ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་གསོལ་འདེབས།
༄༅། །ཀུན་གཟིགས་ཞྭ་དམར་ན་རིམ་བཅུ་བཞི་པ་ཆེན་པོའི་གསོལ་འདེབས་དད་པའི་འོ་མཚོ་སྐྱོམ་པའི་ཟེགས་མ་བྱ་བ་བཞུགས་སོ། །
རྩོམ་པ་པོ། རབ་བ་རྟན་དགེ་ལེགས་ཕུན་ཚོགས།
ན་མོ་གུ་རུ་དྷརྨ་མ་ཏི་ཡ། མི༵་ཕ༵མ་མགོན་པོ་དགྱེས་པའི་རྒྱལ་བའི་སྲས། །ཆོས༵་ཀྱི་རྒྱལ་པོ་སྒྲུབ་བརྒྱུད་བསྟན་པའི་བདག །བློ༵་གྲོས༵་ཆེན་པོས་བསྟན་འགྲོའི་དོན་ཆེན་བསྒྲུབས། །ཐམས་ཅད་མཁྱེན་པ་ཞྭ་དམར་པ་ལ་འདུད། །
ཁྱེད་ནི་བོད་ཀྱི་བཙན་པོའི་གདུང་རྒྱུད་ལས། །ལེགས་པར་མཆེད་པའི་སོག་པོའི་རྒྱལ་རྒྱུད་དེ། །སྡེ་དགེའི་མདུན་གཉེར་ཨ་ཐུབ་ཅེས་གྲགས་པའི། །དམ་པའི་རིགས་སུ་མཚན་དཔེ་བཞད་ལ་འདུད། །
སྔོན་ནས་ཡུམ་གྱི་ལྷུམས་སུ་བཞུགས་པའི་ཚེ། །ཡེ་ཤེས་སྤྱན་ལྡན་རྒྱལ་དབང་ཀརྨ་པས། །རང་དང་མཚུངས་པར་ཡོང་བའི་ལུང་བསྟན་གནང༌། །འཁྲུངས་ཚེ་ཡབ་གཞིས་འོད་ཀྱིས་ཁྱབ་ལ་འདུད། །
ཆུང་དུས་འཕགས་ཡུལ་གནས་མཇལ་ཕེབས་པའི་ཚེ། །ཡངས་པ་ཅན་ནས་ཆོས་རྗེ་ཞྭ་དམར་པའི། །སྣང་བརྙན་སྐུ་ཐང་མཆོད་རྫས་ངོས་འཛིན་མཛད། །བསམ་བཞིན་བྱོན་པའི་འདྲེན་མཆོག་ཁྱེད་ལ་འདུད། །
རྡ་སར་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ལ། །གཙུག་ཕུད་ཕུལ་ནས་རབ་ཏུ་བྱུང་བའི་ཚེ། །ཞྭ་དམར་བསྟན་འཛིན་གྲགས་པ་བཤད་སྒྲུབ་ཅེས། །མཚན་གྱི་ཅོད་པན་གསོལ་བ་ཁྱོད་ལ་འདུད། །
ཁུ་བོ་རྒྱལ་དབང་རིག་པའི་རྡོ་རྗེ་ཡིས། །གཅེས་པའི་བུ་བཞིན་བརྩེ་བས་རྗེས་བསྐྱངས་ནས། །ཆོས་རྗེ་ཞྭ་དམར་བཅུ་བཞི་པ་ཉིད་དུ། །དབང་བསྐུར་ཁྲི་འདོན་མངའ་གསོལ་མཛད་ལ་འདུད། །
རྣམ་འདྲེན་རང་བྱུང་རིག་པའི་རྡོ་རྗེ་གཙོས། །མཁས་གྲུབ་གསེར་རིའི་ཕྲེང་ལྟར་གུས་བསྟེན་ཏེ། །ཟབ་རྒྱས་གདམས་པའི་ཆུ་བོ་ཇི་སྙེད་པས། །ཐུགས་ཀྱི་བུམ་བཟང་ལེགས་པར་འགེངས་ལ་འདུད། །
