English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

གླིང་བྲོ་བདེ་ཆེན་རོལ་མོའི་ཕན་ཡོན་དང་སྟངས་སྟབས།

འདོན་སྤེལ། 2013/01/23 7:46 AM རྩོམ་པ་པོ།

༈བྲོ་ཚན་མདོ་ཙམ་བརྗོད་པ།།

 

image001༄།།ཀུན་གཟིགས་ཐམས་ཅད་མཁྱེན་པ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་མཆོག་གི་ཞལ་ནས་གླིང་བྲོ་བདེ་ཆེན་རོལ་མོ་འདི་གངས་ལྗོངས་མཐའ་དབུས་མེད་པར་འཁྲབ་སྟོན་གྱི་སྲོལ་ཞིག་དར་སོང་ན།བོད་གངས་རིའི་ལྗོངས་ལ་ནད་མུག་འཁྲུག་རྩོད་དབྱིངས་སུ་ཞི། བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་བའི་རྟེན་འབྲེལ་ཡོད་གསུང་། འོན་ཀྱང་བླ་མ་མི་ཕམ་རིན་པོ་ཆེ་ཞལ་བཞུགས་པའི་སྐུ་རིང་ལ་གླིང་བྲོ་བདེ་ཆེན་རོལ་མོ་འདི་ཁྱབ་བརྡལ་དུ་དར་བའི་རྟེན་འབྲེལ་མ་འགྲིག་པ་རེད། དེའི་རྗེས་སུ་རྭ་སྒྲེང་ཁྲི་རིན་པོ་ཆེ་དང་ཉག་བླ་བསོད་རྒྱལ་འཕགས་ཆེན་གོང་མ་ལ་སོགས་པས་གླིང་བྲོ་བདེ་ཆེན་རོལ་མོ་འདི་གངས་ལྗོངས་སྤྱིའི་སྐུ་རིམ་དུ་འཁྲབ་སྟོན་ཞིག་ཨེ་ཡོང་བལྟས་ཀྱང་། གངས་རིའི་ལྗོངས་པ་རྣམས་བསོད་ནམས་དམན་པའི་སྟོབས་ཀྱིས་ཡང་དག་པར་མཐར་མ་འཁྱོལ་བ་རེད། དེའི་རྗེས་སུ་བདུད་འཇོམས་ཡང་སྤྲུལ་ལ་སོགས་པས་ཡང་གླིང་བྲོ་བདེ་ཆེན་རོལ་མོ་འདི་དར་སྤེལ་ཞིག་ཨེ་ཡོང་བལྟ་དུས་བོད་གངས་རིའི་ལྗོངས་ཀྱི་བདེ་སྐྱིད་དུས་སུ་མ་སྨིན་པས་རྟེན་འབྲེལ་མ་འགྲིག་པ་རེད། ད་ལྟའི་གནས་སྐབས་ན་རྟེན་འབྲེལ་དུས་སུ་སྨིན་པའི་དབང་གིས་༧སྐྱབས་རྗེ་དམ་པ་ཡིད་བཞིན་ནོར་བུས་གླིང་བྲོ་བདེ་ཆེན་རོལ་མོ་འདི་དར་སྤེལ་རྒྱ་ཆེར་ཡོང་བར་མ་ཟད་ཐུགས་བཞེས་ནན་ཟབ་ཀྱིས་མདོ་དབུས་ཁམས་གསུམ་གྱི་མི་སྐྱ་ཕོ་མོ་རྣམས་ཀྱིས་ཁྲོད་དུ་བྲོ་གཞིའི་འཁྲབ་སྟོན་འདི་དར་ཁྱབ་བྱུང་ན་གངས་རིའི་ལྗོངས་སྤྱི་དང་བྱེ་བྲག་ཏུ་རང་རེ་གནས་པའི་ས་ཕྱོགས་སུ་བདེ་སྐྱིད་རྒྱ་ཆེན་པོ་ཡོད་གསུང་།

གླིང་བྲོ་བདེ་ཆེན་རོལ་མོའི་འཆམ་ལུགས་དང་སྟངས་སྟབས།

འདི་ལ་འཆམ་ལུགས་ཀྱི་སྟངས་སྟབས་མི་འདྲ་བ་མང་པོ་འདུག བདུད་འཇོམས་ཡང་སྤྲུལ་གྱིས་མཛད་པའི་ལུགས་ཤིག་དང་། གྲུབ་དབང་པད་མ་ནོར་བུ་ལ་སོགས་པས་མཛད་པའི་ལུགས་མང་པོ་ཡོད་ཀྱང་། འདིར་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གིས་ཆེད་བསྒྲིགས་བྱས་པའི་བྲོ་ཚིག་གི་དབྱངས་རྟ་འདི་ད་སྐབས་དགེ་འདུན་པ་མང་པོས་བྱིན་གྱིས་བརླབས་ཚར་བས་བྱིན་་རླབས་ཀྱི་་ཚན་ཁ་ཡོད་རྒྱུ་རེད། རྗེས་མ་ཐམས་ཅད་ཀྱིས་འཁྲབ་གཞི་འདི་ཡིས་བྱས་ན་ལེགས།

