ལུས་ནད་གཉེན་པོ་གསུམ་ངོ་བོ་གཅིག་ཏུ་འབྲེལ་བའི་སྐོར།
རྩོམ་པ་པོ། མཁན་ཆེན་ཁྲོ་རུ་ཚེ་རྣམ།
བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་ཞེས་པ་འདི་ནི། ཕྱི་ནང་གི་འབྱུང་བ་ལུས་ནད་གཉེན་པོ་རྣམས་ཀྱི་ཆོས་ཉིད་ཇི་མ་ཇི་བཞིན་ཁོང་དུ་ཆུད་ནས་བརྩམས་པའི་གཞུང་ལུགས་ཤིག་ཡིན་པས་དུས་སྐབས་ཇི་འདྲ་ཞིག་གི་ནང་དུའང་བསླུ་མེད་དུ་བེད་སྤྱོད་བྱེད་ཐུབ་པའི་ཁྱད་དུ་འཕགས་པའི་ཚན་རིག་ཅིག་ཡིན་ལ། འདིའི་བརྗོད་བྱ་ཡན་ལག་བརྒྱད་ཡིན་པས་རྒྱ་ཆེ་བ་དང་རླུང་མཁྲིས་བད་ཀན་གསུམ་གྱིས་སྤྱི་ཁོག་ཕུབ་སྟེ་བརྩམས་པའི་གཞུང་ལུགས་ཤིག་ཡིན་པས་གོ་རིམ་མ་ནོར་བ་དང་ཆ་ཚང་བ་ཞིག་ཀྱང་ཡིན།
སྐབས་འདིར། བརྗོད་བྱ་ཡན་ལག་བརྒྱད་ཀྱི་ནང་ནས་ལུས་ཀྱི་འབྱུང་བཞིའི་སྐོར་དང་། ཉེས་པ་རླུང་མཁྲིས་བད་ཀན་གསུམ་ལ་རྒྱུ་རྐྱེན་མཚན་ཉིད་སོགས་མང་དུ་ཡོད་པའི་ནང་ནས་ངོ་བོ་དང་བྱེད་ལས། དེ་དག་ཕན་ཚུན་བར་གྱི་འབྲེལ་བའི་ཚུལ་བཅས་ཅུང་ཟད་བརྗོད་པར་འདོད་དོ། །
(གཅིག་) གསོ་གཞི་ལུས་ཀྱི་འབྱུང་བ།
སྨན་གྱིས་གསོ་བར་བྱ་བའི་གཞིའམ་གང་གི་དོན་དུ་གསོ་བའི་ཡུལ་དེ་ཉིད་ལ་ལུས་ཞེས་བྱ་ཞིང་། དེ་ནི་ཁུ་ཁྲག་སེམས་གསུམ་ཚོགས་པ་ལས་གྲུབ་པ་ཞིག་ཡིན་ལ། ནད་དང་། ལུས་ཟུངས། དྲི་མ་གསུམ་གྱི་
བདག་ཉིད་ཅན་ཞིག་ཀྱང་ཡིན་པས་དོན་དུ་གནོད་བྱ་ཁམས་དང་གནོད་བྱེད་ཉེས་པ་ལྷན་ཅིག་ཏུ་འདུས་
པའི་རང་བཞིན་ཅན་ཞིག་ཡིན། རླུང་མཁྲིས་བད་ཀན་གསུམ་པོ་ནི་མ་གཞི་གནོད་བྱེད་ཉེས་པ་ཡིན་པ་དང་། དྭངས་མ་ལ་སོགས་པ་བཅུ་ནི་གནོད་བྱའི་ཁམས་ཡིན་ནའང་། དེ་དག་རྟེན་དང་བརྟེན་པའི་འབྲེལ་བ་ཞིག་
ཡིན་པར་བརྟེན་རླུང་མཁྲིས་བད་ཀན་གསུམ་པོ་འཕེལ་ཟད་འཁྲུགས་པའི་རྣམ་པར་མ་གྱུར་ན་ལུས་དེ་ཉིད་
འཚོ་བའི་མཐུན་རྐྱེན་གྱི་གྲོགས་བྱེད་པ་དང་། གལ་ཏེ་འཕེལ་ཟད་འཁྲུགས་པའི་རྣམ་པར་གྱུར་ན་ནད་ཀྱི་ངོ་
