སྡེ་དགེ་ཚེས་བཅུ་སྒྲོལ་མ་ལ་ཨ་རིའི་གཟེངས་རྟགས་ཐོབ་པ།
སྡེ་དགེ་ཚེས་བཅུ་སྒྲོལ་མ་ལ་ཨ་རིའི་གཞོན་སྐྱེས་བྱས་རྗེས་ཅན་གྱི་གཟེངས་རྟགས་ཐོབ་པ། ཡོང་ཁུངས། སྡེ་དགེ་དྲ་བ།
འདི་ལོར་བོད་པའི་བུ་མོ་ཞིག་ལ་ཨ་རིའི་གཞོན་སྐྱེས་བྱས་རྗེས་ཅན་གྱི་གཟེངས་རྟགས་ཐོབ་དེ་ཡོད་པ་རེད། དེའང་ཨ་རི་ཁེ་ལི་ཧྥོ་ནི་ཡ་མངའ་སྡེར་རྟེན་གཞིར་བྱས་པའི་གཞུང་འབྲེལ་མིན་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཤིག་ནས་ལོ་ལྟར་ལོ་ན་ ༡༣ ནས་ ༢༢ བར་གྱི་ཨ་རིའི་གཞོན་སྐྱེས་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་དང་། མ་འོངས་འགོ་ཁྲིད་ཀྱི་དམིགས་ས་ཅན་ ༦ རེ་ལ་ Brower གཞོན་ནུའི་གཟེངས་རྟགས་ཞེས་པ་དེ་འབུལ་བཞིན་ཡོད་པ་ལྟར། འདི་ལོའི་གཟེངས་རྟགས་ཐོབ་མཁན་གཞོན་སྐྱེས་ ༦ གི་ནང་ན་རང་ལོ་ ༢༡ ཡིན་པའི་བོད་པའི་བུ་མོ་སྡེ་དགེ་ཚེས་བཅུ་སྒྲོལ་མ་ལགས་ཚུད་ཡོད་འདུག ཁོ་མོ་ནི་བལ་ཡུལ་དུ་སྐྱེས་ཤིང་། ཕ་ཡུལ་སྡེ་དགེ་ཡིད་ལྷུང་ནས་ཡིན་འདུག་ལ། ལོ་ངོ་༡༠ ཐོག་ཕ་རྒན་བསོད་ནམས་ཆོས་དར་སོགས་ནང་མིའི་ལྷན་དུ་ཨ་རིར་ཕེབས་ཡོད་འདུག ད་ལྟ་ཆར་ཨ་རིའི་གྲགས་ཅན་སློབ་གྲྭ་ཆེན་མོ་ Columbia ནང་དུ་སློབ་སྦྱོང་བྱེད་ཀྱིན་ཡོད་པ་རེད། Columbia ཀོ་ལོང་བྷི་ཡའི་སློབ་དཔོན་བྷན་ཨོ་ལོ་ཝིས། ཚེས་བཅུས་ས་གནས་ཡུལ་མིའི་འཚོ་རྟེན་གྱི་དཀའ་ངལ་སེལ་ཐབས་ཀྱི་ལས་ཀ་འདི་ཕུལ་དུ་བྱུང་པ་ཞིག་བྱུང་ཡོད་ཅེས་བསྔགས་བརྗོད་གནང་ཡོད་པ་རེད། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་དེས་གཟེངས་སུ་ཐོན་པའི་གཞོན་སྐྱེས་བྱས་རྗེས་ཅན་གྱི་གཟེངས་རྟགས་དེ་ཁོ་མོར་འབུལ་དགོས་དོན་ནི། གློ་ཡུལ་ས་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཡུལ་མའི་འཚོ་རྟེན་ལ་རོགས་སྐྱོར་སྤེལ་བའི་བྱས་རྗེས་ལ་གཟེངས་བསྟོད་དང་བསྐུལ་ལྕག་མཚོན་ཐབས་ཡིན་འདུག་ལ། ད་དུང་ཚོགས་པ་འདིས་ཁོ་མོའི་ལས་གཞི་འདིར་ཚོགས་པའི་ལས་གཞི་ ༦༤ ནང་དུ་བརྩིས་ནས་མུ་མཐུད་རོགས་སྐྱོར་བྱ་རྒྱུ་དང་། དེ་མིན་ཁོང་གིས་བོད་པ་དང་། ཤར་པ། གློ་བ་སོགས་ལ་དམིགས་པའི་དགེ་རྩ་ཚོགས་པ་ཞིག་གཉེར་རྒྱུ་དེ་ལའང་ལམ་སྟོན་དང་རོགས་རམ་བྱ་རྒྱུའི་བྱས་ཡོད་པ་རེད།