ལུས་ཀྱི་སྟངས་སྟབས་ནི། ཝེར་མ་ལུས་ལ་ཆགས་པའི་གར་སྟབས་ལག་གཡས་ཐབས་ཆེན་དཔའ་བོའིཕྱག་རྒྱ་སོགས་གཞུང་ནས་གསུང་པ་ལྟར་དགོས། དེ་མིན་ངེས་པ་མེད་པས་་ཅི་བདེར་བྱས་ན་ཆོག གྲངས་ཀ་ནི། རབ་ན་དགའ་བ་བཅུ་དྲུག་མཚོན་ཕྱིར་དཔའ་མོ་བཅུ་དྲུག་དང་ཁྱོན་སུམ་ཅུ་སོ་གཉིས་དགོས། འབྲིང་ན་དགའ་བ་བཞི་མཚོན་ཕྱིར་དཔའ་བོ་བཞི་དང༌།སྟོང་པ་བཞི་མཚོན་ཕྱིར་དཔའ་མོ་བཞི་དང་ཁྱོན་བརྒྱད་ཀྱིས་འཆམ་ན་ཆོག ཐ་ནའང་ཚིག་ཙམ་དབྱངས་སྙན་མོས་བབཏོན་་ན་རྟེན་འབྲེལ་གྱི་དབང་གིས་ཕན་ཡོན་ཆེན་པོ་ཡོད་གསུང༌།།

རྒྱན་ཆས་ནི། དཔའ་བོ་རྣམས་ཀྱི་རྒྱན་ཆས་དཀར་པོ་དང་སེར་པོ་སོགས་བྱས་ན་ཡག དཔའ་མོ་རྣམས་ཀྱི་རྒྱན་ཆས་དམར་པོ་དང་སྐག་མདོག་བྱས་ན་ཡག གླིང་བྲོ་བདེ་ཆེན་རོལ་མོ་འདི་ས་ཕྱོགས་གང་དུ་འཁྲབ་ན་ཡུལ་ཁམས་དེར་ནད་མུག་འཁྲུག་རྩོད་་སོཊ་མི་འདོད་ཉེར་འཚེ་ཐམས་ཅད་དང་སྙིགས་མའི་རྒུད་པ་དབྱིངས་སུ་ཞི་བ་དང༌། འདི་སུ་ཞིག་གིས་འཁྲབ་པ་དང་མཐོང་བ་དང་ཐོས་པ་དེར་ཁ་དགེ་བ་་བཀྲ་ཤིས་པ་དང་ཆོས་དང་སྲིད་ཀྱི་བདེ་སྐྱིད་ལེགས་ཚོགས་ཐམས་ཅད་ཆར་བཞིན་བེབས་པར་གསུང་པ་རྡོ་རྗེའི་ཚིག་གོ །

གླིང་བྲོ་བདེ་ཆེན་རོལ་མོའི་བྲོ་ཚན་དབྱེ་ལུགས།

གླིང་བྲོ་བདེ་ཆེན་རོལ་མོ་འདི་ལ་བྲོ་ཚན་བཞི་རུ་གནས་པ་སྟེ།

དང་པོ་བྱིན་འབེབས་ཀྱི་བྲོ་ནི། གླིང་རྗེ་སེང་ཆེན་རྒྱལ་པོའི་གཙོ་བྱས་པའི་དགྲ་བླ་ཝེར་མ་རྣམས་དང་དྭངས་སྨན་མཁའ་འགྲོའི་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་ནས་བྲོ་རའི་ནང་དུ་སྤྱན་འདྲེན་པ་དང༌། བཞུགས་གསོལ་མཛད་ཅིང་བྱིན་རླབས་ཞུ་བའོ།།

གཉིས་པ་མཆོད་ཅིང་བསྟོད་པའི་གླུ་ནི། སེང་ཆེན་ནོར་བུ་དགྲ་འདུལ་སོགས་དགྲ་བླ་ཝེར་མ་དང་དྭངས་སྨན་ཌཀིའི་ཚོགས་ལ། ལུས་མཛེས་པའི་བྲོ་གར། ངག་སྙན་པའི་གླུ་དབྱངས། ཡིད་དུང་བའི་མོས་གུས་སོགས་མཆོད་པར་ཕུལ་ཏེ་མགོན་སྐྱབས་དང་སྡོངས་གྲོགས་མཛད་པར་བསྐུལ་བའོ།།