བོ་ཡིན་པས་ལུས་མི་བདེ་བ་དང་སྲོག་འཚོ་བའི་འགལ་རྐྱེན་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ནང་གི་འབྱུང་
བ་རླུང་མཁྲིས་བད་ཀན་གསུམ་གྱིས་དང་པོ་ལུས་ཆགས་པའི་རྒྱུ་བྱེད་པ་དང་། བར་དུ་ལུས་འཕེལ་ཞིང་རྒྱས་
པ་དང་གནས་པའི་གྲོགས་བྱེད་ལ། ཐ་མ་ལུས་འཇིག་པའི་གནོད་རྐྱེན་ཡང་བྱེད་པ་བཅས་དེ་དག་ཐམས་ཅད་རླུང་མཁྲིས་བད་ཀན་གསུམ་གྱི་བྱེད་པ་འབའ་ཞིག་ལ་རགས་ལས་པ་ཞིག་ཡིན། དེ་བཞིན་དབང་པོ་ལྔས་ཡུལ་ལྔ་འཛིན་པ་དང་། ཁོང་ཁྲོ་བ། འདོད་ཅིང་ཆགས་པ། སེམས་དགའ་བ། སྙིང་སྟོབས་སྐྱེད་པ། དངངས་སྐྲག་
འབྱུང་བ། དྲན་པ་མི་གསལ་བ། བློ་བརྟན་པ་སོགས་ཐམས་ཅད་ཉེས་པ་གསུམ་གྱི་བྱེད་ལས་འབའ་ཞིག་ལ་
བརྟེན་པ་ཞིག་ཡིན་ཏེ། དཔེར་ན། མི་སོ་སོར་རླུང་མཁྲིས་བད་ཀན་གསུམ་ཤས་ཆེ་ཆུང་གི་ཁྱད་པར་ལས་
རང་བཞིན་མི་འདྲ་བ་རྣམ་པ་བདུན་དུ་གྱུར་ནས་གཤིས་ཀ་དང་། ཁམས་དབང་། བསམ་པའིབྱེ་བྲག་བཅས་
ཀྱང་མི་འདྲ་བ་རེ་འབྱུང་གི་ཡོད་པ་ལྟ་བུ་དེ་དག་ཚང་མ་རླུང་མཁྲིས་བད་ཀན་གསུམ་གྱི་བྱེད་ལས་ལ་བརྟེན་པ་ཞིག་ཡིན་པ་བཅས་མདོར་ན། མིའི་ལུས་འདི་དང་པོ་འབྱུང་བ་བཞིས་སྐྱེད་པ་དང་། བར་དུ་འབྱུང་བ་བཞི་ལས་གྲུབ་ཅིང་གནས་པ། ཐ་མར་འབྱུང་བ་བཞིའི་རྐྱེན་གྱིས་འཇིག་པར་འགྱུར་བའི་རང་བཞིན་ཡིན་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཕྱིའི་འབྱུང་བ་ནམ་ཟླ་དུས་བཞིའི་འཕེལ་འགྲིབ་འགྱུར་ལྡོག་འགྲོ་བའི་རྐྱེན་ལས་ནང་གི་འབྱུང་བ་རླུང་མཁྲིས་བད་ཀན་གསུམ་འཕེལ་ཟད་འཁྲུགས་པ་ཅི་རིགས་ཡོང་གི་ཡོད་པའི་ཕྱི་ནང་རྒྱུ་རྐྱེན་གྱི་འབྲེལ་བ་རྙོག་འཛིང་ཤིན་ཏུ་ཆེ་བ་དེ་དག་གི་ཆོས་ཉིད་ལ་ཞིབ་ཏུ་བརྟག་ཅིང་རྟོགས་པར་བྱས་ཏེ་
ལག་ལེན་དངོས་ཀྱི་ཐོག་གང་ལ་གང་འོས་ཀྱི་བཅོས་ཐབས་སྤྱོད་ཀྱི་ཡོད་པ་རེད།
(གཉིས་) གསོ་བྱ་ནད་ཀྱི་འབྱུང་བ།
གསོ་བྱའི་ནད་མཐའ་དག་ནི། དང་པོ་ནང་གི་འབྱུང་བ་རླུང་མཁྲིས་བད་ཀན་གསུམ་པོ་འཕེལ་
