ལོ་བརྒྱད་ཅུ་པའི་ཆུ་འབྲུག་(1892)ལོར་རྫོང་ཤོད་དུ་ཕེབས་ནས་ཟླ་བ་དྲུག་བཞུགས།   སྐབས་དེར་ཉག་ཁོག་གི་མདོ་སྤྱི་ཛ་སག་བོད་དུ་ཕྱིར་ཕེབས་པའི་ལམ་བར་རྫོང་ཤོད་དུ་ཀོང་སྤྲུལ་རིན་པོ་ཆེ་མཇལ་ཁར་ཕེབས།   དགུང་ལོ་གྱ་བདུན་པའི་ས་ཕག་(1899)ལོར་སྐུ་གཤེགས།
མདོར་ན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཐུན་མོང་མ་ཡིན་པའི་མཛད་རྗེས་གཙོ་བོ་ནི།   བོད་གངས་ཅན་ལྗོངས་སུ་སྔར་མ་གྲགས་པའི་མཛོད་ཆེན་རྣམ་ལྔ་ཞེས་གསར་སྒྲིག་གནང་བ་དེ་ཡིན།   མཛོད་ཆེན་རྣམ་ལྔ་ནི།   ༡ ཐུན་མོང་རིག་གནས་དགུ་དང་ཐུན་མིན་ནང་རིག་པའི་མདོ་རྒྱུད་ཐམས་ཅད་ཀྱི་གནད་རྣམས་ཚང་ལ་མ་ནོར་བར་སྟོན་པའི་གཞུང་ཤེས་བྱ་མཛོད་དང༌།   ༢ ཕྱི་འགྱུར་མར་པ་ལོ་ཙཱ་ནས་བརྒྱུད་པའི་བདེ་དགྱེས་གསང་གསུམ་གྱིས་གཙོས་བླ་མེད་ཀྱི་རྒྱུད་སྡེའི་སྨིན་གྲོལ་སྒྲུབ་དཀྱིལ་གྱི་རྒྱུད་འགྲེལ་རྣམས་དང༌།   སྔ་འགྱུར་བཀའ་མའི་གྲས་ཡང་དག་དང༌།   ཕུར་པ་འཁོན་ལུགས་སོགས་ཕྱོགས་གཅིག་ཏུ་བསྡུས་པ་བཀའ་བརྒྱུད་སྔགས་མཛོད།   ༣ གཏེར་སྟོན་སངས་རྒྱས་བླ་མ་ནས་གླིང་པ་བཅུ་གཉིས་གཙོ་བོ་གྱུར་པའི་གཏེར་ཆེན་གཏེར་ཕྲན་རྣམས་དང༌།   དུས་ཕྱིས་ཀྱི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང༌།   མཆོག་གྱུར་བདེ་ཆེན་གླིང་པའི་བར་བཅས་གཏེར་སྟོན་ཉིས་བརྒྱ་ཉེ་བའི་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་གཅིག་ཏུ་དྲིལ་བའི་རིན་ཆེན་གཏེར་མཛོད།   ༤  སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རྩ་བའི་སྙིང་པོའི་གཞུང་དང་དབང་གདམས་ངག་ཡོངས་སུ་བསྡུས་པ་གདམས་ངག་མཛོད་དང༌།
༥  རྗེ་ཉིད་ཀྱི་ཤོག་སེར་དང་དགོངས་གཏེར་ལས་བྱུང་བའི་ཟབ་ཆོས་རྩ་གསུམ་དགོངས་འདུས་དང༌།   གསང་ཐིག་ཡབ་བཀའ་ཡུམ་བཀའ་སོགས་ཐུན་མིན་གསང་མཛོད་དང༌།   དེ་དང་རྗེས་སུ་འབྲེལ་བའི་གསུང་རྩོམ་སྨན་རྩིས་ཀྱི་གཞུང་དང༌།   འབེལ་གཏམ།   བསྟོད་ཚོགས།   བསྔོ་སྨོན།   ཤིས་བརྗོད་སོགས་རྒྱ་ཆེན་བཀའ་མཛོད་གསུང་འབུམ་པོད་བཅོ་ལྔ་བཞུགས་པ་རྣམས་ཡིན།   དེ་ལས་གསོ་བ་རིག་པའི་ཕྲིན་ལས་ནི་ཁམས་ཕྱོགས་ཙམ་མ་ཟད་བོད་གངས་ཅན་ལྗོངས་སུ་དེང་གི་བར་དུ་ལག་ལེན་དངོས་ཀྱི་ནང་དུ་དར་ཁྱབ་ཆེ་བ་སྟེ།   ཀོང་སྤྲུལ་ཟིན་ཏིག་ནི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ཅན་གྱི་བསྟན་བཅོས་ཞིག་ཡིན་སྟབས།   བོད་འདིར་སྨན་པ་ཆེ་ཆུང་ཐམས་ཅད་ཀྱི་ལག་ལེན་ཁུངས་གཏུག་ས་ཆགས་ཡོད་པ་རེད།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། དིས་ཆུང་བློ་ཆོས།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
  • ༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་མཛད་རྣམ།
  • འཛི་སྒར་བླ་མ་དབང་རྡོར་རིན་པོ་ཆེའི་རྣམ་ཐར།
  • མཁན་ཆེན་རྣམ་གྲོལ་རིན་པོ་ཆེ་མཆོག་གི་མཛད་རྣམ།
  • མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གི་མཛད་རྣམ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།