གསུམ་པ་སྣ་ཚོགས་འཕྲིན་ལས་ཀྱི་བྲོ་ནི། སེང་ཆེན་མི་ཡི་ཉི་མས་ཞི་རྒྱས་དབང་དྲག་གི་ལས་རྣམས་སྒྲུབ་པའི་ཚེ་དཀར་ཕྱོགས་དགྲ་བླ་ཝེར་མའི་འཁོརྭ་ཚོགོས་སྤྲིན་ལྟར་འདུས་ཤིང་ནག་ཕྱོགས་བདུད་སྲིན་གྱི་བསྟན་པ་ནུབ་པ་དང་དཀར་ཕྱོགས་དགའ་བའི་རྒྱལ་མཚན་དགུང་དུ་བ་སྒྲེངས་པ་ལ་དགའ་སྟོན་དུ། སྐྱིད་པའི་བྲོ་གར་ཕུལ་བའི་ངང་ཚུལ་བརྗོད་པ་དང་ཀླུང་རྟ་སྡེ་བཞིའམ་སྟག་སེང་ཁྱུང་འབྲུག་གི་བྲོ་གར་བརྡུངས་པས་མི་འདོད་དགྲ་བདུད་ཆམ་ལ་ཕབས་ཤིང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་ལྷུན་གྱིས་འགྲུབ་པར་སྨོན་པའོ།།

བཞི་པ་བཀྲ་ཤིས་དབྱངས་སྙན་ནི། དོན་འགྲུབ་ཝེར་མ་དཀར་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བཀྲ་ཤིས་བརྗོད་དེ་མི་འབྲལ་ཚོམ་བུ་གཅིག་ཏུ་འཚོགས་པར་སྨོན་ལམ་འདེབས་པ་ལགས་སོ། །

གླིང་བྲོ་དངོས་གཞི་ནི།

༅། །གླིང་བྲོ་བདེ་ཆེན་རྡོ་རྗེའི་རོལ་མོ་བཞུགས།

 

དང་པོ་བྲོ་ཡི་བྱིན་འབེབས་ནི། མོས་གུས་གདུང་བའི་ཡིད་མཆོག་གིས།།རབ་བསྐུལ་ཞི་ཞིང་དགའ་བའི་ཉམས།།སྙན་འགྱུར་ཚངས་པའི་དབྱངས་ལྟ་བུ།།གླུ་ནི་འདི་ལྟར་བླང་བར་བྱ།།