ཟད་འཁྲུགས་པའི་རྣམ་པར་གྱུར་པ་ལ་བརྟེན་ནས་བྱུང་བ་དང་། བར་དུ་རླུང་མཁྲིས་བད་ཀན་གསུམ་པོ་གང་རུང་གི་ངོ་བོར་གནས་པ་དང་། ཐ་མ་གཉེན་པོ་ལ་བརྟེན་ནས་རླུང་མཁྲིས་བད་ཀན་གསུམ་པོ་ཆ་སྙོམས་པོར་གྱུར་ནས་ནད་མེད་བདེ་བར་གནས་པ་བཅས་ཚང་མ་རླུང་མཁྲིས་བད་ཀན་གསུམ་གྱི་བྱེད་ལས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། བོད་ལུགས་གསོ་བ་རིག་པའི་གཞུང་དང་སྨན་བཅོས་ལག་ལེན་གྱི་ཐོག་ནས་བཤད་ན་ལུས་ཀྱི་ཁམསའདི་ལ་བྱུང་བའི་ནད་རིགས་ཁག་ཚང་མར་སྤྱི་ལ་ཁྱབ་པའི་གཞི་རྩའི་ནུས་པ་ཐོན་མཁན་ནི་རྣམ་
པར་གྱུར་པའི་ཉེས་པ་རླུང་མཁྲིས་བད་ཀན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། ནད་ཅན་ཞིག་ལ་ལྟ་བ་
དང་། རེག་པ། དྲི་བ་སོགས་བརྟག་ཐབས་རྙོག་འཛིང་ཆེ་ལ། ཞིབ་ཕྲ་ཡིན་པ། རྒྱུན་བསྲིངས་པ་བཅས་ཀྱི་སྒོ་
ནས་ལེགས་པར་བརྟགས་ནས་གཞི་རྩའི་ཐོག་ནད་རླུང་མཁྲིས་བད་ཀན་གསུམ་གང་ཡིན་ངོས་ཟིན་པ་བྱས་
རྗེས་སྨན་བཅོས་བྱེད་པའི་སྐབས་སུའང་རྣམ་པར་གྱུར་པའི་ཉེས་པ་གསུམ་པོ་སྙོམས་སྒྲིག་བྱེད་པའི་རྩ་འཛིན་གཞིར་བཟུང་སྟེ་སྐབས་དོན་བྱེ་བྲག་གི་ནད་རིགས་གང་ཡིན་པ་དེ་ཉིད་གསོ་བཅོས་བྱེད་ཀྱི་ཡོད་སྟབས་རླུང་
མཁྲིས་བད་ཀན་གསུམ་ནི་གསོ་བ་ནད་རིགས་ཀུན་ལ་ཡོངས་ཁྱབ་ཏུ་འབྲེལ་བ་ཡོད་པ་ཞིག་སྟེ། དཔེར་ན་རླུང་ནད་ཟེར་བ་དེ་ནི། ཐ་མལ་དུ་གནས་པའི་རླུང་དེ་ཉིད་རྒྱུ་འདོད་ཆགས་དང་། རྐྱེན་དུས་གདོན་ཟས་སྤྱོད་ལ་
བརྟེན་ནས་འཕེལ་ཟད་འཁྲུགས་པ་གང་རུང་དུ་གྱུར་པའི་གཞི་རྩའི་ཉེས་པ་དེ་བཤད་པ་ཞིག་ཡིན་ན་ཡང་།
སྐབས་དོན་བྱེ་བྲག་གི་ཐོག་ནས་བཤད་ན། སྙིང་སྲོག་ལོང་ལ་རླུང་ཉིད་གཙོ་བོར་བཟུང་། །ཞེས་པ་ལྟར་སྙིང་
ཁམས་ཀྱི་ནད་རིགས་ཕལ་ཆེར་དང་། ཤེས་པ་རང་བཞིན་དུ་མི་གནས་པ། ཁྲག་ཤེད་མ་སྙོམས་པ། མགོ་ཡུ་
འཁོར་བ། དྲན་མེད་བརྒྱལ་བ། ལུས་ཟུངས་ཟད་པ། ལུས་སྟོབས་རྒས་པ་སོགས་ཀྱི་ནད་དེ་དག་རླུང་ནད་དང་