སྔོན་གྱི་རྒྱལ་བ་ཡབ་སྲས་རྣམ་ཐར་བཞིན། །བསྟན་པའི་སྙིང་པོ་སྒྲུབ་ལ་མངོན་བརྩོན་པས། །དྭགས་བརྒྱུད་བསྟན་པའི་རྩ་ལག་ཆེན་པོར་གྱུར། །གསང་འཛིན་གྲུབ་པའི་འཁོར་ལོས་བསྒྱུར་ལ་འདུད། །
རྣམ་གསུམ་ཚུལ་ཁྲིམས་དག་པའི་ས་གཞི་ལ། །ལྟ་སྒོམ་སྤྱོད་པའི་བང་རིམ་མངོན་པར་མཐོ། །མཁྱེན་ནུས་བརྩེ་བའི་འོད་སྣང་ཕྱོགས་བརྒྱར་རྒྱས། །ཐེག་མཆོག་བསྟན་པའི་ལྷུན་པོ་ཁྱེད་ལ་འདུད། །
ཡབ་རྗེ་མཆོག་སྤྲུལ་འཕྲིན་ལས་རྣམ་རྒྱལ་བཞིན། །ཐུགས་སྒམ་བཀའ་བཙན་ཁོངས་ཡངས་རྒྱུད་བརྟན་པའི། །ངོ་མཚར་རྣམ་པར་ཐར་པའི་སྒོ་བརྒྱ་པས། །སྐལ་བཟང་སྐྱེ་དགུའི་ཡིད་རབ་འཕྲོག་ལ་འདུད། །
རྒྱ་བལ་བོད་ཀྱི་ས་ཡུལ་དུ་མ་ལ། །གངས་ལྗོངས་ནང་པའི་གཙུག་ལག་སློབ་གྲྭ་དང༌། །བཤད་དང་སྒྲུབ་པའི་ཆོས་གྲྭ་མང་བཞེངས་ཏེ། །ནང་བསྟན་རིག་གཞུང་ཕྱོགས་མཐར་སྤེལ་ལ་འདུད། །
འཕྲིན་ལས་མཐའ་ཡས་རྡོ་རྗེ་གཙོར་བྱས་པའི། །བརྒྱུད་འཛིན་སློབ་མའི་པད་ཚལ་རྒྱས་པ་ལ། །བཀའ་བརྒྱུད་སྔགས་མཛོད་ལ་སོགས་སྨིན་གྲོལ་གྱི། །གདམས་པའི་ཆར་ཆེན་བསྙིལ་བར་མཛད་ལ་འདུད། །
མདོར་ན་ཆུ་ཕོ་འབྲུག་ལོར་བལྟམས་པ་ནས། །དགུང་ཕྲེང་དྲུག་ཅུ་རྩ་གསུམ་ཕེབས་ཀྱི་བར། །དམ་པའི་ཚུལ་དགུའི་མཛད་པ་དཔག་མེད་པས། །བསྟན་དང་འགྲོ་བའི་དོན་ཆེན་མཛད་ལ་འདུད། །
དེ་ནས་ཞིང་འདིའི་འགྲོ་དོན་རྫོགས་གྱུར་ཏེ། །ཤིང་རྟ་ས་ག་ཟླ་བའི་བཅུ་གསུམ་ལ། །ངོ་མཚར་ལྟས་བཅས་ཇར་མན་རྒྱལ་ཁབ་ནས། །གློ་བུར་ཞི་བའི་དབྱིངས་སུ་གཟིགས་ལ་འདུད། །
ཞག་གསུམ་འདས་པའི་བཅོ་ལྔའི་ནམ་ཕྱེད་ལ། །ནམ་མཁར་འཇའ་ཚོན་གོང་བུའི་ལྟས་དང་བཅས། །ཆོས་སྐུའི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ། །དག་པ་མཁའ་སྤྱོད་ཆེན་པོར་གཤེགས་ལ་འདུད། །