ཕོ་རྣམས་ཀྱིས།

ཨོཾ། ལོའུ་ལ་ཨ་ཧོ་ཡ་སོགས།།

མི་རྗེ་སེང་ཆེན་ལྷ་ཡི་ནོར་བུ། །

དགྲ་ལྷ་ཝེར་མའི་དཔུང་དང་བཅས་ཏེ། །

བག་བྲོ་གཟི་བྱིན་ཐིབས་སེ་བྱོན་ནས། །

གཡས་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག །

ཕོ་རྒྱུད་དཔའ་བོའི་བྱིན་ཆེན་ཕོབས་ཤོག །

ཨ་ཧོ་ཡ། ཨ་ཧོ་ཡ།

བུ་ཡིས་ཕ་ཆེན་བརྗེད་པ་མི་སྲིད། །

ངས་ནི་མི་བརྗེད་གསོལ་བ་འདེབས་སོ། །

ཡིད་ལ་སེང་ཆེན་རྒྱལ་པོ་དྲན་ནས། །

རྐང་བའི་བྲོ་དང་ལག་པའི་གར་སྟབས། །

ངག་གི་གདུང་དབྱངས་ལྷང་ལྷང་སྒྲོགས་ན། །

མཁྱེན་པའི་ཉི་མ་གསལ་བའི་ལྷ་སྲས། །

བརྩེ་བའི་ཟླ་བ་རྒྱས་པའི་མི་རྗེ། །

བྱིན་རླབས་གློག་ལྟར་མྱུར་བའི་སེང་ཆེན། །

སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ། །

འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག །

སྙན་པའི་གསུང་དབྱངས་སྒྲོགས་ལ་བྱོན་ཤོག །

དགྱེས་པའི་ཐུགས་ཀྱིས་དགོངས་ལ་བྱོན་ཤོག །

བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག། །

འཕྲིན་ལས་བྱིན་ཆེན་ཕོབ་ལ་བྱོན་ཤོག །

ཨ་ཧོ་ཡ། ཨ་ཧོ་ཡ།

ལུས་ངག་ཡིད་གསུམ་མཆོད་པ་འབུལ་ན། །

མ་གཡེང་ཐུགས་རྗེས་དགོངས་ཤིག་ནོར་བུ། །

ཕ་ཡིས་བུ་དེ་བརྗེད་པ་མི་སྲིད། །

མ་བརྗེད་ཡོད་ན་ད་ལྟ་ཕེབས་ཤོག །

ཕེབས་ནས་བཀྲ་ཤིས་བྱིན་རླབས་མཛོད་ཅིག །ཨ་ཧོ་ཡ། ཨ་ཧོ་ཡ། ལེ་ཚན་དང་པོའོ།།

དེ་ནས་བུད་མེད་རྣམས་ཀྱིས་ནི། གླུ་ནི་འདི་བཞིན་བླང་བར་བྱ།།

ཨོཾ། སྟོང་ཉིད་ལྷ་མོ་ཆོས་ཀྱི་མཚོ་མོ། །

མ་ཚོགས་མཁའ་འགྲོའི་འཁོར་དང་བཅས་ཏེ། །

བག་དྲོ་གཟི་བྱིན་ཐིབས་སེ་བྱོན་ཤོག །

གཡོན་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག །

མོ་རྒྱུད་མཛེས་པའི་བྱིན་ཆེན་ཕོབ་ཤོག །

བུ་མོས་ཨ་མ་བརྗེད་པ་མི་སྲིད། །

ངས་ནི་མི་བརྗེད་གསོལ་བ་འདེབས་སོ། །

ཡིད་ལ་དྭངས་སྨན་ཌཱ་ཀཱི་དྲན་ནས། །

རྐང་བའི་བྲོ་དང་ལག་པའི་གར་སྟབས། །

ངག་གི་གདུང་དབྱངས་ལྷང་ལྷང་སྒྲོགས་ན། །

མཁྱེན་པའི་ཉི་མ་གསལ་བའི་མཁའ་འགྲོ། །

བརྩེ་བའི་ཟླ་བ་རྒྱས་པའི་ཡུམ་ཆེན། །

བྱིན་རླབས་གློག་ལྟར་མྱུར་བའི་དྭངས་སྨན། །

དགྱེས་ཡུམ་བཀྲ་ཤིས་གསང་བའི་ལྷ་མོ། །

འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག །

སྙན་པའི་གསུང་དབྱངས་སྒྲོགས་ལ་བྱོན་ཤོག །

དགྱེས་པའི་ཐུགས་ཀྱིས་དགོངས་ལ་བྱོན་ཤོག །

བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག །

འཕྲིན་ལས་བྱིན་ཆེན་ཕོབ་ལ་བྱོན་ཤོག །

ལུས་ངག་ཡིད་གསུམ་མཆོད་པ་འབུལ་ན། །

མ་གཡེལ་ཐུགས་རྗེས་དགོངས་ཤིག་སྒྲོལ་མ། །

མ་ཡིས་བུ་མོ་བརྗེད་པ་མི་སྲིད། །

མ་བརྗེད་ཡོད་ན་ད་ལྟ་ཕེབས་ཤོག །

ཕེབས་ནས་བཀྲ་ཤིས་བྱིན་རླབས་མཛོད་ཅིག །ཨ་ཧོ་ཡ། ཨ་ཧོ་ཡ། ཞེས་སོ།།

དེ་ནས་མཆོད་ཅིང་བསྟོད་པའི་གླུ། ཕོ་མོ་ཁྱད་མེད་ཅི་བདེར་བླངས། བཀྲ་ཤིས་དར་གྱི་འཕྱང་འཕྲུལ་ཐོགས། སྒེག་ཅིང་འཛུམ་པའི་ཚུལ་གྱིས་ནི། ཡིད་འཕྲོག་ངག་གིས་བླང་བར་བྱ།།

 