འབྲེལ་ནས་བསྡད་ཡོད་སྟབས་ནད་དེ་དག་བཅོས་པའི་སྐབས་སུའང་རླུང་བཅོས་བྱེད་རྒྱུ་དང་ཟུང་སྦྲེལ་བྱས་ནས་ནད་རིགས་བྱེ་བྲག་གང་ཡིན་པ་དེ་ཉིད་གསོ་བཅོས་བྱེད་དགོས་ཀྱི་ཡོད་པ་ལྟ་བུ་ཡིན།
མཁྲིས་པའམ་ཚ་བའི་ནད་ཟེར་བ་དེ་ནི། ཐ་མལ་དུ་གནས་པའི་མཁྲིས་པ་དེ་ཉིད་རྒྱུ་ཞེ་སྡང་དང་
རྐྱེན་དུས་གདོན་ཟས་སྤྱོད་གང་རུང་ལ་བརྟེན་ནས་འཕེལ་ཟད་འཁྲུགས་པའི་རྣམ་པར་གྱུར་པའི་ཉེས་པ་སྤྱི་ལ་ཁྱབ་པའི་ཚ་བ་དེ་ལ་བཤད་པ་ཞིག་ཡིན་ན་ཡང་སྐབས་དོན་བྱེ་བྲག་གི་ཐོ་ག་ནས་བཤད་ན། གློ་མཆིན་མཁྲིས་པ་ཚད་པ་གཙོ་བོར་བཟུང་། །ཞེས་པ་ལྟར་གློ་ཚད་དང་། མཆིན་ཚད། མཁྲིས་ཚད། རྒྱུ་ཚད། ཆམ་པ་རིམས་
ཚད་སོགས་གཉན་ཚད་ཀྱི་རིགས་ཚང་མ་མཁྲིས་པ་ཚ་བའི་ནད་དང་འབྲེལ་ནས་བསྡད་ཡོད་སྟབས་བཅོས་
པའི་སྐབས་སུའང་ཚ་བ་གཅོག་པ་དང་ཟུང་འབྲེལ་བྱས་ནས་ནད་རིགས་བྱེ་བྲག་གང་ཡིན་པ་དེ་ཉིད་གསོ་
བཅོས་བྱེད་ཀྱི་ཡོད་པ་རེད།
བད་ཀན་གྲང་བའི་ནད་ཟེར་བ་དེ་ནི། ཐ་མལ་དུ་གནས་པའི་བད་ཀན་དེ་ཉིད་རྒྱུ་གཏི་མུག་དང་
རྐྱེན་དུས་གདོན་ཟས་སྤྱོད་གང་རུང་ལ་བརྟེན་ནས་འཕེལ་ཟད་འཁྲུགས་པའི་རྣམ་པར་གྱུར་པའི་གཞི་རྩའི་
ཉེས་པ་གང་ཡིན་པ་དེ་བཤད་པ་ཞིག་ཡིན་ན་ཡང་སྐབས་དོན་བྱེ་བྲག་གི་ཐོག་ནས་བཤད་ན། ཕོ་མཆེར་མཁལ་ནད་བད་ཀན་གཙོ་བོར་བཟུང་། །ཞེས་པ་ལྟར་ཕོ་བ་དང་མཁལ་མ་སོགས་ལུས་ཕྱི་ནང་སྟོད་
སྨད་ཀྱི་དྲོད་ཚད་ཉམས་པ་དང་། ཟས་སྐོམ་མི་འཇུ་བ། ལུས་ཀྱི་ས་ཆུའི་རང་བཞིན་འཕེལ་བ། ལུས་ལྕི་བ། ཤེས་པ་བྱིང་འཐིབ་ཏུ་གྱུར་པ། ལུས་ཀྱི་འགུལ་སྐྱོད་དང་ཤུགས་སྟོབས་ཞན་པར་གྱུར་པ་སོགས་ནི་བད་ཀན་
གྲང་བའི་ནད་དང་འབྲེལ་ནས་ཡོད་སྟབས་བཅོས་པའི་སྐབས་སུའང་བད་ཀན་གྱི་ནད་བཅོས་རྒྱུ་དང་ཟུང་
འབྲེལ་བྱས་ནས་ནད་རིགས་བྱེ་བྲག་གང་ཡིན་པ་དེ་ཉིད་གསོ་བཅོས་བྱེད་ཀྱི་ཡོད་པ་རེད། མདོར་ན་བོད་