ཕྱི་ལྟར་སྤྲུལ་སྐུ་ཆོས་ཀྱི་བློ་གྲོས་ཞབས། །ནང་ལྟར་འཕགས་མཆོག་ཐུགས་རྗེའི་གཏེར་ཆེན་འཆང༌། །གསང་བ་བདེ་གཤེགས་སྣང་བ་མཐའ་ཡས་ཏེ། །སྐུ་གསུམ་ངོ་བོ་དཔལ་མགོན་བླ་མར་འདུད། །
ཀུན་གཟིགས་རྒྱལ་བའི་དབང་པོ་ཞྭ་དམར་པ། །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་འདེབས་ན། །གསང་གསུམ་མཛད་པ་བསམ་གྱིས་མི་ཁྱབ་པས། །ངོ་མཚར་སྤྲུལ་པའི་ཟླ་ཞལ་མྱུར་འཆར་ཤོག །
རྒྱལ་བསྟན་སྤྱི་དང་ཁྱད་པར་དྭགས་བརྒྱུད་ཀྱི། །བསྟན་པ་རིན་ཆེན་དབུ་འཕང་སྲིད་ན་མཐོ། །དེར་འཛིན་སྐྱེས་བུའི་ཚོགས་རྣམས་འོ་ཆུ་ལྟར། །ཐུགས་ཡིད་གཅིག་འདྲེས་དམ་ཚིག་དག་པར་ཤོག །
འགྲོ་རྣམས་ཐམས་ཅད་དཀར་པོའི་ལམ་ལ་ཞུགས། །དུས་ཀྱི་རྒུད་པའི་མུན་པ་དབྱིངས་སུ་ཞི། །བདེ་སྐྱིད་འབྱོར་པ་དབྱར་གྱི་རྫིང་བཞིན་རྒྱས། །རྫོགས་ལྡན་གསར་པའི་དཔལ་ཡོན་ཚེས་པར་ཤོག །
ཁྱད་པར་ལྟོས་བཅས་གདུལ་བྱའི་ཚོགས་རྣམས་ཀྱང༌། །ཚེ་འདིར་ཚེ་བསོད་ཆོས་ནོར་ཕུན་སུམ་ཚོགས། །ཕྱི་མ་བདེ་ལྡན་མགོན་པོས་རྗེས་བཟུང་སྟེ། །རྒྱལ་སྲས་རྒྱལ་བའི་རྣམ་ཐར་རྫོགས་པར་ཤོག །
དམ་པ་གང་གི་ཐུགས་བསྐྱེད་སྨོན་ལམ་དང༌། །དམ་ལྡན་སློབ་མའི་དམ་ཚིག་རྣམ་པར་དག །དམ་ཅན་སྲུང་མ་རྒྱ་མཚོའི་བདེན་མཐུ་ཡིས། །དམ་པའི་དོན་འདི་མྱུར་དུ་འགྲུབ་གྱུར་ཅིག །
ཅེས་ཀུན་གཟིགས་ཞྭ་དམར་པ་ཆེན་པོ་མཆོག་ཉིད་བསྟན་འགྲོའི་བསོད་ནམས་ཀྱིས་མ་འཆུན་པར་གློ་བུར་དགོངས་པར་རྫོགས་པའི་ཚུལ་བསྟན་ནས་ཞག་པོ་བཅུ་གཅིག་ཙམ་སོང་བའི་དམར་ཕྱོགས་ཌཱ་ཀི་འདུ་བའི་དུས་ཆེན་ཉིན་རྒྱལ་བ་གར་གྱི་དབང་པོ་རིམ་བྱོན་གྱི་རྣམ་ཐར་ལ་རྒྱུ་མཚན་ཤེས་པའི་དད་པ་ཐོབ་པ་རབ་བརྟན་དགེ་ལེགས་ཕུན་ཚོགས་པས་སྡེ་དགེ་ལྷུན་འགྲུབ་སྟེང་ནས་གསོལ་བ་བཏབ་པ་དགེའོ། །