ཨཱ༔ སྐུ་རྗེ་སེང་ཆེན་ཡིད་བཞིན་ནོར་བུ །།

རྩ་གསུལ་དགྲ་བླའི་སྤྲིན་ཕུང་འཁྲིགས་པ།།

བདེ་ཆེན་དྭངས་སྨན་ཌ་ཀིའི་ཚོགས་དང་།།

དགྱེས་བཞད་ཆགས་པའི་ཉམས་འགྱུར་གཡོ་ཞིང་།།

ཨ་ལ་ལ་ཧོ། ཨ་ལ་ལ་ཧོ།

བྱིན་རླབས་གཟི་བྱིན་འབར་བར་བཞུགས་ལ།།

འདིར་ཚོགས་དད་ལྡན་བདག་ཅག་རྣམས་ཀྱིས།།

གནས་ལུས་ལོངས་སྤྱོད་མཆོད་པར་འབུལ་ན།།

བརྩེ་བའི་ཐུགས་ཀྱིས་བཞེས་པར་མཛོད་ཅིག ། ཨ་ལ་ལ་སོགས།།

མཛེས་མཛེས་ལུས་ཀྱི་བྲོ་གར་སྟངས་སྟབས།།

སྙན་སྙན་ངག་གི་གླུ་དབྱངས་འགྱུར་ཁུག །

དུངས་དུངས་སེམས་ཀྱི་དད་གུས་གདུང་ཤུགས།།

ཡང་ཡང་སེང་ཆེན་རྗེ་ལ་མཆོད་དོ།། ཨ་ལ་ལ་སོགས།

སྔོན་ཚེ་སེར་པོ་ཧོར་གྱི་ས་ནས།།

སྟོང་ཉིད་མགར་བཟའ་ཆོས་ཀྱི་སྒྲོན་མེས།།

དགྲ་བླའི་སྐུ་ཆས་ཁྱེད་ལ་གསོལ་བས།།

བསྟནདགྲ་ཐུལ་བའི་རྟེན་འབྲེལ་འགྲིག་སོང་།།

ཨ་ལ་སོགས།

སྔོན་ཚེ་དྭངས་སྨན་མཁའ་འགྲོའི་ཚོགས་དང་།།

ལྷ་ཀླུ་མི་ཡི་དྲེགས་ལྡན་རྣམས་ཀྱིས།།

སྣན་ཚོགས་རྫས་མཆོག་ཁྱེད་ལ་ཕུལ་བས།།

འཕྲིན་ལས་ཀུན་འགྲུབ་རྟེན་འབྲེལ་འགྲིག་སོང་།། ཨ་ལ་ལ་ཧོ། ཨ་ལ་ལ་ཧོ།

དེ་བཞིན་ད་ལྟ་མོས་ལྡན་ངེད་ཀྱིས།།

དགྲ་བླའི་སྐུ་ཆས་རྟེན་འབྲེལ་རྫས་མཆོག །

སྣ་ཚོགས་སྤྲིན་ལྟར་གཏིབས་པའི་མཆོད་པས།།

དགྲ་བླ་ཝེར་མའི་དབུ་འཕང་བསྟོད་ན།། ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། །།

འཛུམ་འཛུམ་སྤྱན་གྱིས་གཟིགས་ལ་བཞེས་ཤིག །

དགྱེས་དགྱེས་ཐུགས་ཀྱིས་དགོངས་ལ་བཞེས་ཤིག །

བྱམས་བྱམས་ཕ་མ་ལྟ་བུའི་ཚུལ་གྱིས། །

ཡང་ཡང་མགོན་སྐྱབས་སྡོངས་གྲོགས་མཛོད་ཅིག ། ཨ་ལ་ལ་ཧོ། ། ཨ་ལ་ལ་ཧོ། ། བྲོ་ལེ་ཚན་གཉིས་པའོ།།

དེ་ནས་སྣ་ཚོགས་འཕྲིན་ལས་བྲོ།། དཔའ་བརྗིད་རྔམ་པའི་ཚུལ་གྱིས་བརྡུང་།། དགྲ་བླའི་ཆས་སམ་གང་མཛེས་སུ།། འཇིགས་ལ་ཟིལ་ཆེ་སྙན་པའི་དབྱངས།། རིག་པའི་བརྟུལ་ཞུགས་བཅས་ཏེ་བླངས།།