ལུགས་སྨན་བཅོས་ལག་ལེན་དངོས་ཀྱི་ཐོག་ནས་བཤད་ན་དོན་ལྔ། སྣོད་དྲུག་ལ་སོགས་པ་ལུས་ཀྱི་ཕྱི་ནང་སྟོད་སྨད་ཀྱིས་བསྡུས་པའི་ནད་རིགས་གང་དང་གང་ཡིན་ཡང་ཉེས་པ་རླུང་མཁྲིས་བད་ཀན་གསུམ་དང་འབྲེལ་བ་ཅན་ཤ་སྟག་ཡིན་པས། ཐོག་མར་སྤྱི་ལ་ཁྱབ་པའི་གཞི་རྩའི་ཉེས་པ་གསུམ་གང་ཡིན་ངོས་འཛིན་པར་བྱས་ནས་གསོ་བྱ་དེ་ཉིད་གཞིར་བཟུང་སྟེ་དེ་དང་འབྲེལ་བའི་ནད་རིགས་བྱེ་བྲག་གང་ཡིན་པ་དེ་ཉིད་གསོ་བཅོས་བྱེད་ཀྱི་ཡོད་པ་རེད། དེས་ན་གསོ་བྱའི་ནད་རིགས་མཐའ་དག་རླུང་མཁྲིས་བད་ཀན་གསུམ་གྱི་རང་བཞིན་ཡིན་པ་དང་། དེ་གསུམ་གང་རུང་དང་མ་འབྲེལ་བའི་ནད་རིགས་ཤིག་རྩ་བ་ནས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་
ལ། སྨན་བཅོས་ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་རླུང་མཁྲིས་བད་ཀན་གསུམ་གྱིས་སྤྱི་ཁོག་ཕུབ་ཅེས་པའི་
རྩ་དོན་དེ་ལག་བསྟར་བྱེད་ཀྱི་ཡོད་པ་རེད།
(གསུམ་) གསོ་བྱེད་གཉེན་པོའི་འབྱུང་བ།
ནད་ཀྱི་གཉེན་པོ་ལ། ཟས་དང་སྤྱོད་ལམ། སྨན་དང་དཔྱད་བཞིར་ངེས་པ་གཏན་ལ་ཕབ་ཡོད། དེའི་
ནང་ནས་ཟས་དང་སྨན་ལྟ་བུ་ལ་མཚོན་ན། ཟས་སྨན་གང་ཡང་ཐོག་མར་རྒྱུ་འབྱུང་བ་བཞི་ལས་སྐྱེས་པ་དང་། བར་དུ་འབྱུང་བ་བཞི་ལ་བརྟེན་ནས་འཕེལ་བཞིན་རྒྱས་པ། ཐ་མ་ཡང་འབྱུང་བ་བཞིའི་བྱེད་ལས་ལ་བརྟེན་
ནས་འཇིག་པར་འགྱུར་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེས་ན་ཟས་དང་སྨན་ཐམས་ཅད་འབྱུང་བ་ལྔ་ཚང་བས་སྐྱེད་པ་འདྲ་ན་ཡང་། རྒྱུ་འབྱུང་བ་གཅིག་ཤས་ཆེ་བ་དང་གཉིས་ཤས་ཆེ་བ་སོགས་ཀྱི་ཁྱད་པར་ལ་བརྟེན། དེས་སྐྱེད་པའི་འབྲས་བུ་དེ་དག་ལ་ཡང་རོ་དང་ནུས་པ་མི་འདྲ་བའི་ཁྱད་པར་མང་དུ་འབྱུང་གི་
ཡོད་པ་དཔེར་ན། རོ་མངར་བའི་སྨན་གྱི་རིགས་རྣམས་ནི། རྒྱུ་ས་ཆུ་ཤས་ཆེ་བ་ལས་སྐྱེས་པ་ལྟ་བུས་མཚོན་རྒྱུ་
འབྱུང་བ་ཤས་ཆེ་ཆུང་གི་ཁྱད་པར་ལས་རོའི་བྱེ་བྲག་མི་འདྲ་བ་ཕྲ་མོ་མང་དུ་འབྱུང་བ་ཡང་རྩ་བའི་རོ་མངར་སྐྱུར་ལན་ཚྭ་ཁ་ཚ་བསྐ་བ་དྲུག་པོ་གང་ཡང་རུང་བ་ཞིག་གི་ཁོངས་སུ་གཏོགས་པ་ལས་རོ་གཞན་མི་འབྱུང་བ་དེས་ན་ཟས་དང་སྨན་གྱི་རོ་མཐའ་དག་རྣམ་པ་དྲུག་ཏུ་ངེས་པ་དང་། རོ་དེ་དག་ལ་བརྟེན་པའི་སྨན་རྣམས་ལ་ཞུ་རྗེས་གསུམ་དང་། ནུས་པ་བརྒྱད།ཡོན་ཏན་བཅུ་བདུན། སྟོབས་གཉིས་དང་ལྡན་པ་ཞིག་ཡིན་པས་དེ་དག་