ལས་གཞི་དེ་དག་དང་འབྲེལ་བའི་ཨེ་ཤའི་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲི་ཞིག་ལ་ཁོ་མོས་གསུང་དོན། ཐོག་མ་ང་རང་གི་ཕ་ཡུལ་ཁམས་ཕྱོགས་ལ་ཕྱིན་ནས་ལས་ཀ་བྱ་དགོས་བསམ་བྱུང་། འོན་ཀྱང་རྒྱ་ནག་གཞུང་ཚབ་ཀྱིས་གོ་སྐབས་སྤྲད་མ་སོང་། དེ་ནས་ང་རང་གི་ཨ་ཕ་དང་། ཨ་ཁུ་རྣམས་སྔོན་མ་ཆུ་བཞི་སྒང་དྲུག་གི་དམག་འཐབ་སྐབས། བལ་ཡུལ་གློ་སྨོན་ཐང་༼མུ་སུ་ཐང་༽དུ་ལོ་མང་པོའི་རིང་བསྡད་པ་རེད་ལ། ས་ཆ་འདི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ནང་ནས་ཀྱང་འབྲེལ་བ་ཆེན་པོ་ཆགས་བསྡད་ཡོད་པ་རེད། དེར་གོ་སྐབས་ཤིག་ཀྱང་རག་སོང་པས་ས་གནས་དེར་ཁོར་ཡུག་དང་འབྲེལ་བའི་རོགས་པ་ཞུས་པ་ཡིན། དེའི་ཕྱོགས་ལ་དཀའ་ངལ་མང་པོ་ཞིག་ཡོད་པའི་ནང་ནས་དཔེར་མཚོན་ཞིག་ཞུས་ན། དེང་སང་ས་གནས་དེར་གནམ་གཤིས་འགྱུར་ལྡོག་ཕྱིན་ཏེ་ཐན་པ་ཤར་བ་དང་། ཆུ་ལོག་རྒྱུག་པ་སོགས་ཀྱི་དཀའ་ངལ་འོག་སྟོན་ཐོག་ཡག་པོ་མི་རག་པ་སོགས་ཀྱིས། ཡུལ་མི་རྣམས་ས་གནས་གཞན་དུ་གནས་སྤོ་འགྲོ་དགོས་པ་སོགས་ཀྱི་དཀའ་ངལ་འདུག་ལ། དེར་ད་ལྟ་རྒན་རྒོན་དང་བྱིས་པ་རྣམས་མ་གཏོགས་གཞོན་སྐྱེས་རྣམས་གྲོང་ཁྱེར་སོགས་སུ་སོང་ནས་ས་གནས་འདིར་འཚོ་སྡོད་ཐུབ་ཀྱིན་མི་འདུག་པས། ངས་ཡུལ་མི་དང་། ད་དུང་བལ་ཡུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་དང་འབྲེལ་བ་བྱས་ཏེ། ས་གནས་འདིར་དྲོད་ཁང་གསར་རྒྱག་བྱས་ཏེ། དེར་ཞོ་ཁོག་སོགས་སྔོ་ཚལ་རིགས་མང་པོ་ཞིག་འདེབས་ལས་བྱས་པ་དང་། ཀུ་ཤུའི་ཤིང་སྡོང་ ༡༥༠༠ འདེབས་འཛུགས་བྱས་པ་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད། དེ་མིན་རྒྱུན་དུ་མང་ཚོགས་ལ་འཕྲོད་བསྟེན་དང་། ཁོར་སྲུང་སྐྱོབ་སྐོར་གྱི་གོ་རྟོགས་སྤེལ་བ་སོགས་ཁོང་ཚོའི་འཚོ་བ་ཡར་རྒྱས་འགྲོ་བར་རོགས་པ་བྱེད་ཀྱིན་ཡོད་ཅེས་པ་སོགས་ཞིབ་གསལ་འགྲེལ་བརྗོད་བྱས་ཡོད་པ་རེད།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།