ཧཱུྃཿ སྔོན་ཚེ་འཛམ་གླིང་ནོར་བུ་དགྲ་འདུལ།།

དགྲ་བླའིསྐུ་ཆས་སྐུ་ལ་མནབས་ནས།།

བདུད་དང་སྲིན་པོ་འདུལ་དུ་གཤེགས་ཤིང་།།

ནག་ཕྱོགས་ཧོར་བདུད་གདན་ལ་བཞུགས་ཚེ།།

དགྲ་བླ་ཝེར་མའི་དམག་དཔུང་འདུས་སོང་།།

འཇམ་དཔལ་རྣོན་པོ་ཤེས་རབ་རལ་གྲིས།།

ལྔ་ཕུང་སྒྱུ་མའི་དྲ་བ་བཤིག་ནས།།

ཤ་ཁྲག་དགྲ་བླའི་མཆོད་སྟོན་འགྱེད་སོང་།།

དགྲ་བླ་དཔའ་བའི་གད་རྒྱང་བསྒྲགས་སོང་།།

དགྲ་བླ་དཔའ་བའི་གད་རྒྱང་བསྒྲགས་སོང་།།

ས་སྟེང་བདུད་སྲིན་བསྟན་པ་བསྣུབས་སོང་།། ས་སྟེང་སོགས་ཉིས་བསྐྱར།

དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེངས་སོང་།། དཀར་ཕྱོགས་དགའ་་

ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་། ལྷ་ཀླུས་སྐྱིད་

ཡང་ཅི་འཛམ་གླིང་ལྷ་ཡི་ནོར་བུ།།

དགྲ་བླའི་སྐུ་ཆས་སྐུ་ལ་མནབས་ནས།།

རྫུ་འཕྲུལ་རྟ་རྒྱུགས་མཛད་པ་བསྟན་ཅིང་།།

རིན་ཆེན་གསེར་གྱི་ཁྲིལ་བཞུགས་ཚེ།།

དགྲ་བླ་ཝེར་མའི་དམག་དཔུང་འདུས་སོང་།།འདི་ཉིས་བསྐྱར་སོགས་གོང་གི་རིགས་འོག་མ་ཀུན་ལ་འགྲེ་ཤེས་པར་བྱ།།

རྟ་མཆོག་རོལ་པ་དབང་གི་ང་རོ།།

བཞད་པ་བརྒྱད་ཀྱི་དབྱངས་སུ་འཚེར་བས།།

སྣང་སྲིད་འདོད་རྒུ་དབང་དུ་བསྡུས་ནས།།

དགྲ་བླ་དགྱེས་པའི་མཆོད་སྟོན་མཛད་སོང་།།

ས་སྟེང་བདུད་སྲིན་བསྟན་པ་བསྣུབས་སོང་།།

དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེངས་སོང་།།

ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་།།

ཡང་ཅི་འཛམ་གླིང་ལྷ་ཡི་ནོར་བུ།།

དགྲ་བླའི་སྐུ་ཆས་སྐུ་ལ་མནབས་ནས།།

སྣ་ཚོགས་མཛད་པའི་རོལ་རྩེད་ངོམ་པས།།

མཐའ་བཞིའི་ཆེ་རྒུ་ཆབ་འོག་འཛུད་ཚེ།།

དགྲ་བླ་ཝེར་མའི་དམག་དཔུང་འདུས་སོང་།།དགྲ་བླ་སོགས།

མཐུ་སྟོབས་མཚུངས་པ་མེད་པའི་ལྷ་མཆོག །

ཐོགས་མེད་རྡོ་རྗེའི་ནུས་རྩལ་ལྡན་པས།།

གང་འདོད་འཕྲིན་ལས་རང་དབང་བསྒྱུར་ནས།།

དགྲ་བླ་དགྱེས་པའི་མཆོད་སྟོན་མཛད་སོང་།།

ས་སྟེང་བདུད་སྲིན་བསྟན་པ་བསྣུབས་སོང་།། ས་སྟེང་ཉིས་བསྐྱར་སྔ་མ་ལྟར་རོ།།

དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེངས་སོང་།།

ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་།།

ཡང་ཅིག་སྐྱེས་མཆོག་གེ་སར་རྒྱལ་པོ།།

བསམ་གྲུབ་བདེ་ཆེན་ནོར་བུའི་ཕོ་བྲང་།།

བཀྲ་ཤིས་གསེར་གྱི་ཁྲི་ལ་བཞུགས་ཏེ།།

དད་དམ་དག་པ་འདུས་པའི་འཁོར་ལ་།།

རང་སྣང་ཆོས་སྐུའི་དགོངས་པ་གཏད་ཚེ།།

མཐོང་བ་ཀུན་སྨོན་གླིང་དཀར་ཡུལ་གྱི།།

དཔའ་ཐུལ་དྭངས་སྨན་འདུས་པའི་ཚོགས་ཀྱིས།།

རང་རིག་ཀུན་བཟང་དགོངས་པ་མཐོང་ནས།།

འཆི་མེད་འོད་ལུས་དྭངས་མ་འགྲུབ་སོང་།།

དེ་ཚེ་རྩ་གསུམ་སྲུང་མའི་ཚོགས་རྣམས།།

ཡེ་ཤེས་དགྲེ་བླ་ཝེར་མའི་རྣམ་པས།།

ངོ་མཚར་ཤིས་པའི་གད་རྒྱངས་བསྒྲགས་སོང་།།ངོ་མཚར་ཤིས་སོགས་ཉིས་ཟེར།།

ས་སྟེང་བདུད་སྲིན་བསྟན་པ་བསྣུབས་སོང་།།

དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེངས་སོང་།།

ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་།། འདི་ནས་དབྱངས་དལ་བུས་ལུས་ཀྱི་སྟབས་རྣམས་བྱ་སྟེ།