གིས་ནད་ཀྱི་མཚན་ཉིད་༢༠འཇོམས་པར་ནུས་པ་ཞིག་ཡིན། སྨན་གང་ཞིག་སྐབས་དོན་གསོ་བའི་ནད་དེ་ཞི་
ཞིང་། ནད་གཞན་ལ་གནོད་པ་མི་འབྱུང་བའི་ཆེད་དུ་རོ་བསྡེབས་ནུས་བསྡེབས་ཞུ་རྗེས་བསྡེབས་ཏེ་སྦྱར་ཞེས་ལོ་ངོ་སྟོང་ཕྲག་ལྷག་གི་གོང་ནས་ནད་རིགས་སོ་སོའི་གཉེན་པོར་དམིགས་པའི་སྨན་གྱི་སྦྱོར་བ་མང་པོ་ཞིག་
གཏན་ལ་ཕབ་པ་དེ་དག་དེང་གི་དུས་སུའང་། ཐང་ཕྱེ་དང་། རིལ་བུ། ལྡེ་གུ། སྨན་མར། ཐལ་སྨན། ཁཎྜ།
སྨན་ཆང་། རིན་པོ་ཆེའི་སྦྱོར་བ། སྔོ་སྦྱོར་སོགས་ཞི་སྦྱོང་སྨན་གྱི་སྦྱོར་བ་མང་པོ་ཞིག་ནད་ཐོག་ལག་ལེན་
དངོས་ལ་བེད་སྤྱོད་བྱེད་ཐུབ་པ་དང་ནུས་པ་ཐོན་བཞིན་པའི་རྩ་བའི་རྨང་གཞི་དེའི་ཐོག དེ་སྔའི་ལོ་རྒྱུས་ཐོག་བྱང་ཟུར་མཁས་པ་རྣམས་ནས་གཞུང་ལག་ལེན་དང་བཅས་པར་བྱི་དོར་དང་། ཁ་སྐོང་། གོང་འཕེལ་བཅས་
བཏང་བར་མ་ཟད། ནད་ཐོག་ལག་ལེན་ཁོ་ནའི་ཐོག་ནས་བཤད་ནའང་། དུས་རབས་༡༨པའི་སྨད་དང་དུས་རབས་༡༩པའི་ནང་ཚབས་ཆེ་བའི་གཉན་རིམས་རྣམ་པ་སྣ་ཚོགས་དང་། ཁྲག་རླུང་དང་འབམ་གྱི་ནད་རིགས་ཤིན་ཏུ་དར་ཁྱབ་ཆེ་བའི་སྐབས་སུ་ནད་དེ་དག་གི་རྒྱུ་རྐྱེན་དང་། ངོ་བོ། གཉེན་པོ་དང་བཅས་པ་ལ་ཞིབ་
འཇུག་ནན་ཏན་ས་ཐོག་སྨན་གྱི་སྦྱོར་བ་དང་བཅོས་ཐབས་མང་དུ་བགྱིས་ནས་གཉན་རིམས་དང་། འབམ་
གྱི་ནད་རིགས་བཅོས་པའི་ལོ་རྒྱུས་ཡོད་པ་ལྟ་བུས་མཚོན། མདོར་ན། དཔལ་ལྡན་རྒྱུད་ཀྱི་རྩ་འཛིན་གཞིར་
བཟུང་སྟེ་ཕྱི་ནང་གི་འབྱུང་བའི་འགྱུར་ལྡོག་ལ་རྒྱུན་ཆད་མེད་པར་ཞིབ་འཇུག་དང་། གསར་པའི་ཁ་སྣོན་
དང་བཅས་གོང་འཕེལ་གཏོང་གི་ཡོད་ལ། དེང་སྐབས་ཀྱང་གསོ་རིག་རྒྱུད་ཀྱི་དགོངས་དོན་ལུས་ཀྱི་གནས་
ལུགས་ཀྱི་འབྲེལ་བ་རྩ་ཡི་སྐོར་དང་ལུས་ཀྱི་འདྲ་དཔེ་སོགས་ལ་གོ་བ་ལེན་ཚད་སྔར་བས་གཏིང་ཟབ་ཏུ་ཕྱིན་