ལག་གཡས་ཐབས་ཆེན་དཔའ་བོའི་ཕྱག་རྒྱ།། གཡས་གྱེན་དུ་གདངས།

རྔམ་རྔམ་ནམ་མཁའི་ཁམས་ལ་གདེངས་སོང་།།

ལག་གཡོན་ཤེས་རབ་དཔའ་མོའི་ཕྱག་རྒྱ།།

མཛེས་མཛེས་ས་གཞིའི་ངོས་ལ་གཏད་སོང་།། ལག་གཡོན་མཛེས་པར་བསྒྱུར་ཞིང་ཐུར་དུ་ཕབ།

རྐང་པ་གཡས་གཡོན་སྟོང་ཉིད་སྙིང་རྗེ།།

ལྡེམ་ལྡེམ་གཡོ་བའི་བྲོ་ར་འགྲིག་སོང་།། རྡོག་བྲོ་རས་འཐབ་དང་མཉམ་སྡེབ།

རོ་སྟོད་དགྱེ་དགུ་གཡུ་འབྲུག་འཁྱུག་འགྲོས།། སྟོད་འཁྱུག་ལྡེམ།

རྐང་པ་དམར་ཡག་སྟག་གི་མཆོངས་སྟངས།། རྐང་འདེགས་མཆོངས་ཆེན།

ལག་པ་ཁྱུང་ཆེན་གཤོག་པའི་ལྡིང་སྟབས། བརྐྱངས་འདེགས།

མགོ་བོ་སེང་གེ་རྔམ་པའི་ལྟ་སྟངས།། ཕྱོགས་སུ་བརྗིད་པར་བལྟ།

ཝེར་མ་ལུས་ལ་ཆགས་པའི་སྒྱུ་རྩལ།།

ཁམས་གསུམ་ཟིལ་གནོན་བྲོ་ཡི་སྟབས་ཀྱིས།།

མི་འདོད་དགྲ་བདུད་ཆམ་ལ་ཕབ་སོང་།། འཁྲབ་ཆུང་།

མི་འདོད་དགྲ་བདུད་ཆམ་ལ་ཕབ་སོང་།། འཁྲབ་ཆེན།

དེ་ནས་དལ་བུས་བྲོ་གྲལ་གཡས་སུ་བསྐོར་ལ།

གཡས་སྐོར་ཕོ་རྒྱུད་དཔའ་བོའི་དཔའ་དར།།

གཡོན་དུ་བསྐོར་ལ། གཡོན་བསྐོར་མོ་རྒྱུད་དཔའ་མོའི་དཔའ་སྐྱེམས།།

བྲོ་ཡི་རོལ་རྩེད་དེ་རིང་ངོམ་ན།།

དགྲ་བླ་དགྱེས་པའི་དབུ་འཕང་བསྟོད་ཅིང་།།

ཝེར་མ་དགའ་བའི་ངོ་སོ་མཐོ་བའི།།

དགའ་སྟོན་བྲོ་གར་རྟེན་འབྲེལ་འདི་ཡིས།།

རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་རྒྱས་ཤིང་།།

འདིར་ཚོགས་ཡོངས་ལ་དགེ་ལེགས་འཕེལ་ཤོག །

ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ།།

དེ་རིང་ལྷུན་གྱིས་འགྲིག་པར་ཤོག་ཅིག ཨ་ཏེ་ཧོ། ཨ་ཏེ་ཧོ། ཞེས་འཁྲབ་ལ་རྒྱ་རོལ་བསྒྲགས། དེ་ནས་དཔའ་སྐྱེམས་དྲངས་བར་བྱའོ། བྲོ་ལེ་ཚན་གསུམ་པའོ།།

དེ་ནས་བཀྲ་ཤིས་རྫས་སྣ་ཚོགས། ཐོགས་ལ་དལ་བར་བག་ཕེབས་ཤིང་། ཡིད་འོང་ཚིམ་པའི་ཚུལ་གྱིས་སུ། བཀྲ་ཤིས་དབྱངས་སྙན་བླང་བར་བྱ།།

ཧོཿ རྩ་གསུམ་ཀུན་འདུས་སེང་ཆེན་རྒྱལ་པོ། །

མཆོག་གསུམ་བཀྲ་ཤིས་སྙན་པའི་ནོར་བུ། །

སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ། །

བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་མཛོད། །

ཨེ་མ་ཧོ། ཨེ་མ་ཧོ།

སྐུ་ཡི་བཀྲ་ཤིས་ཡིད་འོང་བྱིན་ཆགས། །

ནད་མེད་བདེ་སྐྱིད་འཕེལ་བའི་རང་བཞིན། །

མི་ནུབ་རྒྱལ་མཚན་ལྟ་བུའི་བཀྲ་ཤིས། །

འདིར་འཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག །

ཨེ་མ་ཧོ། ཨེ་མ་ཧོ།

གསུང་གི་བཀྲ་ཤིས་དགའ་སྐྱིད་གླུ་དབྱངས། །

སྙན་གྲགས་ས་སྟེང་ཁྱབ་པར་སྒྲོགས་པ། །

འགག་མེད་དུང་སྒྲ་ལྟ་བུའི་བཀྲ་ཤིས། །

འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག །

ཨེ་མ་ཧོ། ཨེ་མ་ཧོ།

ཐུགས་ཀྱི་བཀྲ་ཤིས་ཆོས་ཀྱི་ཞིང་ས། །

བདེ་སྟོང་གསལ་འབར་བག་དྲོ་ལྷུན་ཆགས། །

མི་འགྱུར་ནམ་མཁའ་ལྟ་བུའི་བཀྲ་ཤིས། །

འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག །

ཨེ་མ་ཧོ། ཨེ་མ་ཧོ།

ཡོན་ཏན་བཀྲ་ཤིས་དགོས་འདོད་ཀུན་འབྱུང་། །

ཆོས་སྲིད་ཕུན་ཚོགས་བསྟན་པ་དར་རྒྱས། །

བསམ་འཕེལ་ནོར་བུ་ལྟ་བུའི་བཀྲ་ཤིས། །

འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག །

ཨེ་མ་ཧོ། ཨེ་མ་ཧོ།

འཕྲིན་ལས་བཀྲ་ཤིས་མཐུ་སྟོབས་དཔལ་འབར། །

ཕྱོགས་ལས་རྣམ་རྒྱལ་དབུ་འཕང་མཐོ་བའི། །

དགུང་ལ་ཉི་ཟླ་ལྟ་བུའི་བཀྲ་ཤིས། །

འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག །

ཨེ་མ་ཧོ། ཨེ་མ་ཧོ།

གནས་འདི་མཁའ་སྤྱོད་མཐོང་བ་ཀུན་སྨོན། །

འདིར་ཚོགས་དཔའ་ཐུལ་དང་སྨན་རིག་འཛིན། །

མི་འབྲལ་ཚོམ་བུ་གཅིག་ཏུ་ཚོགས་ནས། །

བདེ་ཆེན་འགྲུབ་པའི་བཀྲ་ཤིས་ཤོག་ཅིག ། ཨེ་མ་ཧོ། ཨེ་མ་ཧོ། བྲོ་ལེ་ཚན་བཞི་པའོ།

བྲོ་ཡི་དགའ་སྟོན་འདིར་འབྲེལ་བར།། ལྟད་མོ་རྣམ་པ་སྣ་ཚོགས་བྱ།། འདུས་པ་རྣམས་ཀྱིས་སེང་ཆེན་རྗེ།། དྲན་པས་གསོལ་འདེབས་དབྱངས་སྙན་བསྒྲགས།། དེས་ནི་གནས་སྐབས་དགའ་བ་དང་།། ཡུན་དུ་ཆོས་སྲིད་ལེགས་ཚོགས་འཕེལ།། རྟེན་འབྲེལ་བཟང་པོའི་སྒོ་འཕར་དབྱེ།། བཀྲ་ཤིས་དོན་འགྲུབ་ཕྱོགས་ལས་རྒྱལ།། ས་མ་ཡ། ཞེས་པའང་བསེ་རུ་འོད་ལྡན་དཀར་པོས་དགོས་པ་ཁྱད་པར་ཅན་ཕྱིར་བྲིས་པ་མངྒ་ལ།།

འདི་ཉིད་རྒན་པོ་ཉི་མ་ཚེ་རིང་ནས་མཁོ་འདོན་ཞུས་པའོ།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། བརྩེ་དྲུང་གི་གོད་ཆག རིག་བྱེད་སྐབས།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྡེ་དགེ་ཉིན་མོའི་དུས་སྟོན་སྐབས་སུ་སྡེ་དགེའི་བྲོ་ཆེན་འཛོམ་བྲོ་འཁྲབ་བཞིན་པའི་རྣམ་པའོ།
  • སྡེ་དགེ་བུ་མོ་བསྟན་འཛིན་བདེ་གསལ་གྱི་ངོ་སྤྲོད་མདོར་བསྡུས།
  • བག་བཤད་བསྡུས་པ་དགེ་ལེགས་ཀུན་འབྱུང་བཞུགས།
  • སྡེ་དགེ་སྐུ་ཚེའི་དར་བཤད།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།