པ་དང་། ནད་ཐོག་རིག་པའི་ཐད་ལ་ཕོ་བ་རུབ་པའི་ནད་གཞི་དང་། མཁྲིས་པའི་རྡོ་སྐྲན། ཁྲག་རླུང་དང་
བརྒྱལ་གཟེར་གྱི་ནད་བཅས་ལ་ཞིབ་འཇུག་བྱས་ནས་སྨན་སྦྱོར་གསར་པས་བཅོས་ཐབས་ཀྱི་ནུས་པ་ཐོན་གྱི་
ཡོད་པ། སྨན་རྫས་རིག་པའི་ཐོག་ཕྲ་མེན་གྱི་རྡོ་དང་། ཁྱུང་སྐྱུགས་རིགས་ཀྱི་རྡོ། རྡོ་ཞོའི་མེ་ཏོག སྲོ་ལོ་དམར་
པོའི་རིགས་ཀྱི་ལྡུམ་བུ་ལ་སོགས་པའི་སྨན་རྫས་གསར་པ་ཁག་གཅིག་ལ་ངོས་འཛིན་དང་ནད་ཐོག་ལ་བེད་
སྤྱོད་ཐུབ་ཀྱི་ཡོད་པས་མཚོན་གསོ་བ་རིག་པའི་གཞུད་ལུགས་ཞིབ་འཇུག་དང་ཁ་གསབ་བྱས་ཏེ་ཚན་རིག་
དང་མཐུན་པའི་གོང་འཕེལ་གཏོང་བཞིན་ཡོད་ལ་འབྱུང་འགྱུར་ཡང་གསོ་རིག་གི་ནོར་བུའི་བང་མཛོད་ཆེན་པོ་སྤྱད་རྣ་རྫོགས་མཐའ་མེད་པ་འདི་ཉིད་མུ་མཐུད་རྒྱུན་ཆད་མེད་པར་སྔོག།འདོན་དང་། ཞིབ་འཇུག གོང་
འཕེལ་གཏོང་དགོས་པ་ཞིག་ཡིན།
དེ་ལྟར་གང་གི་དོན་དུ་གསོ་བའམ་གསོ་བའི་གཞི་འགྲོ་བ་རྣམས་ཀྱི་ལུས་འདི་ནི་འབྱུང་བ་བཞི་ལས་གྲུབ་པ་ཞིག་ཡིན་པ་དང་།གསོ་བར་བྱ་བའི་ནད་རླུང་མཁྲིས་བད་ཀན་གསུམ་ནི་ནང་གི་འབྱུང་བ་ཡིན་ལ།
གང་གསོ་བར་བྱེད་པའི་གཉེན་པོའེ་སྨན་ཡང་འབྱུང་བ་བཞི་ལས་སྐྱེས་ཤིང་འབྱུང་བ་བཞིའི་རང་བཞིན་ཡིན་པས་ན་ལུསདང་། ནད། གཉེན་པོ་དང་བཅས་པ་འབྱུང་བ་བཞིའི་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བ་ཞིག་
ཡིན། དེ་བས་ན་འབྱུང་བ་དེ་དག་ཕན་ཚུན་སྐབས་སུ་གནོད་བྱ་གནོད་བྱེད་དུ་གྱུར་ནས་ལུས་ལ་བརྟེན་ནས་
ནད་འབྱུང་རྒྱུ་ཡོད་པ་དང་། ནད་བྱུང་བ་དེ་གཉེན་པོ་སྨན་ལ་བརྟེན་ནས་ཞི་བར་བྱེད་རྒྱུ་ཡོད་པ། ནད་ཞི་
ནས་ནད་མེད་བདེ་བར་གནས་རྒྱུ་ཡོད་པ་བཅས་ཚང་མ་འབྱུང་བཞིའི་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་
བའི་རྒྱུ་མཚན་དང་རྟེན་དང་བརྟེན་པའི་འབྲེལ་བ་ལས་བྱུང་བ་ཤ་སྟག་ཡིན། །
ཞེས་ཁྲོ་རུ་ཚེ་རྣམ་འབོད་པས་སྤྱི་ལོ་༡༩༨༨ལོར་བྲིས་པའོ། །
བསམ་ཚུལ་འབྲི།
